ཀླུ་ཚང་བྱམས་པ་ཚེ་རིང་གི་མུ་འབྲེལ་སྒྲུང་འབྲིང་དང་སྒྲུང་ཐུང་འོས་སྦྱོར།

རྩོམ་པ་པོ།:ཀླུ་ཚང་བྱམས་པ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-25 11:05:00 ཀློག་གྲངས།:
                                                                  བཞི།
        གྲོང་ཁྱེར་འདི་ནས་ནམ་རྒྱུན་མཐོང་དཀོན་པ་ནི་ཉི་འོད་རེད། དེ་བས་ན་ཉི་འོད་ནི་ནམ་རྒྱུན་གྲོང་ཁྱེར་འདིའི་མི་རྣམས་ཀྱི་རེ་སྒུག་བྱ་ཡུལ་ཞིག་ཏུ་གྱུར་ཡོད། དེ་རིང་ནམ་མཁའ་གཡའ་དག་ཅིང་ཉི་མའི་འོད་སྣང་དེ་ཡང་སུ་ཞིག་གི་བྱམས་བརྩེའི་ཁེངས་པའི་ལག་ཟུང་དང་འདྲ་བར་ཡུན་རིང་འོད་ཀྱིས་མ་རེག་པའི་གྲོང་ཁྱེར་འདིའི་ཕང་བ་རུ་འཁྱུད་འདུག
        ཁོ་མོ་ཡང་ཉི་མར་ལྡེ་རྒྱུར་ཧ་ཅང་དགའ། ཁོ་མོས་ནམ་རྒྱུན་གྲོང་ཁྱེར་འདི་ནས་ཉི་འོད་མ་མཐོང་ཚེ། རང་གི་ཕ་ཡུལ་གྱི་ནམ་མཁའ་དང་ཉི་འོད། ཁ་བ་དང་མཁའ་དབུགས་དེ་དག་དྲན་ངེས། ཁོ་མོ་སློབ་རའི་མཚེའུ་ཆུང་ཆུང་དེའི་འགྲམ་ངོགས་སུ་འགྲེང་ནས་སྡོད་པའི་དུས་དེར། བསེར་རླུང་ཞིག་གིས་འགྲམ་གྱི་རྡོ་གཅལ་སྟེང་ལྷུང་ཡོད་པའི་འདབ་ལོ་སེར་བོ་དེ་ཆུ་ཁར་དེད་ཅིང་། མཚེའུའི་ངོས་སུ་རླབས་ཀྱི་གཉེར་རིས་དུ་མ་གཅིག་འཕྲོར་གཅིག་གིས་མཐུད་དེ་བརྩེགས་འོང་ལ། རླབས་རིས་དེ་དང་བསྡོངས་ནས་འདབ་ལོ་སེར་བོ་དེ་ཡང་མཚེའུའི་ངོས་སུ་གཡེང་ཙམ་གཡེང་ཙམ་བྱས་ནས་དལ་གྱིས་འཁོར་ཞིང་གདའ། ཁོ་མོས་རང་ཉིད་ཀྱི་ལས་དབང་དེ་ཆུ་ཁར་གཡེང་བའི་འདབ་ལོ་དེ་དང་ཅི་འདྲའི་མཚུངས་ཨང་སྙམ། སྐབས་དེར་ཁོ་མོའི་མིག་མཐའ་ལ་འོད་སྣང་ཞིག་འཁྱིལ་བྱུང་། ད་དུང་ཉི་འོད་ཀྱི་འོག་ཏུ་ཁོ་མོའི་གྲིབ་གཟུགས་ཀྱང་མཚེའུའི་ངོས་སུ་འཕོས་འདུག་ལ། བསེར་རླུང་གིས་དལ་གྱིས་སྒུལ་བའི་རླབས་རིས་དེ་དང་འགྲོགས་ནས་ཁོ་མོའི་གྲིབ་གཟུགས་དེ་ཡང་མཚེའུའི་ངོགས་སུ་འགུལ་ཙམ་འགུལ་ཙམ་བྱེད། ཡོམ་ཡོམ་འགུལ་བའི་རླབས་རིས་དེ་ནི་ཁོ་མོའི་ཡིད་ཀྱི་གཏིང་དུ་རྣག་པའི་སྡུག་བསྔལ་དང་འདྲ་བར་ནམ་ཡང་འཇགས་ཐབས་མེད་པ་དེའོ།། དེ་ལྟར་སེམས་བཞིན་མིག་ཀོང་གི་འོད་སྣང་དེ་ཡང་གཞི་ནས་ཆུ་ངོས་སུ་ཟགས་སོང་། གྲིབ་གཟུགས་དེ་སླར་ཡང་སྒུལ་ཙམ་བྱས་ཤིང་། དེའི་མུར་རླབས་ཀྱི་གཉེར་རིས་ཤིག་ནང་རིམ་ནས་ཕྱི་རིམ་དུ་སྒོར་དབྱིབས་དུ་མ་བརྩེགས་ཡོད་པ་དང་མཚུངས་བར་རིམ་པ་མང་པོར་གྱེས་སོང་།
        ད་ནི་དགུན་གནང་གཏང་བར་ཡང་ཉིན་གསུམ་ལས་མི་འདུག་སྟེ། གཞེས་ཉིན་མེ་འཁོར་ལ་བསྡད་དེ་ཕ་ཡུལ་ལ་ལོག་དགོས་པ་རེད། དེ་ལྟར་སེམས་བཞིན་ཁོ་མོའི་སྐྱ་མདོག་གི་ངོ་མདངས་དེ་ལའང་དགའ་སྣང་གི་དམར་མདངས་ཅུང་ཟད་མངོན་ཡོང་ཞིང་ཆ་ག་མེད་པའི་མིག་ཟུང་དེ་ལའང་རེ་བ་ཡི་འོད་སྣང་ཞིག་གིས་ཁེངས་ཡོད་པའི་བག་ཆགས་སྟེར།
        ཉི་འོད་སྔར་བཞིན་དྲོད་ཅིང་འཇམ། བསིལ་རླུང་ཞིག་ཀྱང་དལ་གྱིས་ལྡང་གིན་མཆིས། ཁོ་མོ་ཡང་མཚེའུའི་འགྲམ་ངོགས་དང་གྱེས་ཏེ་ཕྱིར་མལ་ཁང་དུ་ལོག་ནས་དངོས་པོ་དང་དཔེ་ཆ་སོགས་བསྡུ་གསོག་བྱས་ཏེ་ཡུལ་ལ་ལོག་པར་གྲ་སྒྲིག་བྱས། དེ་ལྟར་ཁོ་མོ་ཡུལ་ལ་མྱུར་ཏུ་ལོག་པར་འདོད་པའི་བྲེལ་ཤ་དེའི་ཁྲོད་ནས་ཉིན་གསུམ་གྱི་དུས་ཚོད་དེ་ཡང་སུ་ཞིག་གིས་བསམ་གཟས་ནས་ཕྱིར་འཐེན་བྱེད་བཞིན་ཡོད་པ་དང་མཚུངས་བར་འཁོར་བསྐྱོད་ཀྱི་འགྲོས་ཀྱང་ཤིན་ཏུ་དལ་བར་སེམས། ཡིན་ན་ཡང་……
        2013ལོའི་ཟླ1པོའི་ཚེས10ཉིན་གྱི་ས་སྲོད་དེར། ཁོ་མོ་ཁྲི་འདུ་གྲོང་ཁྱེར་ནས་མེ་འཁོར་ལ་བསྡད་དེ་ལམ་ལ་ཆས། ད་ལྟ་འཁོར་སྒམ་འདིའི་ནང་དུ་ཁོ་མོའི་ཁ་གཏད་དང་གཡས་གཡོན་གང་རུང་ན་ཙོག་ཡོད་པ་ནི་དེ་སྔའི་ཨ་ཡེ་བགྲེས་མོ་དེ་དང་། ད་དུང་ཆ་མེད་རྒྱུས་མེད་ཀྱི་མི་དེ་དག་མ་ཡིན་པར། ཚང་མ་དགུན་གནང་བཏང་ནས་ཕྱིར་ཕ་ཡུལ་ལ་ལོག་པའི་ཁོ་མོའི་སློབ་གྲོགས་ཏག་ཏག་རེད། དེ་བས་ན་ལམ་བར་དུ་སུན་སྣང་སྐྱེས་ཁོམ་ཡང་མ་བྱུང་བ་འདྲ་སྟེ། མིག་རྡེབ་དབང་ཙམ་གྱིས་གནའ་མཁར་ཟི་ལིང་དུ་འབྱོར་བའི་སྣང་བ་ཞིག་སྐྱེས་འོང་།
        ལྷོ་རིའི་ཕར་རྒྱབ་ཀྱི་མཁའ་མཐའ་དེ་ན་ངལ་བས་མ་བཟོད་པར་དལ་གྱིས་རི་བོའི་ཕྲག་ལ་བསྔས་པར་རྩོམ་བཞིན་ཡོད་པ་ལྟ་བུའི་སྤྲིན་དཀར་གྱི་ཚོམ་བུ་ཞིག་ཡོད་པ་མ་གཏོགས། ནམ་མཁའ་སྔོ་ཞིང་བསངས་ལ་གཡའ་དག་པ་ཞིག་རེད། དགུན་ཁའི་གྲང་རླུང་གིས་བསྟུད་མར་གྲང་འདར་སློང་ཡང་མཐོ་སྒང་གི་མཁའ་དབུགས་དེ་ངོ་མ་བསིལ་ཅིང་འཇམ་པ་ཞིག་རེད། ཁོ་ཚོས་དེ་ལྟར་ལམ་འགྲམ་ནས་རླངས་འཁོར་ས་ཚིགས་ལ་འགྲོ་བའི་གླ་གཏོང་རླངས་འཁོར་ཞིག་ལ་སྒུག་སྡོད་དུས། ཁོ་མོའི་དྲན་འཛིན་གྱི་སྣང་ངོར་སློབ་གྲོགས་རྟ་མགྲིན་ཡང་ཡང་ཤར་འོངས། ཡིན་ན་ཡང་རེབ་འདིར་ཁོར་མཐོང་རྒྱུ་མ་བྱུང་།
        ཁོ་ཚོ་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་ནས་རླངས་འཁོར་འབབ་ཚིགས་སུ་ཐོན་རྗེས། ཕན་ཚུན་ལ་གྱེས་བརྡ་གཏོང་བཞིན་རང་རང་གི་ཕ་ཡུལ་ལ་ལོག་པའི་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་ནས་ལམ་ལ་ཆས།
        སྣུམ་ཡུག་གེར་འདུག་པའི་གཞུང་ལམ་དེ་སྐུད་པ་ནག་པོ་ཞིག་དང་འདྲ་བར་མིག་གིས་ཟིན་ཚད་ཀྱི་རི་བོ་དེའི་ངོས་སུ་ཕར་དཀྱོགས་ཚུར་དཀྱོགས་ཀྱིས་མདའ་མོའི་ལྟོང་དང་འདྲ་བའི་ཉག་ཁ་དེར་འཐེན་འདུག སྐབས་དེར་ཁོ་མོའི་སེམས་ལ་འཇིག་རྟེན་འདིར་ཆེས་རིང་བ་དེ་ལམ་ཡིན་པའི་གནས་ལུགས་དེ་ལ་ཡང་ངེས་ཤེས་རེ་བསྐྱེད་འོང་བ་རེད། མཚམས་མཚམས་སུ་ལམ་འགྲམ་དུ་དུད་ཚང་རེ་མཐོང་འོང་ལ། དེ་དག་གི་ཉེ་འཁོར་ན་ལུག་ཁྱུ་རེ་འགའ་མ་གཏོགས་གཞན་ཅི་ཡང་མཐོང་རྒྱུ་མི་འདུག ལམ་བར་དུ་རླངས་འཁོར་ཆུང་ངུ་དག་བྱ་འཕུར་བ་ལྟར་ཕར་བཞུད་འགྲོ་བ་བཞིན་ཚུར་འོང་བ་ཡང་དེ་ལྟར་མང་།
        འཕྲིན་ཡིག་དེ་དོན་གྲུབ་ཀྱི་ལག་ཏུ་འབྱོར་ཡོད་དམ། ཁོ་མོས་སླར་ཡང་དེ་ལྟར་སེམས་བཞིན་རླངས་འཁོར་ཀྱི་སྒེའུ་ཁུང་ལས་སྐེ་བསྲིངས་ཏེ་མདུན་ཕྱོགས་སུ་བལྟ་བཞིན་ལམ་སང་ཡུལ་ལ་ཐོན་པར་རེ་སྒུག་བྱེད་ཀྱིན་བདོག
        རླངས་པ་དཀར་པོ་ཞིག་ལྷོག་ལྷོག་ཏུ་འཕྱུར་བ་ལྟ་བུའི་ཆུ་འཛིན་ཕང་ཕུང་དེས་ཉི་མའི་འོད་སྣང་ཕྱེད་ཙམ་ཡོལ་བས་བསྒྲིབས་པ་ལྟར་གྱུར་ཅིང་། དེའི་མུར་གྲིབ་ཡོར་ཞིག་ཀྱང་ས་ལ་འཕོས་པས་མདུན་ཕྱོགས་ཀྱི་རི་ཚོགས་དེ་ཡང་ནག་ཡོ་རེར་གྱུར་སོང་། བལྟས་ཚོད་ཀྱིས་དེ་དག་ནི་བེར་ནག་གྱོན་ཞིང་སྔགས་རལ་སྤྱི་བོར་འཆིང་ཡོད་པའི་སྔགས་རྒན་ཏག་ཏག་དང་འདྲ་བར་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་བཅོས་ཏེ་སྨྲ་བ་བཅད་ཅིང་མིག་ཟུང་ཙུམ་ནས་སྒམ་བརླིང་གིས་སྔགས་ཟློས་བྱེད་པ་དང་འདྲ། དེ་ནས་མདུན་ཕྱོགས་སུ་ཡུད་ཙམ་ཞིག་ལ་སོང་ནས་ཕྱིར་རི་ཚོགས་དེ་ལ་ལྟ་དུས། དེའི་མདུན་དུ་གཅིག་ཐོག་གཅིག་གིས་མནན་ཏེ་གྱེན་ལ་དྲག་ཏུ་གཟེང་ཡོད་པའི་རྔམ་བརྗིད་ཀྱི་རི་བྲག་དེ་དག་ནི་སེང་གེ་ཁྱུ་ཞིག་ཀག་གིས་གནམ་ལ་མཆོངས་སྟེ་གཡུ་རལ་གསིག་ཅིང་སྤར་ཁྱིམ་བགྲད་ཡོད་པ་དང་ཡང་མཚུངས།
        ཁོ་མོ་ཡུལ་ལ་ཐོན་དུས། ས་ཡོངས་སུ་རུབ་འདུག ལུང་བའི་ཕུ་དང་མདའ་གང་རུང་ན་ཐ་རེ་ཐོར་རེར་ཡོད་པའི་དུད་ཁྱིམ་རེ་རེའི་སྒེའུ་ཁུང་ལས་གློག་འོད་མ་གེ་མོག་གེ་རེ་མངོན་ཡོང་ལ། ཐག་ཤིན་ཏུ་རིང་བའི་རི་ལྡེབས་དེ་ན་ཀྱ་གེ་ཀྱོག་གེར་ཡོད་པའི་གཞུང་ལམ་སྟེང་ནས་རླངས་འཁོར་ཕར་བགྲོད་ཚུར་བགྲོད་ཀྱི་གློག་འོད་དེ་དག་ཀྱང་ལན་རེར་གསལ་ལ་སྐབས་རེར་མི་མངོན་པར་འགྱུར། མགོ་ཐོག་གི་ནམ་མཁའ་འདི་སུ་ཞིག་གིས་དབང་དུ་བསྒྱུར་བ་ནང་བཞིན་ཚེས་རིས་དང་སྐར་ཚོགས་ཀྱང་ཡེ་ནས་མཐོང་རྒྱུ་མི་འདུག དོན་གྲུབ་ཀྱིས་ང་རང་ཕ་ཡུལ་དུ་ལོག་ཡོད་པ་རྟོགས་སྲིད་དམ། ཁོ་མོས་དེ་ལྟར་སེམས།
        ཡིན་ན་ཡང་། ཁོ་མོས་སྨག་ནག་གི་མཚན་ངོགས་འདིར་དོན་གྲུབ་ཀྱིས་འཛུམ་མདངས་བསྣམས་ཏེ་དྲོད་ཁོལ་འཁྱིལ་བའི་ལག་པས་ཁོ་མོའི་རུམ་ཁ་ལྷོད་དལ་གྱིས་ཕྱེ་སྟེ་དྲན་གདུང་གི་སྙིང་གཏམ་གང་ཞིག་བརྩེ་བས་འཆད་ཨེ་ཡོང་ལ་ངང་སྒུག་བགྱིད།
        དེ་ལྟར་ཡོད་ཚད་དབེན་ཐིང་ཐིང་ཞིག་ཏུ་གྱུར་སོང་།
        ཉིན་འགའི་རྗེས་ཀྱི་ཕྱི་དྲོ་ཞིག་ལ། དོན་གྲུབ་བྲག་རྒན་སེར་ལྡང་གི་བྲག་ཐོ་དེའི་གོང་ནས་འུག་པ་བཞིན་སྒོང་སྒོང་བྱས་ཏེ་སྐབས་སྐབས་སུ་ལུང་མཐིལ་གྱི་ལུག་ཁྱུ་ལ་མིག་འཚོ་བྱེད་ཅིང་། མཚམས་མཚམས་སུ་རྒྱང་རིང་གི་རི་བོའི་མགུལ་ནས་ཕར་བགྲོད་ཚུར་འོང་རྒྱུན་ཆད་ཀྱིན་མེད་པའི་རླངས་འཁོར་དེ་དག་ལ་རྒྱང་ལྟ་བྱེད། ཁོས་དེ་ལྟར་པད་སྐྱིད་ལ་རེ་སྒུག་བྱེད་ཀྱིན་ཡོད་པ་འདྲ། སྐབས་དེར་མཁས་གྲུབ་ཀྱིས་དབུགས་ཧལ་ཧལ་གཏོང་བཞིན་ཁོའི་གམ་དུ་ཐོན་བྱུང་།
        “ཅི་རེད། ཡང་ལྷ་མཚོ་བྲོས་མོར་བུད་སོང་བ་ཨེ་རེད།”
        “མ་རེད ཁྱོད་ཀྱི་དགའ་མ་ཐོན་འདུག ”ཟེར།
        “ཅི་ཟེར།” དོན་གྲུབ་རང་ཉིད་ཀྱི་རྣ་བར་ཡིད་མ་ཆེས་པ་ལྟར་དེ་ལྟར་ལྡོག་འདྲི་ཞིག་བྱས།
        “ཁྱོད་ཀྱི་དགའ་མ་ཐོན་འདུག བརྗེད་སོང་བ་ཡིན་ནམ། ཧི་ཧི”
        མཁས་གྲུབ་ཀྱིས་ལན་རེར་ཀུ་རེ་རྩེ་ངེས་པས། དོན་གྲུབ་ཀྱིས་ཀྱང་དེའི་མུར་ཁོའི་ཚིག་མཚམས་བཅད་ནས་ལྷུག་ལྷུག་དགོད་བཞིན་དུ་“ཁྱོད་ཀྱིས་གླེན་བཤད་མ་བྱེད་”ཟེར་བ་དང་། ཕུར་སྣེའི་ས་རྡུལ་དག་སྤྲུགས་ཙམ་བྱེད་ཞོར་ཡར་ལངས།
        སྐབས་དེར་ཉི་འོད་ཀྱང་ནུབ་ཕྱོགས་ཀྱི་རི་རྩེ་མཐོན་པོ་དེའི་སྟེང་ན་འོད་ལམ་ལམ་བྱེད་མོད། ལུང་མཐིལ་ཀུན་གྲིབ་སོས་གཡོགས་འདུག ཁོང་གཉིས་བསྡད་ཡོད་པའི་བྲག་ཐོ་དེའི་སྟེང་ལ་ཉག་ཁ་བརྟོལ་ནས་འཕོས་ཡོང་བའི་ཉི་འོད་ཀྱི་ཟེར་མ་ཞིག་མདངས་ཀྱིས་འཁྱུད་འདུག དོན་གྲུབ་ཡར་འགྲེང་བ་ན་ཉི་འོད་དེ་ཁོའི་ལུས་ཐོག་ཏུ་ཕོག་པ་དང་། ཁོའི་གྲིབ་གཟུགས་ཀྱང་ཕ་གིའི་རི་ལྡེབས་སུ་འཕོས་བྱུང་།
        མཁས་གྲུབ་ཡར་ལངས་ཞོར“ངོ་མ་ཡིན། གལ་ཏེ་ཁྱོད་ཀྱིས་ཉན་འདོད་མེད་ན། ངས་ཀྱང་བཤད་དགོས་དོན་མི་འདུག ”ཟེར། དེར་མཐུད་ནས་འཛུམ་ཙམ་བྱེད་ཞོར“ ཉི་མ་ཡང་སྔ་རྒྱུ་མི་འདུག ང་ཕྱིར་འགྲོ་རྒྱུ་ཡིན།” དེ་ལྟར་བསྙད་བཞིན་འགྲོ་གྲབས་བྱས།
        དེ་རིང་ཁོའི་གདོང་ན་ཀུ་རེ་རྩེ་བའི་ཉམས་སྣང་ཞིག་ཀྱང་གཏན་ནས་མི་འདུག་པས། དོན་གྲུབ་ཀྱིས་“ངོ་མ་ཡིན་ནམ། ”ཞེས་དོགས་འདྲི་ཞིག་བྱས།
        “བདེན་པར་མི་རློམ་ན། བསྐྱུར་ཞོག” ཟེར། མཁས་གྲུབ་ཀྱི་སློག་ཧྲུལ་གྱི་འདབས་ཁའི་ཁ་ཆུན་ནག་པོ་དེ་ཡང་རལ་ནས་ཟེད་ཟེད་དུ་འདུག་ལ། སྐབས་དེར་བསེར་རླུང་ཞིག་གིས་གཅེས་ལངས་བྱེད་པ་བཞིན་དེ་དག་སྒུལ་ཙམ་སྒུལ་ཙམ་བྱེད།
        དོན་གྲུབ་ཀྱི་ཚུགས་ཀར་བལྟས་ནས་དགོད་ཙམ་བྱས་རྗེས“ ཅི་རེད། དོན་བཟང་ཞིག་རེད་དམ།”
        “ཁྱོད་ལ་མཚོན་ན་ཅི་ལ་མིན་ཨང་། པད་སྐྱིད་ཕྱིར་ཡུལ་ལ་ཐོན་འདུག ལྷ་མཚོས་དེ་ལྟར་ཟེར། ང་འགྲོ་རྒྱུ་ཡིན། ”མཁས་གྲུབ་ཀྱིས་དེ་ལྟར་ལབ་བཞིན་བུད་སོང་།
        “……”
        ཐེབས་ཅིག་ལ་ཁོ་རང་ཁ་གྲགས་རྒྱུ་མེད་པར་དེ་ལྟར་ལུས་སོང་། ལུག་ཁྱུ་ནས་མཐོ་དམའ་མི་སྙོམས་པའི་འབའ་སྐད་རིང་ཐུང་འགའ་གཞི་གཅིག་ཏུ་བསྡེབས་ནས་བསྟུད་མར་གྲགས་ཡོང་། ཁོས་དེ་ལྟར་མཁས་གྲུབ་བྲག་རྒན་སེར་ལྡང་གི་ཕྲག་གོང་ནས་ཡལ་རག་བར་མིག་སྐྱེལ་བྱས།
        “ཨེ་བདེན་ནམ” དེ་ལྟར་དོན་གྲུབ་ཀྱིས་རང་ཉིད་ལ་ལྡོག་འདྲི་ཞིག་བྱེད་དགོས་བྱུང་སོང་། ཁོའི་མིག་ཟུང་དེའི་ཤུགས་ན་ཐེ་ཚོམ་དང་སོམ་ཉིའི་རྣམ་པ་ཞིག་རང་བཞིན་གྱིས་བསྐུངས་འདུག
        འོད་ལམ་ལམ་གྱི་ཉི་འོད་དེ་ཡང་གཞི་ནས་བྲག་ཐོ་དེར་གཡོལ་བ་བཞིན་ཐད་ཀར་ཕར་ཕྱོགས་ཀྱི་རི་བོ་དེ་དག་གི་རྩེ་མོར་འཁྱུད་འདུག སྐབས་དེར་ཁོས་གནག་ཅིང་སྟུག་པོའི་སྨིན་དབྲག་གི་མཚམས་སུ་བསམ་གཞིག་གི་གཉེར་རིས་མང་བོ་ཞིག་ལྷན་དུ་མདུད་པ་དང་མཐུད་ནས་ཐོག་མར་མཐེ་བོང་ནང་དུ་བཀུག་པ་དང་། དེ་ནས་གོང་མཛུབ། དཀྱིལ་མཛུབ། རིམ་བཞིན་སྲིན་མཛུབ་ནང་དུ་བཀུག་རྗེས་“ཕལ་ཆེར་ཡིན་པ་འདྲ། ……”དེ་ལྟར་ཁེར་ལབ་ཅིག་བྱེད་ཞོར་དེ་གར་འགྲེང་ནས་སྡོད་ཅིང་། ཡུད་ཙམ་འགོར་མཐར་ཁོ་རང་གཞི་ནས་གདོང་ཁ་བརྒྱུད་དེ་མར་བབས།
        རིམ་བཞིན་མུན་རུབ་སོང་།
        མུན་ཁྲོད་དུ། “དགོང་ཕྱི་དྲོའི་ས་རྩ་རུབ་དུས ……” ཞེས་པའི་གླུ་སྐད་ཆད་མ་མཐུད་ཅིག་ཁང་མིག་དེ་ལས་ཡུན་གྱིས་ཕྱི་རོལ་ཏུ་ཁྱབ་སོང་།
        ཏག་ཏག་ཉིན་ལྔ་ལྷག་འདས་སོང་། མཚན་མོ་དེར་ཁོ་རང་ལུང་ཁོག་དེ་ནས་ལམ་ལ་ཆས་ཏེ་པད་སྐྱིད་ཀྱི་ཕྱོགས་སུ་བསྐྱོད་མགོ་བརྩམས།
        དོ་ནུབ། ཟླ་བ་མཐོང་རྒྱུ་མི་འདུག་མོད། སྐར་མ་ཐར་ཐོར་ཞིག་གིས་སུ་ཞིག་ལ་སྐེ་སོ་བྱེད་པ་བཞིན་བྱང་ཤར་གྱི་མཁའ་མཐའི་མཚམས་སུ་ལྷེམ་ལྷེམ་འཚེར་བཞིན་འདུག
        ཡུན་རིང་བོ་ཞིག་ལ་སོང་མཐར་བྱང་ཤར་གྱི་མཁའ་མཐའ་ན་འཚེར་བའི་སྐར་མ་དེ་དག་ཀྱང་སྤྲིན་གསེབ་ཏུ་ཡལ་སོང་། སྒོ་ཁྱིའི་ཟུག་སྐད་རེ་གཉིས་ལན་རེར་གསལ་ལ། སྐབས་རེར་ལྷགས་རླུང་གི་རྒྱུ་ཕྱོགས་ཀྱིས་མི་གསལ་བར་འགྱུར། ཁོ་རང་པད་སྐྱིད་ཚང་གི་ཉེ་འཁོར་དུ་ཐོན་དུས། ཕལ་ཆེར་ནམ་གུང་ཡོལ་འདུག
        ཁོ་རང་ཁང་བ་དང་བར་ཐག་མི་རིང་བའི་ས་ནས་རྐང་འཇབ་ལག་འཇབ་ཇི་ལྟར་བྱས་ན་ཡང་གོམ་པའི་ཐྲིག་སྒྲ་དེ་ལས་མཐོ་བ་དང་། སྙིང་གི་འཕར་སྒྲ་ཡང་ཇེ་མཐོ་ནས་ཇེ་མཐོ་རུ་འགྱུར་བའི་སྣང་བ་སྟེར་མོད། ཡིན་ན་ཡང་ལྷགས་རླུང་ཤུགས་ཀྱིས་ལྡང་ཞིང་རྩི་ཤིང་གིས་ཁ་ཤུ་འདེབས་པའི་རམ་འདེགས་འོག་ནས་ཁོ་རང་སྒོ་རའི་ནང་དུ་སླེབས་ཐུབ་སོང་། སྐབས་དེར་གློ་བུར་དུ་རྣམ་རིག་ལྕགས་སྐུད་ལྟར་སྒྲིམ་ཡོད་སྲིད་པའི་སྒོ་ཁྱི་དེས་གསིག་འཐེན་ཞིག་བྱས་པའི་མུར་འབ་སྐད་ལྷང་ངེར་གྱུར་བ་དེས། ཁོ་རང་སྐྲག་ཐག་ཆོད་དེ་མགོ་སྐྲ་ཡང་གྱེན་ཏུ་ཞོགས་པ་ལྟར་གྱུར་ཅིང་ལུས་སེམས་ཐམས་ཅད་སྦྲིད་པར་གྱུར་ནས་བྱིན་པས་ཀྱང་རང་ལུས་མ་ཐེག་པ་ལྟར་འགྱེལ་ལ་ཁད་ཅིག་བྱས་སོང་།
        གྲང་རླུང་འུར་འུར་ལྡང་འོང་། སྒོ་ཁྱི་དེས་གཤེད་མ་མཐོང་བ་ལྟར་མཆེ་བ་གཙིགས་ཤིང་སྡེར་ཁྱིམ་བགྲད་ནས་ཁོའི་ཕྱོགས་སུ་ངར་ཟུག་བྱེད་བཞིན་ཡོད་ལས་ཆེ་སྟེ། ཕུར་མགོ་ནས་ཕར་ལྡིང་ཚུར་ལྡིང་བྱེད་པའི་ལྟིག་སྒྲ་དང་ལྕགས་ཐག་ལ་འཆའ་བཞིན་གསིག་འཐེན་བྱེད་པའི་སིལ་སྒྲ་བསྟུད་མར་གྲག་ཡོང་།
        ཧ་ཅང་སྨག་ནག་པས་རྒྱང་རིང་མ་ཟད་ཉེ་འཁོར་ཚང་མ་ཡང་ནག་རོག་གེར་འདུག་ལ། མིག་མདུན་དུ་མཛུབ་མོ་ཀེར་ཡང་མི་མཐོང་བའི་ཚད་དུ་གདའ།
        དེ་ནས་ཁོ་རང་ཤིང་སྒོའི་ལྕགས་ལོང་ལ་འཇུས་ཏེ་ཡར་འགྱོག་ཙམ་བྱས་ནས་དལ་མོས་འབྱེད་པ་ན། ཁྱིམ་ནང་ཡོངས་སུ་མཁའ་དབུགས་དྲོན་མོ་ཞིག་གིས་ཁྱབ་འདུག མཁའ་དབུགས་དྲོན་མོ་དེས་ཁོའི་གྲང་ཤུར་ཤུར་གྱི་ལུས་སེམས་ལ་རེ་བའི་དྲོན་སྣང་སྦྱིན་ཡོང་།
        ཧ་ཅང་རྒྱང་རིང་རྒྱང་རིང་ཞིག་ནས་གྲགས་འོངས་པ་ལྟ་བུའི་སྔུར་སྒྲ་ཞིག་གསལ་ལ་མི་གསལ་བའི་སྒོ་ནས་རྣ་ལམ་དུ་ལྷུང་ཡོང་། ཁོ་རང་དེ་ལྟར་དབུགས་ཀྱང་མ་བླངས་བར་འཇབ་ནས་སྔུར་བ་འཐེན་གྱིན་པའི་ཕྱོགས་དེར་སོང་བ་དང་དེ་ནས་སྐད་དམའ་མོས།“པད་སྐྱིད……”ཅེས་བོས། ཁོ་ལ་ཨ་ལན་མ་བྱིན་པས། ཁོས་སླར་ཡང་ཉལ་ཐུལ་གྱི་གོང་བ་འཐེན་ཙམ་འཐེན་ཙམ་བྱེད་བཞིན་སྐད་དམའ་མོས “པད་སྐྱིད་……” ཅེས་ལན་འགར་བོས། སྔར་བཞིན་ཨ་ལན་མ་བྱིན་པས་ཁོ་རང་ཡང་དེའི་མུར་དོགས་སྣང་ཞིག་སྐྱེས་ཏེ། སྔོན་ཆད་པད་སྐྱིད་ནམ་རྒྱུན་ཁ་མལ་འདིར་ཉལ་ཡོད་པ་མ་ཡིན་ནམ། དེ་ལྟར་སེམས་བཞིན་ཁོས་རུམ་ནས་མེ་ཆ་ཕྱིར་བླངས་ཏེ་རྡེབ་ཙམ་བྱས་པ་ན། ཨ་ཁ། པད་སྐྱིད་ཀྱི་ཨ་ཕ་རེད། ཁོ་རང་སྔངས་སྐྲག་དང་འཚབ་སྣང་ཞིག་མཉམ་དུ་སྐྱེས་ཏེ་ཕྱིར་ནུར་ཙམ་བྱས་པ་དང་དེ་ནས་ཀྱང་སྡོད་མ་ཚུགས་པར་གང་མྱུར་གྱིས་སྒོར་བུད། ཁོ་རང་སྐྲག་ཐག་ཆོད་པས་ལོས་ཡིན། ཡུད་ཙམ་ཞིག་ལ་སྒོ་ཁིས་སུ་དབུགས་ཤུབ་པ་ལྟར་ལུས་འདུག
        དེ་ལྟར་ཁོའི་སེམས་པ་དེ་འཕྲལ་འཁྱག་པར་གྱུར་བ་དང་འབྲེལ་ནས་ཁོའི་སེམས་ཀྱི་རེ་བ་དེ་ཡང་ཆར་རྗེས་ཀྱི་འཇའ་ཚོན་བཞིན་ཡལ་སོང་།
        ཁོ་རང་སྐྲག་ཐག་ཆོད་པས་ཕྱིར་ཁྱིམ་ནང་དུ་ཡང་བསྐྱར་འགྲོ་ག་ལ་ཕོད། ཁོ་རང་སྒོ་ཁིས་སུ་ཡུན་རིང་ལ་འགྲེང་ནས་བསྡད་ཅིང་། སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཕྱིར་ཕུད་ལོས་སོང་སྙམ་པའི་ཤུགས་རིང་ཞིག་ཕྱུངས་རྗེས་སྒོ་རའི་ནང་ནས་ཕྱིར་བུད་པ་དང་། དེ་ནས་ནོར་ལྷས་བརྒྱུད་དེ་ཕྱིར་ལོག་པའི་ལམ་དུ་ཞུགས།
         ཁོ་རང་པད་སྐྱིད་ཚང་དང་ཐག་ཇེ་རིང་དུ་སོང་བ་དང་བསྟུན་ནས་སྒོ་ཁྱིའི་ཟུག་སྐད་དེ་ཡང་རིམ་བཞིན་རྒྱང་རིང་དུ་ཡལ་བཞིན་ཡོད་པ་ཚོར།
        ལམ་བར་དུ། རང་ཉིད་ཀྱིས་ཀླད་སྟོང་ཕྲགལ་ཁུར་ནས་འོལ་ཚོད་ཀྱིས་དཀའ་སྡུག་མྱངས་བ་ལ་ཕངས་སེམས་ཤིག་སྐྱེས་པ་དང་། སླར་ཡང་ལག་སྟོང་མཆན་ལ་བཙིར་སྟེ་རེ་བ་ཆུ་ཡི་ལྦུ་བ་ལྟར་ཡལ་བ་ལ་ཞེ་སྡང་ཡང་སྐྱེས། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་དཔེ་ལྟར། ཨེན་ཙམ་མིན་ན…… དེ་ལྟར་ཁོ་རང་པད་སྐྱིད་ཚང་གི་རྩྭ་ར་སྟེ་དེའུ་རྒན་ཉག་ཁ་ནས་ཕར་བརྒལ་སྟེ་སྤེན་ཆེན་ལུང་བའི་རི་རྐེད་ཀྱི་ཁེར་ལམ་དེད་ནས་ཕྱིན། ཕངས་སེམས་དང་ཞེ་སྡང་། སྐྲག་སྣང་སོགས་ཀྱིས་ཁོའི་གོམ་ཁ་ཡང་ལྡབ་འགྱུར་གྱིས་ཇེ་ལྗིད་དུ་བཏང་བ་བཞིན་འགྲོས་ཀྱང་ལྡབ་འགྱུར་གྱིས་ཇེ་དལ་དུ་བཏང་བ་ལྟར་སྣང་། དེ་ལྟར་ཡུན་རིང་ལ་སོང་བ་ད་གཟོད་རྡེའུ་འབུམ་ཉག་ཁར་སླེབས་བྱུང་། ནམ་སྐྱ་གསལ་ལེར་གྱུར་བ་དང་བསྟུན་ནས་ད་སོ་མར་བརྒྱུད་ཡོང་བའི་ཁེར་ལམ་དེ་ཡང་མིག་ལམ་དུ་མངོན་ཡོང་ལ། སྔོན་ཆད་ཀྱི་དོན་དག་མང་པོ་ཞིག་ཀྱང་ཡིད་ཀྱི་མཚོ་ངོགས་སུ་རླབས་རིས་བཞིན་གསལ་ལྷང་ངེར་འཆར་ཡོང་བས་ཁོ་ལ་ཞེ་ཤོར་བའི་སྐྱོ་ཤས་ཤིག་དབང་མེད་དུ་སྐྱེས་འོང་། ཁོས་ཙོག་པུར་བསྡད་དེ་དེའུ་རྒན་ཉག་ཁའི་ཕ་རོལ་གྱི་པད་སྐྱིད་ལ་འདི་ལྟར་རྒྱང་ལྟ་བྱེད་སྙིང་སྐྱེས། ཡིན་ན་ཡང་མདུན་གྱི་རི་རྒྱུད་དེས་ཁོའི་མཐོང་ལམ་བསྒྲིབ་ཅི་ཐབས་བྱེད་པ་བཞིན་ཕྱི་རིམ་ནང་རིམ་བྱས་ཏེ་གཅིག་ལས་གཅིག་མཐོ་བ་ལྟར་སྣང་བས་ཕར་ཕྱོགས་མཐོང་ཐབས་མི་འདུག པད་སྐྱིད་ཀྱིས་ཀྱང་འདི་ལྟར་ཁོ་རང་མིག་གིས་འཚོས་ནས་སེམས་ཀྱིས་གཉོར་བཞིན་འདི་ལྟར་ཞེན་ཆགས་ཀྱིས་རང་ཉིད་ལ་རྒྱང་ལྟ་བྱེད་བཞིན་ཡོད་དམ། ཁོས་དེ་ལྟར་སེམས།
        ཕྱི་ཉིན་དགོང་མོར་ཁ་བ་ལྷབ་ལྷུབ་འབབ་ཀྱིན་འདུག ཁོ་རང་སླར་ཡང་པད་སྐྱིད་ཚང་གི་ཕྱོགས་སུ་སོང་། ལམ་བར་དུ་ཁོས་འདི་ལྟར་སེམས་བཞིན་ཡོད་དེ། རེབ་འདིར་རང་ཉིད་ལ་བཀྲ་ཤིས་མཚོ་སྣ་ནག་མ་དེས་ངན་སྐུལ་བྱས་པ་སོགས་ཁ་ཁོག་པས་མ་གསང་། བློ་རྒྱུ་མས་མ་བསྐུམས་པར་པད་སྐྱིད་ལ་གསོང་བོར་བརྗོད་དེ་རང་ཉིད་ལན་པའི་དགོངས་དག་ཀྱང་ཞུ་སྙིང་སྐྱེས། ཡིན་ན་ཡང་། སྤྲིན་པ་བྱེའུ་མགོ་ཙམ་ཞིག་མེད་ས་ནས་ཐོག་སྟ་རེ་ཙམ་འཕངས་ཞེས་པའི་དཔེ་ལྟར། རུ་འདབས་ཉུལ་བའི་གསར་བུ་སྣང་ཐོ་དེ་ཚོས་ཁོ་ལ་གཅར་རྡུང་རེག་པས་ཨེན་ཙམ་མིན་ན་འཇིག་རྟེན་དཀར་ངོགས་འདི་ནས་སྐྱེལ་མ་བྱས་སོང་།
        མདང་དགོང་རབ་དཀར་གྱི་ཁ་བའི་འདབ་མས་འཇིག་རྟེན་གྱི་སྐྱེ་དངོས་ཡོད་དོ་ཅོག་ལྷགས་ངར་གྱིས་བཅོམ་པར་དོགས་སྟེ་ཡོད་ཚད་ཁུ་སིམ་མེར་གྱུར་བའི་གླགས་དང་བསྟུན་ནས། མཐོ་བའི་རི་རྒྱུད་དང་། དམའ་བའི་ས་ཞིང་ཡོངས་ལ་ཕྱིང་དཀར་གྱི་ན་བཟའ་ཞིག་སེམས་ཆུང་གིས་བཀླུབས་པ་ལྟར་ད་ནངས་ཞོགས་པའི་སྐྱ་རེངས་ཁད་ཀྱིས་ཕྱེ་དུས་ཐམས་ཅད་དཀར་བོང་བོང་ཞིག་ཏུ་བསྒྱུར་འདུག བྱེའུ་ཚོགས་ཀྱི་ཀྱུར་སྐད་ཁོ་ནས་འཇིག་རྟེན་འདིའི་ཁུ་སིམ་གྱི་རྣམ་པ་ཁད་ཀྱིས་དཀྲོག་པར་རྩོམ། པད་སྐྱིད་ཚང་གི་ཁང་ཀླད་ཀྱི་དུ་ཁུང་ལས་འཁྲིགས་པའི་དུ་སྨུགས་ཤིག་མདུན་གྱི་ལྷས་འདབས་སུ་འཕོས་ཡོང་ཞིང་། རིམ་བཞིན་དྭངས་ཤིང་བསིལ་བའི་མཁའ་དབུགས་ཀྱི་ཁྲོད་དུ་སིམ་གྱིན་མཆིས། ཁོ་མོས་ཤིང་སྒོ་ཙིར་སྒྲ་དང་བཅས་དལ་གྱིས་འབྱེད་པ་ན། བྱ་འདབས་ན་ཀྱུར་སྐད་སྒྲོག་བཞིན་པའི་བྱེའུ་ཚོགས་དེ་དག་ཀྱང་དེ་འཕྲལ་ནག་སོག་གེར་འཕུར་སོང་ལ། ཁང་བའི་བྱ་འདབས་ནས་རྡུལ་ཕྲན་སིབ་སིབ་ཞིག་དལ་གྱིས་འཕྱུར་བྱུང་། ཁོ་མོས་འདྲུད་ལྷམ་དེ་གོན་ནས་སྒོར་བུད་པ་དང་སྒོ་རའི་ནང་གི་ཁ་བ་དེ་རྡོག་པ་མནན་པ་ན་ཐྲིག་སྒྲ་ཡང་བསྟུད་མར་གྲགས་འོང་པས། ཁོ་མོས་གྲོང་ཁྱེར་ནས་ཁ་བར་སྒུག་ཚུལ་དེ་ཡང་ཝ་ལེར་དྲན་ཡོང་། རིམ་བཞིན་སྒོ་ར་བརྒྱུད་ནས་ལྷས་འདབས་སུ་ཕྱིན། ཨ་ཁ། འདི་མིག་འཕྲུལ་ཡིན་ནམ། དྭངས་ཤིང་གཙང་བའི་ཁ་བའི་ཁྲོད་དུ་ཁྲག་རྗེས་ཤིག་ལྷས་འདབས་བརྒྱུད་ནས་གོང་གི་གྱང་གོག་དེའི་ཕྱོགས་སུ་འཐེན་འདུག ཁོ་མོ་དེའི་མུར་འཚབ་སྣང་ཞིག་སྐྱེས་ཏེ་ཁྲག་རྗེས་དེ་དེད་ནས་གྱང་གོག་དེའི་ཉེ་སར་ཐོན་དུས། ཁྲག་རྗེས་དེ་གཞི་ནས་དེའུ་རྒན་ཉག་ཁའི་ཕྱོགས་སུ་འཐེན་འདུག་པ་མཐོང་། འདི་མིག་འཕྲུལ་ག་ལ་ཡིན། ཁོ་མོའི་ཡིད་ལ་དོན་གྲུབ་དྲན་བྱུང་། དྲན་བྱུང་བས་ཁོ་གཉིས་ཀྱི་བར་ཐག་དེ་ཡང་རིམ་བཞིན་མཁའ་དབུགས་སྟུག་པོ་ཞིག་གིས་བཅད་སོང་བ་ལྟ་བུའི་སྐྱོ་ཤས་ཤིག་སྐྱེས་པའི་མུར་ལྷད་མེད་ཀྱི་མིག་ཆུ་རང་དབང་མེད་པར་མཁུར་ཚོས་ནས་འགྲིལ་ཏེ་རིམ་བཞིན་དྭངས་གཙང་གི་ཁ་བའི་ཀློང་དུ་ཟགས་སོང་། དེ་ལྟར་ཡུན་རིང་མ་སོང་བར་ཁོ་མོ་ངུ་སྔངས་ཤིག་གི་ཁྲོད་ནས་དྲན་མེད་དུ་བརྒྱལ་སོང……
མུ་འགོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།