ཀླུ་ཚང་བྱམས་པ་ཚེ་རིང་གི་མུ་འབྲེལ་སྒྲུང་འབྲིང་དང་སྒྲུང་ཐུང་འོས་སྦྱོར།
རྩྭ་ཐང་གི་གཏམ་རྒྱུད། སྒྲུང་འབྲིང་མུ་འགོད།
ཀླུ་ཚང་བྱམས་པ་ཚེ་རིང་།
རྩྭ་ཐང་གི་རེ་སྒུག
ཁོ་པ་སྟེ། མིང་ལ་བདེ་ལེགས་ཟེར་ཞིང་ད་ལྟ་ལོ་ཉེར་བརྒྱད་ལ་སོན་ཡོད་པའི་ཕོ་གསར་ཞིག་རེད། གནག་ཅིང་སྣུམ་པའི་སྐྲ་ལོ་དང་གྲུང་ཤ་དོད་པའི་མིག་ཟུང་། དམར་མདངས་ལྡན་པའི་མཁུར་ཚོས། མུ་ཏིག་ལྟར་བསྒྲིགས་པའི་སོ་ཕྲེང་། གཟུགས་ཐུང་ཞིང་ཤ་རྒྱགས་པའི་ཕོ་གསར་འཛོམས་པོ་ཞིག་ཡིན་པས་སྐྱེས་ཕོ་མོ་རྒན་གཞོན་སུས་མཐོང་ན་མིག་དབང་དང་ཡིད་དབང་མི་འཕྲོག་མཁན་གཅིག་ཀྱང་མེད་ཅེས་བརྗོད་ནའང་མི་ཆོག་རྒྱུ་མེད། ད་དུང་ཁོ་ལ་མཚོན་ན་ཆུང་དུས་ནས་སློབ་གྲྭར་འགྲོ་རྒྱུར་སྤྲོ་སེམས་ཆེ་ནའང་། གཅིག་ནས་ཁྱིམ་གྱི་འབྱོར་བ་ཞན་པ་དང་གཉིས་ནས་སྐབས་དེར་རིག་གནས་གསར་བརྗེའི་ལས་འགུལ་དེ་གནམ་ནས་འབྲུག་གྲགས་གྲགས་དང་ས་ནས་རླུང་འཚུབ་འཚུབ་ཀྱིས་ག་ས་གང་དུ་ཐོན་པའི་རྐྱེན་གང་མང་གི་དབང་གིས་མི་ཚེ་གང་བོའི་ཕུགས་བསམ་དེ་ནོར་ལུག་གི་རྨིག་རྗེས་སུ་མི་གཏོར་ཀ་མེད་བྱུང་སོང་།
སྤྱིར་ཁོང་གི་ཁྱིམ་ཚང་ལ་མཚོན་ན་ལོ་དྲུག་ཅུ་རེ་བརྒྱད་ལ་སོན་ཡོད་པའི་ཨ་མ་སྒྲོན་སྐྱིད་དང་སྲིང་མོ་གཡང་འཛོམས། ད་དུང་གཡང་འཛོམས་ཀྱི་བུ་སྒྲོལ་མ་སྐྱབས་ཏེ་བཟའ་མི་བཞི་ཡིས་གྲུབ་ཡོད་ལ། སྲིང་མོ་གཡང་འཛོམས་ལ་གཞེས་ནིང་གི་དབྱར་ཟླ་དྲུག་པའི་ནང་གཡག་ལུང་སྡེ་བའི་ན་གཞོན་གནམ་རྒྱལ་དང་གཉེན་བསྡེབས་བྱས་ཏེ་སྟོན་མོའང་བྱས་ཟིན། དེའི་བུ་སྒྲོལ་མ་སྐྱབས་ནི་ད་ལྟ་ལོ་བརྒྱད་ལ་སོན་མ་ཐག་པ་ཡིན་ལ། ཁྱིམ་མཚེས་ཀྱི་བླ་རྒན་ཞིག་ཡོད་པ་དེས་མདོ་གདུགས་སྒྲོལ་གསུམ་སོགས་ཐེངས་གཅིག་ལ་འདོན་སྲོལ་བསླབས་ན་དེ་མ་ཐག་ཤེས་པའི་བློ་དང་རིག་པ་ཁྱད་པར་ཅན་ཞིག་ཡོད་ཅེས་སྡེ་བའི་མི་ཚང་མས་བྱིས་པ་རང་ག་བ་ཞིག་མིན་ཚུལ་དང་སྤྲུལ་སྐུ་ཞིག་ཡིན་ཚུལ་གྱི་སྐད་ཆ་རླུང་ལྟར་གང་སར་ཁྱབ་ཀྱིན་ཡོད། སྤྲུལ་སྐུ་ཞིག་ཡིན་མིན་གསལ་ཁ་མི་ཆོད་མོད། འོན་ཀྱང་སྐྱེ་བ་སྔོན་མའི་ཚོགས་བསགས་ཀྱིས་རྣམ་ཤེས་རང་ག་བ་ཞིག་མིན་པ་བདེན་ཐག་ཆོད་ཐུབ།
དེ་རིང་ཡང་ཉི་འོད་ལམ་ལམ་དུ་འཕྲོ་ཞིང་ཡངས་བའི་དར་ལུང་རྩྭ་ཐང་ལ་མཛེས་སྡུག་གི་བཀྲག་མདངས་ཤིག་བཅོས་མིན་དུ་ཤར་ཡོད། བདེ་ལེགས་ཀྱིས་ལུག་ཁྱུ་ལྷས་ནས་ཕུད་དེ་དུང་དཀར་ལུང་བའི་ཉིན་ངོས་སུ་བསྐོར་རྗེས་ཕྱིར་སྦྲ་ནང་དུ་ཡོང་སྟེ། ཕྲུག་ལ་སྐ་རགས་བཅངས་ཞོར“སྒྲོལ་བྷ་ཡར་ལོངས་ལ་ཨ་མ་མ་ལོར་རོགས་བྱོས། ”ཞེས་ཟེར་ཞོར་ཁྱིམ་གྱི་དོ་ཆའི་སྟེང་དུ་ཡོད་པའི་གླིང་བུ་དེ་རུམ་ལ་བཅུག་པ་དང་། དེ་ནས་ཅི་ཞིག་བརྗེད་སོང་བ་ལྟར་ཁྱིམ་དུ་སྐོར་ལྟ་ཞིག་བྱས་ཏེ་ཁྱིམ་གྱི་ཡར་ཕུག་ན་བལྟབ་མེད་པའི་ཉལ་ཐུལ་དེ་དག་བལྟབས་ནས་དོ་ཆའི་འགྲམ་དུ་བཞག ད་དུང་ཡར་སྒྱེད་དང་མར་སྒྱེད་གང་རུང་ན་བཞག་ཡོད་པའི་དཀར་ཡོལ་དེ་དག་ཀྱང་ཐབ་ཀའི་བང་ཁའི་ནང་དུ་བཞག་རྗེས་སྒོར་བུད།
ཁོས་ལག་པ་དཔྲལ་བར་བཞག་སྟེ་མིག་གཡས་ཙུམ་ནས་དགོང་གི་ཉི་མར་ལྟ་ཙམ་བྱས་པ་དང་འབྲེལ་གཡས་གཡོན་གྱི་ཁྱིམ་མཚེས་དག་ལ་བལྟས་ཙ་ན། ཨ་ཅེ་ཚེ་སྐྱིད(མགོན་ལོའི་ཆུང་མ)ཀྱིས་ངག་ནས‘ཧཱུཾ་མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཞབས་གདུགས་དང་བཅས་བི་ན་ཡ་ཀ་མནན།། ནག་པོ་ཆེན་པོའི་སྟག་གི་ཤམ་ཐབས་ཅན།། ཕྱག་དྲུག་སྦྲུལ་གྱི་བརྒྱན་གྱིས་རྣམ་པར་བརྒྱན ……’ཞེས་མགོན་པོ་ཕྱག་དྲུག་པའི་བསྟོད་པ་མྱུར་མཛད་མ་ཟློ་བཞིན་ལུག་ལྷས་ནས་རིལ་མ་སྒྱེ་མོ་གང་ཁུར་ནས་ཁོ་ཚང་གི་སྦྲའི་གཡས་ཕྱོགས་ཀྱི་རིལ་སྤུངས་དེའི་གམ་དུ་འགྲོ་བཞིན་ཡོད་པ་དང་། ཁྱིམ་མཚེས་འཇམ་བྷེ་ཚང་གི་སྒོ་ཁ་ན་ཨ་ཁུ་འཇམ་བྷེ་སློག་སྟན་ཞིག་གི་སྟེང་དུ་བསྡད་ནས་ཚ་རུ་འགའ་མཉེད་ཀྱིན་འདུག ཁོའི་ཆུང་མ་བཀྲ་མཚོས་ཀྱང་སྦྲའི་སྒོ་ཆོན་གྱི་འགྲམ་ན་ལྟེབས་ཤིག་གི་སྟེང་དུ་ཕྱུར་བ་ཕར་གདལ་ཚུར་གདལ་བྱེད་ཀྱིན་ཉི་མར་སྐེམ་བཞིན་ཡོད། ད་དུང་ཕ་གིའི་བྲག་རྒན་གྱི་སྣ་འོག་ཏུ་བདེ་མཆོག་སྐྱིད་དང་ཁྱུང་སྐྱིད་མཚོ་གཉིས་ཀྱིས་ཆུ་ཁུར་ནས་འོང་བཞིན་ཡོད་པས། ཁོས་རང་དབང་མེད་པར་དངན་པ་ཞིག་འཐེན་ཞོར་ནོར་ལྷས་ན་ཀྱལ་ཀྱོལ་གྱིས་ལྕི་བ་འཕུད་ཀྱིན་པའི་རང་ཉིད་ཀྱི་ཨ་མར་བལྟས་ཏེ“ ཨ་མ་མ་ལོ། ད་ཁྱེད་ཀྱིས་ངལ་ཅིག་གསོས་དང་། ལྕི་བ་ངས་སྒྲོལ་བྷར་འཕུད་དུ་འཇུག”ཟེར་ཞོར་ཁ་ཕྱིར་སྦྲ་ཁྱིམ་དུ་འཁོར་ནས་“སྒྲོལ་བྷ། སྒྲོལ་བྷ་རེམ་མ་ཡར་ལོངས་ལ་ཨ་མ་མ་ལོར་ལྕི་བ་འཕུད་རོགས་བྱོས། སྒྲོལ་བྷ……”ཞེས་འབོད་ཀྱིན་གདའ། སྐབས་དེར་ཨ་མ་སྒྲོན་སྐྱིད་ཀྱིས་‘ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔལ་མོ།། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེ་སར་བྱེ་བ་ལས་ནི་བྱུང་མ……’དེ་ཟློ་མཚམས་བཞག་སྟེ“གཅེས་ལོ། ད་མི་དགོས་ཀི ” ཟེར་ཞོར་ནོར་རྡང་གི་ཕུར་བའི་འགྲམ་གྱི་ལྕི་བ་དེ་བླངས་ནས་ལྕི་སྤུངས་གཞན་ཞིག་གི་སྟེང་དུ་འཕེན་བཞིན་ལུག་ཁྱུའི་རྗེས་སུ་ལྟ་ཙམ་བྱས་པ་དང་། སླར་ཡང་བདེ་ལེགས་ལ་བལྟས་ཏེ “གཅེས་ལོ། ད་ཁྱོད་ལུག་རྫིར་འགྲོ་རན་ཐལ”ཟེར།
“ཨོ་ཡ། མ་ལོ།” བདེ་ལེགས་ཀྱིས་སྦྲའི་ཧྲག་འདབས་ན་རྩྭ་ཟ་བཞིན་པའི་བེའུ་དེ་དག་ཕར་དཀྲོག་ཙམ་བྱས་རྗེས་སྦྲའི་གྲུ་ཆོན་སྟེང་བཀལ་བའི་འུར་ཆ་དེ་ཁྱེར་ནས་ལུག་རྗིར་བུད་སོང་།
ཕལ་ཆེར་ཕྱི་དྲོ་ཡོལ་འདུག
ཨ་མ་སྒྲོན་སྐྱིད་ཀྱང་ལས་ཀ་ཙག་ཙིག་རྣམས་འགྲུབ་རྗེས་ཐག་མི་རིང་བའི་སྦྲའི་ལྟག་རྒྱབ་ཀྱི་དེའུ་འབུར་དེའི་མགོ་ན་ལན་རེར་འདར་སིག་སིག་གིས་བརྐྱངས་ཕྱག་རེ་འཚལ་ཅིང་མཚམས་རེར་མ་ཎི་བསྐོར། ཡང་སྐབས་རེར་སྒྲོལ་བསྟོད་དང་མ་ཎི་ཟློ་བའི་དབྱངས་རྟའང་གསལ་ལྷང་ངེར་ཐོས་འོང་།
སྐྱབས་བཅོལ་དང་རེ་འབོད་དེའི་ཁྲོད་ནས་ཨ་མ་སྒྲོན་སྐྱིད་ཀྱིས་མི་ཚེ་ཞིག་གི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཤིང་མི་རབས་ཤིག་གི་ལས་དབང་ལ་བསམ་གཞིག་བགྱིད་བཞིན་ཡོད་པ་དེའང་ཁོ་མོའི་དཔྲལ་བའི་གཉེར་རིས་རེ་རེ་ལས་གསལ་བོར་རྟོགས་ཐུབ།
ཅུང་ཐག་མི་རིང་བའི་ས་དེ་ནས་རླངས་འཁོར་ཞིག་སླེབས་བྱུང་། རླངས་འཁོར་དེས་ཨ་མ་སྒྲོན་སྐྱིད་ལ་ཐོག་མར་དགའ་སྤྲོ་ཞིག་རྒྱས་སུ་བཅུག་ཅིང་རིམ་བཞིན་དགའ་སྤྲོ་དེ་ཞི་ནས་སྐྱོ་སྣང་ཞིག་སྐྱེས་སུ་བཅུག དེ་ལས་ཁོ་མོར་དགའ་དོན་ནི་རང་གི་བུ་མོ་གཡང་འཛོམས་དེ་ཕྱིར་ཡུལ་ལ་ལོག་པར་ཨེ་ཡིན་སྙམ་པ་དང་། ལྡོག་སྟེ་སྐྱོ་དོན་ཡང་སྔོན་ཆད་རང་གི་ཁྱོ་བོ་རྫོང་ཐོག་དང་གྲོང་ཁྱེར་ལ་སོང་ནས་ཕྱིར་འོང་དུས་ཀྱི་རྣམ་པ་དེ་དྲན་པས་ཅི་ལ་མིན་ཨང་།
ཨ་མ་སྒྲོན་སྐྱིད་ཀྱིས་མིག་ཟུང་ཅེར་ནས་རླངས་འཁོར་དེ་གང་བགྲོད་ལ་བལྟས་འདུག
གློ་བུར་དུ། མཁའ་དབྱིངས་ནས་སྤྲིན་དཀར་གྱི་ཚོམ་བུ་ཞིག་ལྷོ་ནས་བྱང་དུ་རྒྱུ་བཞིན་ཡོད་ལ། བྱ་རྒོད་ཅིག་ཀྱང་གནམ་འཕང་ནས་གནམ་འཕང་བསྟད་པས། སྐབས་དེར་ཨ་མ་སྒྲོན་སྐྱིད་ཀྱི་མིག་ཟུང་དེ་དཔག་ཚད་སྟོང་གིས་ཆོད་པའི་མཁའ་མཐའ་རུ་ཤོར་ཅིང་། ཨ་མ་སྒྲོན་སྐྱིད་ཀྱི་སེམས་པ་དེ་གཤོག་རྩལ་ཤུགས་ཀྱིས་ལྡེམ་པའི་རྒོད་པོའི་གཤོག་འགྱུར་ལ་སྨོན། མི་རབས་གསུམ་ལྷག་གི་ལོ་རྒྱུས་ལྡན་པའི་ཕྱག་ཕྲེང་དེ་ཨ་མ་སྒྲོན་སྐྱིད་ཀྱི་ལག་གཡོན་པའི་མཐེ་བོང་གིས་གོང་མཛུབ་དང་དཀྱིལ་མཛུབ་ཀྱི་བར་ནས་ཕྲེང་རྡོག་རེ་རེ་དལ་གྱིས་འདྲེན་ཞིང་རབ་རིབ་ཏུ་གྱུར་བའི་མིག་ཟུང་ལས་དགའ་སྐྱོ་ཆགས་སྡང་གི་མཆི་མ་རེ་རེ་རྒས་ཤིང་འཁོགས་པའི་ངོ་གདོང་གི་གཉེར་མའི་གསེང་ལ་དལ་གྱིས་སིམ། ཡང་གཅིག་བཤད་ན་རང་གི་བུ་བདེ་ལེགས་ལ་མནའ་མ་བླངས་སྟེ་ཚ་བོ་ཞིག་སྐྱེས་ནས་གཉོར་སྐྱོང་བྱེད་རྒྱུ་ནི་ཨ་མ་སྒྲོན་སྐྱིད་ཀྱིས་སྔ་མོ་ནས་འདོད་པའི་མི་ཚེ་ཡི་འདུན་མ་ཉག་ཅིག་ཡིན་ལ། ཚ་བོ་སྒྲོལ་མ་སྐྱབས་ནི་རང་གི་ཁྱོ་བོ་ཚེ་ལས་མ་འདས་གོང་གི་ཁ་ཆེམས་ལྟར་སློབ་གྲྭར་བསྐྱལ་རྒྱུ་ནི་ཨ་མ་སྒྲོན་སྐྱིད་ཀྱི་མི་ཚེ་འདིའི་འོས་འགན་ཞིག་ཏུ་གྱུར་ཡོད། ད་དུང་ཁོ་མོའི་བསམ་པར་ཚ་བོ་སྒྲོལ་མ་སྐྱབས་ཀྱིས་སློབ་མཐར་ཕྱིན་རྗེས་རྒྱལ་ཁབ་ཀྱི་ལས་བྱེད་པ་བྱེད་དགོས་ལ། སྐབས་དེར་ཁོ་མོའང་ཚ་བོ་སྒྲོལ་མ་སྐྱབས་དངའགྲོགས་ནས་གྲོང་ཁྱེར་ལ་འགྲོ་འདོད་ཆེ་བས་རེད། རྨི་ལམ་ལའང་རྨི་མི་ཐུབ་པའི་འཆར་སྣང་དེས་ཨ་མ་སྒྲོན་སྐྱིད་ཀྱི་ངོ་གདོང་ལ་ཡང་བསྐྱར་འཛུམ་མདངས་ཤིག་རྒྱས་སུ་བཅུག
རླངས་འཁོར་དེ་ཨ་མ་སྒྲོན་སྐྱིད་ཚང་གི་སྦྲ་ནག་གི་སྒོ་ཁར་སླེབས་པས་བདེ་ལེགས་དང་སྒྲོལ་མ་སྐྱབས། ད་དུང་ཨ་ཁུ་མགོན་ལོ། བཀྲ་མཚོ་སོགས་རླངས་འཁོར་དེའི་སྔུན་ལ་བུད་དེ་མགྲོན་པོ་ཁྱིམ་ལ་བསུས། སྒྲོལ་མ་སྐྱབས་ཀྱིས་“ཨ་མ་མ་ལོ……”ཞེས་ལག་པ་གཡུག་བཞིན་ཨ་མ་སྒྲོན་སྐྱིད་ཀྱི་ཕྱོགས་སུ་རྒྱུག་ནས་ཡོང་བཞིན་ཡོད་པ་མཐོང་རྗེས། ཨ་མ་སྒྲོན་སྐྱིད་ཀྱང་ལག་པ་གཉིས་ས་ལ་ཁེན་ཏེ་འདར་སིག་སིག་གིས་ཡར་ལངས་ཞོར‘ཨོྃ་མ་ཎི་པདྨེ་ཧྰུྃ……’ཞེས་ཟློ་བཞིན་མ་ཎི་འཁོར་ལོ་དེ་ལག་གཡོན་པར་བཟུང་བ་དང་ལག་གཡས་པ་འཁར་བར་བརྟེན་ནས་འཐེང་འགྲོས་ཀྱིས་ཡུལ་ཕྱོགས་སུ་ཕྱིན།
“ཨ་མ་མ་ལོ། ཨ་ཕ་བདེ་བྷས་ཁྱེད་ཡུལ་ལ་ཤོག་དང་འུ་ཚང་ལ་འགྲུལ་པ་ཐོན་ཐལ་ཟེར།”སྒྲོལ་མ་སྐྱབས་ཨ་མ་སྒྲོན་སྐྱིད་ཀྱི་མདུན་དུ་རྒྱུག་ཡོང་སྟེ་དབུགས་ཧལ་ཧལ་གྱིས་བཤད།
“གཅེས་ལོ། སུ་རེད། ”ཨ་མ་སྒྲོན་སྐྱིད་ཀྱིས་སྒྲོལ་མ་སྐྱབས་ཀྱི་མགོ་ལ་བྱིལ་བྱིལ་བྱེད་ཞོར་དེ་ལྟར་དྲིས།
“ལི་མོ་གྱོན་པའི་རྒན་པོ་གཉིས་རེད”
“……”
ཨ་མ་སྒྲོན་སྐྱིད་དང་སྒྲོལ་མ་སྐྱབས་གཉིས་དལ་མོར་ཚུར་འོང་བཞིན་ཡོད་ལ། སྐབས་དེར་ཕ་གའི་གྲམ་གཞུང་ན་ཤུགས་ཀྱིས་རྒྱུག་བཞིན་པའི་དུང་དཀར་ལུང་བའི་ཆུ་སྒྲ་དེ་གསལ་ལ་མི་གསལ་བ་ཞིག་ཐོས་ཐུབ། དེར་མ་ཟད་མཁའ་དབྱིངས་ནས་སྤྲིན་དཀར་དུམ་བུ་ཞིག་བསེར་བུའི་རྒྱུ་བ་དང་འགྲོགས་ནས་ལན་རེར་མི་ཞིག་གན་རྐྱལ་དུ་ཉལ་བའི་ཚུགས་ཀ་དང་མཚུངས་ལ། མཚམས་རེར་རྟ་མཆོག་རྒོད་པོ་ཞིག་བང་གིས་རྒྱུག་པའི་དབྱིབས་དང་འདྲ། ཡང་སྐབས་རེར་ཕར་སྣོལ་ཚུར་སྣོལ་བྱས་ཏེ་བུམ་པ་ཞིག་དང་ཀུན་ནས་མཚུངས་བར་འགྱུར། རེ་ཞིག་འགོར་རྗེས་སྤྲིན་པ་དེའི་གྲིབ་གཟུགས་དེ་སྦྲ་གུར་ཆེན་པོ་ཞིག་དང་འདྲ་བར་དུང་དཀར་ལུང་བའི་རི་རྩེ་བརྒྱུད་ནས་བྲག་དཀར་རི་བོའི་ཕྱོགས་སུ་དལ་གྱིས་བཞུད་ཀྱིན་གདའ།
ཨ་མ་སྒྲོན་སྐྱིད་སྒྲོལ་མ་སྐྱབས་གཉིས་སྦྲའི་སྒོ་ཁར་སླེབས་པ་ན། ཁྱིམ་གྱི་བདེ་ལེགས་དང་འགྲུལ་པ་དེ་ཚོ་འཕྲོ་རིམ་འཕྲོར་སྦྲའི་སྒོ་ཁར་བུད་དེ་ཨ་མ་སྒྲོན་སྐྱིད་ལ་གུས་གུས་ཞུམ་ཞུམ་གྱིས་ཁམས་བདེ་དྲིས་བྱུང་། དེ་ནི་མི་ལོ་སུམ་ཅུའི་ཡར་སྔོན་དུ་བྲག་དཀར་སྡེ་བར་མག་པར་ཕྱིན་པའི་ཨ་མ་སྒྲོན་སྐྱིད་ཀྱི་མིང་པོ་རྡོ་རྗེ་འབུམ་རེད། དེ་རིང་མིང་པོ་རྡོ་རྗེ་འབུམ་ཡང་རང་ཉིད་ཀྱི་བུ་ཚེ་བརྟན་རྡོ་རྗེ་ལ་འགྲོགས་ནས་རང་གི་ཨ་ཅེ་སྟེ་ཨ་མ་སྒྲོན་སྐྱིད་ལ་བལྟ་རུ་འོང་པ་རེད། མིང་པོ་རྡོ་རྗེ་འབུམ་ད་ལྟ་ལོ་དྲུག་ཅུ་རེ་ལྔ་ལ་ཐོན་ཡོད་ཀྱང་ལུས་པོ་ཅུང་ཟད་སྒུར་ཡོད་པ་མ་གཏོགས་ད་རུང་གོམ་བདེ་ལག་བདེ་ཞིག་ཡིན་པས། ཕར་བལྟས་ཚོད་ཀྱིས་ཨ་མ་སྒྲོན་སྐྱིད་ལས་ལོ་བཅུ་ལྷག་གིས་ཆུང་བར་སྣང་བའི་འདུ་ཤེས་ཀྱང་སྟེར།
ཨ་མ་སྒྲོན་སྐྱིད་སྦྲའི་ཉེ་འདབས་སུ་ཐོན་སྐབས་བྲེལ་འགྲོ་ཞིག་བྱེད་ཞོར་གདོང་ལ་དགའ་བའི་འཛུམ་དང་བཅས་ཏེ“ ཨ་ཙི། རྡོ་བྷོ ཨ་ཙི ཚེ་རྡོ ཁྱོད་གཉིས་ཀ་བུད་ཡོང་ནས?ཡ་ཡ ད་ནང་དུ་འགྲོ”སྐབས་དེར་ཚེ་བརྟན་རྡོ་རྗེས་ཨ་མ་སྒྲོན་སྐྱིད་སྐྱོར་ནས་སྦྲ་ཁྱིམ་དུ་འཛུལ།
“ཚང་མ་བདེ་མོ་ཡིན་ནམ”
“ཨ་ཅེ ཚང་མ་བདེ་མོ་སྐྱིད་པོ་ཡིན།”
“……”
དེ་ལྟར་མི་ལོ་སུམ་ཅུའི་ཀྱག་ཀྱག་གི་ལོ་རྒྱུས་ནི་དེ་རིང་གི་གླེང་གཞིར་གྱུར་ལ། གླེང་གཞི་དེས་མི་ལོ་སུམ་ཅུའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཤིང་། ལོ་ངོ་སུམ་ཅུའི་རིང་གི་འཕེལ་རྒྱས་ལ་སྡོམ་ཚིག་འགོད་བཞིན་མཆིས།
འོད་ལམ་ལམ་གྱི་ཉི་འོད་དེ་རི་རྒྱབ་ཏུ་ནུབ་ཅིང་འཁྱགས་བསིལ་བསིལ་གྱི་ཟླ་འོད་ཀྱང་མཐིང་སྨུག་སྦྲ་ནག་གི་ཁ་ཚུབ་བརྒྱུད་ནས་ཐབ་ཀའི་སྟེང་ལ་འོད་སྣང་གིས་འཕྲོས་འདུག ད་དུང་དྲོད་ལམ་ལམ་གྱི་མེ་ལྕེ་དེ་ཡང་ཐབ་ཁུང་ནང་ན་འུར་འུར་གྱིས་མཆེད་ཅིང་ཁྱིམ་མི་ལྷན་འཛོམས་ཀྱི་དགོད་སྒྲ་དེས་སྦྲ་ནག་དང་ནོར་ལུག་གི་ལྷས་འདབས་བརྟོལ་ཏེ་མུ་མེད་ཀྱི་རྩྭ་ཐང་ལ་ཁྱབ་འདུག
དེ་རིང་ཡང་ཁ་རྩང་དང་འདྲ་བར་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་དྲོ་ཞིང་འཇམ། ཡངས་བའི་དར་ལུང་རྩྭ་ཐང་ལ་མཛེས་སྡུག་གི་བཀྲག་མདངས་ཤིག་བཅོས་མིན་དུ་ཤར་འདུག ཨ་མ་སྒྲོན་སྐྱིད་ཚང་གི་ནོར་ལྷས་ན་ཁྱིམ་མཚེས་མགོན་ལོ་ཚང་གི་བུ་མོ་འབྲིང་བ་བདེ་མཆོག་སྐྱིད་ཀྱིས་འབྲི་མོ་འཇོ་བཞིན་ཡོད། རྒྱུ་མཚན་ནི་ན་ནིང་ནས་བཟུང་། ཨ་མ་སྒྲོན་སྐྱིད་ཀྱང་‘གོས་བཟང་བོ་དབྱར་གསུམ་ཆར་ཆུས་རལ། མི་བཟང་བོ་ལོ་རྒན་དྲུག་ཅུས་མནར’ཅེས་པའི་དཔེ་ལྟར་འབྲི་མོ་བཞོ་རྒྱུ་དང་ནོར་ལུག་འཚོ་རྒྱུའི་ལས་ཀ་དེ་སེམས་ཀྱིས་ནུས་ཀྱང་ལུས་དང་རྐང་ལག་གིས་མ་ལྕོགས་པས། ཁྱིམ་མཚེས་མགོན་ལོས་ཨ་མ་སྒྲོན་སྐྱིད་ཚང་གི་དཀའ་སྡུག་དེ་མཐོང་ནས་རང་གི་བུ་མོ་བདེ་མཆོག་སྐྱིད་ལ་དབྱར་དུས་སུ་ཨ་མ་སྒྲོན་སྐྱིད་ཚང་གི་འབྲི་མོ་བཞོ་རུ་བཅུག་པ་རེད།
མིང་པོ་རྡོ་རྗེ་འབུམ་གྱིས་ཚུལ་དེ་མཐོང་པས་ལེ་བདའ་དང་བཅས་ཏེ“རང་གི་བུ་ནར་སོན་པ་མ་ཟད་ཕལ་ཆེར་རྒས་ལ་ཉེ་ཡང་རང་གི་དཀའ་ཚེགས་དང་ཁྱིམ་ཚང་གི་འཚོ་བ་ལ་བསམ་གཞིག་མི་གཏོང་བར་འདི་ལྟར་སྒུག་ནས་ཅི། འདི་ནི་མི་ཚེ་ཞིག་གི་བྱ་བཞག་རེད། ལོ་ཟླ་ཅི་ཙམ་གྱིས་མདུན་དུ་བཞུད་ན་མི་ལོ་ཡང་དེ་ལྟར་རྒས་པའི་ངེས་ཟིན་ཞིག་མ་ཐོབ་བམ། ཡང་ན་ལོ་ན་ཇི་ལྟར་ཇེ་མཐོར་སོང་ན་ཁྱིམ་ལས་ཀྱང་དེ་ལྟར་བྱེད་མི་ཐུབ་པའི་འདུ་ཤེས་ཤིག་མ་འཁྲུངས་སམ། ངོ་མ། འདི་ལྟར་སོང་ན་བདེ་ལེགས་ལན་པ་མ་ཟད་ཁྱེད་ཀྱིས་ཀྱང་དཀའ་ཚེགས་གང་མང་མྱོང་རྒྱུ་རེད”ཅེས་པའི་ཤ་ཚ་བའི་གཏམ་མང་པོ་ལབ་བྱུང་། ‘བླ་མས་ཅི་གསུངས་ཆོས་དང་། མཛུབ་མོས་གར་སྟོན་ལམ་’ཞེས་པའི་དཔེ་ལྟར་ཤ་ཚ་བའི་གཏམ་དེས་ཨ་མ་སྒྲོན་སྐྱིད་ལ་ངེས་ཤེས་ཤིག་བསྐྱེད་པའམ་ཡང་ན་གོ་རྟོགས་ཤིག་སད་པའི་རྐྱེན་གང་ཡིན་མི་ཤེས་མོད། འོན་ཀྱང་ཁོ་མོའི་སེམས་ལ་སྨྲ་མི་ཤེས་པའི་བྲེལ་ཤ་ཞིག་བསླངས་བྱུང་།
ཉིན་བཅོ་ལྔ་སོང་བའི་རྗེས་སུ། ཁྱིམ་མཚེས་མགོན་ལོ་གཙོས་དར་ལུང་སྡེ་བའི་ཆེ་རྒན་པ་དང་ཆུང་གཞོན་པ་རྣམས་ཨ་མ་སྒྲོན་སྐྱིད་ཚང་ལ་འདུས་ནས་བདེ་ལེགས་ལ་མནའ་མ་ཞིག་སློང་དགོས་ཚུལ་གྱི་དོན་དེར་གྲོས་བསྡུར་བྱེད་ཀྱིན་གདའ།
ལྟེབས་ཆག་ཤོར་བའི་ལི་མོ་དཀར་པོ་དང་ཚི་དྲེག་ཆགས་པའི་སྟོད་ཐུང་སེར་བོ། རྙིང་རལ་དུ་གྱུར་བའི་རས་ལྷམ་ནག་པོ་བཅས་གྱོན་ཞིང་། ད་དུང་ཙན་དན་གྱི་ཕྲེང་བ་ཞིག་སེ་རལ་དུ་བཅིངས་ཡོད་པའི་རྒན་པོ་དེ་ནི་ཨ་མ་སྒྲོན་སྐྱིད་ཚང་གི་ཁྱིམ་དུ་འདུས་ཡོད་པའི་མི་རྣམས་ལ་རྒྱུས་མངའ་ཆེ་བའི་ཨ་ཁུ་མགོན་ལོ་རེད། དེ་ནས་ཨ་ཁུ་མགོན་ལོས་མདུན་དུ་རྟེན་ཡོད་པའི་ཇ་དེར་ཧུབ་འགའ་བྱས་ཤིང་གློ་ལུ་ཞིག་བྱས་རྗེས། “སྐབས་འདི་ལ་མཚོན་ན་སྒྲོན་སྐྱིད་བགྲེས་ནས་ལ་མགོའི་ཉི་མ་དང་ལ་རྟིང་གི་གྲིབ་མ་ལྟ་བུར་གྱུར་ཅིང་། བདེ་ལེགས་ལ་མཚོན་ནའང་སྒྲོན་སྐྱིད་ཀྱི་ལ་རིང་བོར་འགོ་བའི་ལག་རྟེན་དང་ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང་ཡིན་པ་ངས་འདི་ནས་ཆེད་དུ་མ་བཤད་ཀྱང་ཁྱིམ་འདིར་འཚོགས་པའི་མི་ཚང་མར་གསལ་ནི་རེད། …… མཐར་ངས་འདི་ནས་འཆད་འདོད་པའི་བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲོགས་འོ་མའི་མར་ལོ་གང་ཡིན་ཞེ་ན། ད་ལྟ་ནི་དུས་རབས་ཉེར་གཅིག་པར་སླེབས་ཡོད་པས་སྔོན་ཆད་ཀྱི་མཁྲེགས་འཛིན་གྱི་བསམ་བློ་དང་ཨུ་ཚུགས་ཀྱི་གཤིས་རྒྱུད། བཙན་སྒྲིག་གི་གཉེན་དབང་དེ་འགྲོ་ནི་མ་རེད། སྒོས་སུ་ད་ལྟའི་མིའི་བསམ་བློ་དང་ཤེས་ཡོན། སྤྱི་ཚོགས་ཀྱི་འཕེལ་རྒྱས་སོགས་ཕྱོགས་གང་ཐད་ནས་སྔོན་ཐོན་ཡིན་ནི་རེད། རྒྱུ་མཚན་དེའི་དབང་གིས་བདེ་ལེགས་ལ་མཚོན་ནའང་རང་དབང་རང་འཐད་ཀྱི་སྒོ་ནས་སྒྲོན་སྐྱིད་གཙོས་ཁྱིམ་མཚེས་རུ་སྐོར་ཀུན་ལ་འགྲིག་མཐུན་ཡོང་བ་ཞིག་དང་། ཚེ་གང་བོའི་སེམས་ཀྱི་རྟེན་ས་ཉན་པ་ཞིག་བསླང་ན་དེ་བས་ཀྱང་བཟང་བར་སེམས་པས་དོན་དག་འདི་བུ་བདེ་ལེགས་ཀྱི་རེ་འདོད་ལྟར་བསྒྲུབ་ན……”ཟེར། དེ་ལྟར་ཨ་ཁུ་མགོན་ལོའི་དམིགས་ཡུལ་ནི་རང་གི་བུ་མོ་འབྲིང་བ་བདེ་མཆོག་སྐྱིད་དེ་ཨ་མ་སྒྲོན་སྐྱིད་ཚང་ལ་བག་མར་སྟེར་འདོད་ཆེ་བས་རེད། རྒྱུ་མཚན་ནི་ཨ་ཁུ་མགོན་ལོ་ཚང་དང་ཨ་མ་སྒྲོན་སྐྱིད་ཚང་གཉིས་ཁྱིམ་མཚེས་སུ་གྱུར་བ་ནས་བཟུང་། བདེ་མཆོག་སྐྱིད་དང་བདེ་ལེགས་གཉིས་ཀྱི་འབྲེལ་བའང་མི་བཟང་རྒྱུ་མེད་པའི་ཁར། ན་ནིང་རུ་སྟོན་སར་བབས་ཡོད་དུས་ཀྱི་མཚན་མོ་ཞིག་ལ་བདེ་ལེགས་ཨ་ཁུ་མགོན་ལོ་ཚང་གི་རུས་གུར་ནང་དུ་འཇབ་ནས་ཡོང་སྟེ་བུ་མོ་བདེ་མཆོག་སྐྱིད་ཀྱི་རུམ་ལ་འཛུལ་བ་སོགས་ཤེས་ཡོད་པས་དམིགས་ཡུལ་དེ་འདྲ་ཞིག་ཡོད་པ་འདྲ། ད་དུང་ཨ་ཁུ་མགོན་ལོས་བུ་མོ་བདེ་མཆོག་སྐྱིད་ཨ་མ་སྒྲོན་སྐྱིད་ཚང་ལ་བག་མར་ཕྱིན་ན། གཅིག་ནས་ཨ་མ་སྒྲོན་སྐྱིད་ཚང་ལ་ཕན་ཐོགས་རེ་འབྱུང་ཐུབ་པ་དང་། གཉིས་ནས་ཕྱིར་ཡུལ་ལའང་ལས་ཀ་རེ་ལས་རོགས་བྱེད་ཐུབ་པར་འདོད་པ་ཡིན།༼ འདི་ནས་གསལ་འདེབས་བྱེད་རྒྱུ་ཞིག་ལ། ཀློག་པ་པོ་རྣམས་ཀྱིས་སྒྲུང་གཏམ་འདི་བཀླག་ནས་མཚམས་འདིར་སླེབས་རྗེས། ཧ་ཅང་ཡ་མཚར་བའི་བསམ་ཚུལ་ཞིག་མི་སྟེར་བ་མི་སྲིད་པས། ཨ་ཁུ་མགོན་ལོ་ཚང་དང་ཨ་མ་སྒྲོན་སྐྱིད་ཚང་གཉིས་ལོ་བཅོ་ལྔ་ལྷག་གི་ཡར་སྔོན་ཏེ་རྒྱལ་ཁབ་ཀྱིས་རྩྭ་ས་བགོས་པ་ནས་བཟུང་། ཁྱིམ་མཚེས་སུ་གྱུར་བ་མ་གཏོགས། དོན་གྱིས་ཤ་དང་རུས་པའི་འབྲེལ་བ་ཅི་ཡང་མེད་པ་ཐོག་མར་འདི་ནས་གསལ་འདེབས་བྱས་པ་ཡིན།༽ མཚམས་དེར་ཨ་ཁུ་མགོན་ལོས་ཀྱང་བྲག་དཀར་སྡེ་བ་ན་བདེ་ལེགས་ཀྱི་ལོ་ཚོད་དང་མཉམ་པའི་བུད་མེད་གསུམ་བཞི་ལྷག་ཡོད་པའི་ཕྱོགས་ཀྱི་སྐད་ཆ་མང་པོ་ལབ་ཅིང་། གཞིས་དཔོན་བྲག་དཀར་བསོད་ནམས་ཚང་ལ་ལུང་བསྟན་ཞིག་ཞུ་དགོས་ཚུལ་གྱི་རེ་བའང་བཏོན་བྱུང་། དེར་མཐུད་ནས་ཁྱིམ་དུ་འདུས་ཡོད་པའི་མི་རྒན་གཞོན་ཚང་མས་རང་རང་གི་སེམས་ཀྱི་འཆར་ཚུལ་སོགས་ཀྱང་གཅིག་འཕྲོར་གཅིག་གིས་མཐུད་དེ་བཤད་ཀྱིན་གདའ།
གཏམ་འདི་དག་བརྒྱུད་དེ་ཁྱིམ་འདུས་ཀྱི་མི་ཚང་མས་བདེ་ལེགས་ཕྱིར་ཡུལ་ལ་ལོག་པར་རེ་སྒུག་བྱས་ཡོད། རེ་སྒུག་དེའི་ཁྲོད་ནས་ཨ་མ་སྒྲོན་སྐྱིད་ཀྱིས་ཀྱང་བསམ་གཞིག་གཏོང་བཞིན་ཡོད་ལ།བསམ་གཞིག་དེས་ཨ་མ་སྒྲོན་སྐྱིད་ལ་སྔོན་ཆད་ཀྱི་དོན་དག་གང་མང་ཞིག་ལ་ཕྱིར་དྲན་བྱེད་དུ་བཅུག་པ་འདི་ལྟ་སྟེ། ལོ་ངོ་བཅུའི་ཡར་སྔོན་དུ་སྡེ་བ་གཞན་པའི་ཁྱིམ་ཚང་ཞིག་ལ་ཨ་ཡེ་བགྲེས་མོ་ཞིག་ཡོད་ལ། དེར་བུ་གཅིག་མ་གཏོགས་མེད། བུ་དེར་མནའ་མ་ཞིག་བླངས་རྗེས། ཨ་ཡེ་བགྲེས་མོ་དེ་སྒོར་བསྐྲད་པ་རེད། བུ་ལ་གཉེན་སྒྲིག་མ་བྱས་གོང་དེས་ཨ་ཡེ་བགྲེས་མོ་དེར་ཧ་ཅང་གཅེས་མོད། འོན་ཀྱང་མནའ་མ་བླངས་ནས་ཅང་མ་འགོར་བར་ཨ་ཡེ་བགྲེས་མོ་དེ‘མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན’ཞེས་པ་ནང་བཞིན་ཁང་བ་དང་རྩྭ་ས། ད་དུང་རྒྱུ་དང་ནོམ་པ་སོགས་བཙན་ཤུགས་ཀྱིས་འཕྲོག་པའི་གཏམ་རྒྱུད་ཅིག་ཡོད་སྐད། དེ་ཡང་མཐར་གཏུགས་ན་ཡོད་ཚད་མནའ་མ་དེར་རག་ལས་ཡོད་ཤས་ཆེ། དེ་ལས་གཞན་གཞེས་ནིང་ལོར་གཡག་ལུང་སྡེ་བ་ནས་ཁྱིམ་ཚང་ཞིག་ལ་བུ་མོ་གསུམ་ཡོད་ཅིང་། བུ་མོ་ཆེ་བ་དེར་ཕ་མ་གཉིས་ཀྱིས་བཙན་ཤུགས་ཀྱིས་ཁོང་གཉིས་ཀྱི་བློར་འབབ་པའི་ན་གཞོན་ཞིག་དང་གཉེན་སྒྲིག་བྱེད་དུ་བཅུག་པས། རྗེས་སུ་བུ་མོ་དེས་རང་སྲོག་བཅད་ཚུལ་གྱི་དོན་དག་དེས་ཨ་མ་སྒྲོན་སྐྱིད་ཀྱི་སེམས་དེ་ཐེ་ཚོམ་གྱི་དྲ་བར་ཚུད་ཅིང་འདང་རྒྱག་གི་ནང་དུ་ལྷུང་དུ་བཅུག་པ་རེད། ཡང་ཅིག་བཤད་ན་བསམ་གཞིག་ལས་འཕོས་པའི་ཕྱིར་དྲན་དེ་དག་གིས་ཨ་མ་སྒྲོན་སྐྱིད་སེམས་ཁུར་་གཏད་བཞིན་ཡོད་པ་སྨྲས་ཅི་ལ་དགོས།
དེ་ནས་ཅུང་ཙམ་འགོར་མཐར་ཨ་མ་སྒྲོན་སྐྱིད་ཚང་ལ་འདུས་པའི་མི་རྣམས་ཀྱང་གྲོལ་ནས་རང་རང་གི་ཡུལ་ལ་ལོག་སོང་། ཨ་མ་སྒྲོན་སྐྱིད་དང་རྡོ་རྗེ་འབུམ། ཚེ་བརྟན་རྡོ་རྗེ་གསུམ་གྱིས་བདེ་ལེགས་ནོར་ལུག་གི་རྫི་ནས་ཕྱིར་ལོག་པར་སྒུག་འདུག
དམར་སྒོར་སྒོར་གྱི་ཉི་མས་སུ་ཞིག་ལ་ཕྱི་མིག་གནང་བ་ཇི་བཞིན་མཆེ་བ་ལྟར་གཟེངས་བའི་རི་བོ་དེའི་ཕར་རྒྱབ་ཏུ་བྱིང་ལ་ཉེ། བདེ་ལེགས་དང་སྒྲོན་མ་སྐྱབས་གཉིས་ཀྱིས་ནོར་ལུག་ལྷས་འདབས་སུ་བསྐོར་རྗེས་ཕྱིར་རང་ཁྱིམ་དུ་ལོག
ས་རུབ་སོང་། ཨ་མ་སྒྲོན་སྐྱིད་དང་མིང་པོ་རྡོ་རྗེ་འབུམ་བཅས་ཀྱིས་གོ་ཁ་དྲོན་མོའི་འགྲམ་ནས་འོ་ཇ་མངར་མོ་འཐུང་བཞིན་དེ་རིང་གི་དོན་དག་དེ་བདེ་ལེགས་ལ་གྲོས་མོལ་བྱེད་ཀྱིན་གདའ། དེ་ནས་ཡུད་ཙམ་འགོར་མཐར་སྐར་འོད་ལམ་ལམ་དུ་འཚེར་ཞིང་དུང་མདོག་གི་ཟླ་བའི་འོད་སྣང་ཡང་རི་ལུང་དང་སྤང་ལྗོངས་ལ་ཕྱོགས་རིས་སྤུ་ཙམ་ཡང་མེད་པར་འཕྲོས་ཡོད། ད་དུང་ཨ་མ་སྒྲོན་སྐྱིད་ཚང་གི་རྒྱབ་རི་ནི་མཐོ་རྒྱུ་མེད་ལ་དམའ་རྒྱུའང་མེད་པའི་རི་རྒྱུད་ཅིག་ཡིན་ཕྱིར། དཀར་གསལ་གྱི་ཟླ་བ་དེ་ཤར་ཕྱོགས་རི་བོའི་རྩེ་ནས་འཕགས་ཏེ་ཡངས་བའི་འཇིག་རྟེན་འདི་ལ་འོད་སྣང་གིས་ཁྱབ་པས། རི་རྒྱུད་དེའི་གྲིབ་ཆེན་དེ་ཡང་ཨ་མ་སྒྲོན་སྐྱིད་ཚང་གི་སྦྲའི་ཆོན་ཐག་བར་བསྐོན་འདུག ལན་རེར་ནོར་ལུག་གིས་སྐྱུགས་བལྡད་བྱེད་བཞིན་ཡོད་པའི་སྒྲ་དེ་གསལ་བོར་ཐོས་ཐུབ་ལ། སྐབས་རེར་སྒོ་ཁྱི་ཟུག་པའི་སྐད་ཀྱང་ཕར་ཕྱོགས་ཀྱི་བྲག་ཅ་དང་བསྡོངས་ཏེ་ལྷང་ངེར་ཐོས་འོང་།
དུས་ཚོད་འཁོར་ལོའི་འགྲོས་དང་བསྟུན་ནས་སྐྱ་རེངས་སྐྱ་མདའ་དེའང་དབང་ཕྱོགས་ས་འཛིན་གྱི་ཕྲག་སྟེང་ནས་གསེར་མདོག་གི་ཉི་གཞོན་དང་ལྷན་དུ་དལ་གྱིས་གསལ་དུས། ཨ་མ་སྒྲོན་སྐྱིད་ཚང་གི་བསང་དུད་དེ་ཡངས་བའི་རྩྭ་ཐང་བརྒྱུད་ནས་རྫ་རི་དང་བྲག་རིའི་མགུལ་ལ་འཁྱུད་པའི་ཞོགས་པའི་ན་བུན་དེར་འཐིམས་འདུག སྤྱིར་ཡིན་ན་དེ་རིང་རྡོ་རྗེ་འབུམ་དང་ཚེ་བརྟན་རྡོ་རྗེ་གཉིས་ཕྱིར་བྲག་དཀར་སྡེ་བར་འགྲོ་རྩིས་ཡོད་མོད། འོན་ཀྱང་མདང་དགོང་བདེ་ལེགས་མནའ་མ་སློང་རྒྱུར་འཐད་པ་བྱུང་བ་དེས་རྡོ་རྗེ་འབུམ་ཕ་བུ་གཉིས་ཀྱང་ད་དུང་ཉིན་གཉིས་གསུམ་ལྷག་གི་རིང་ལ་འདུག་རྒྱུའི་སེམས་ཐག་བཅད། དེ་བས་ན་དེ་རིང་གི་ཞོགས་པ་དེ་ནམ་རྒྱུན་གྱི་ཞོགས་པ་དང་མི་འདྲ་བར་ཨ་མ་སྒྲོན་སྐྱིད་ཚང་གི་དགའ་སྤྲོའི་དགོད་སྒྲ་དེ་མུ་མེད་ཀྱི་རྩྭ་ཐང་ལ་ཁྱབ་འདུག
ད་དུང་མདང་དགོང་ཨ་མ་སྒྲོན་སྐྱིད་ཀྱིས་ཁྱིམ་མཚེས་མགོན་ལོ་ཚང་གི་བུ་མོ་བདེ་མཆོག་སྐྱིད་སློང་འདོད་ཀྱི་བསམ་ཚུལ་དེ་མིང་པོ་རྡོ་རྗེ་འབུམ་ལ་བཤད་རྗེས། མིང་པོ་རྡོ་རྗེ་འབུམ་གྱིས་བཤད་རྒྱུར་ཁྱིམ་མཚེས་མགོན་ལོའི་ཤ་དང་རུས་གཙང་མོད། འོན་ཀྱང་ཁོའི་ཆུང་མ་བཀྲ་ཤིས་སྐྱིད་དེ་བླ་བྲང་ཞིག་ནས་ཁྲིད་འོང་ཚུལ། སྲུང་མ་གཅིག་མིན་དང་ཤ་རུས་གཙང་མིན་གྱི་དོགས་གཞི་དེ་ཐག་གིས་གཅོད་མ་ཐུབ་པར་བུ་མོ་བདེ་མཆོག་སྐྱིད་མི་སློང་རྒྱུའི་ཐག་བཅད།
དེའི་ཕྱི་ཉིན། གནམ་ངོ་རུབ་ཅིང་ཕྱོགས་བཞིའི་རི་རྒྱུད་དག་ན་སྨུག་པ་ལང་ལོང་དུ་འཐིབ་ཅིང་ཆར་བ་ཟིམ་ཟིམ་ཞིག་ལྷོད་ཀྱིས་འབབ་ཀྱིན་གདའ། བདེ་ལེགས་དང་སྒྲོལ་མ་སྐྱབས་གཉིས་ཀྱིས་ནོར་ལུག་དེད་དེ་རི་མགོར་ཕྱིན། དར་ལུང་སྡེ་བའི་རྒན་པོ་རྣམས་ཨ་མ་སྒྲོན་སྐྱིད་ཚང་ལ་འདུས་ནས་བདེ་ལེགས་ལ་མནའ་མ་སློང་རྒྱུའི་ཐག་བཅད་པ་མ་ཟད། རྡོ་རྗེ་འབུམ་གཙོས་པའི་དར་ལུང་སྡེ་བའི་རྒན་པོ་གཉིས་ཚེ་བརྟན་རྡོ་རྗེ་ཡི་རླངས་འཁོར་ལ་བསྡད་དེ་བྲག་དཀར་སྡེ་བའི་བླ་མ་བསོད་ནམས་ཚང་ལ་མོ་རྩིས་ལུང་གསུམ་ཞུ་རུ་བུད་སོང་།
མཐོ་ཨ་སྔོན་གུར་ཁྱིམ་ནང་ནས།།
དགུང་ཉི་མ་དལ་གྱིས་འཆར་དུས།།
རོགས་ཆུང་ལོའི་འདང་བརྩེ་དྲན་ནས།།
སེམས་སྐྱ་མོའི་སྐྱོ་སྣང་རེ་རེ།།
སྤྲིན་དཀར་བོའི་འདབ་མར་བསྐུར་ཡོད།།
དགུང་ཕྱི་དྲོའི་ས་རྩ་རུབ་ནས།།
ལུག་གཡང་དཀར་ལྷས་ལ་བསྐོར་དུས།།
རོགས་ཆུང་ལོའི་གླུ་སྐད་དྲན་ནས།།
མིག་མཆི་མའི་ཕྲེང་ཐག་རེ་རེ།།
ཆུ་གཙང་བོའི་གཞུང་ལ་བསྐུར་ཡོད།།ཅེས་པའི་གླུ་སྐད་ཅིག་གིས་རྫ་རི་དང་སྨུག་སྤྲིན་བརྟོལ་ཏེ་བདེ་ལེགས་ཀྱི་རྣ་བའི་བུ་ག་རུ་ལྷུང་སོང་། སྨུག་སྤྲིན་དང་ལྷན་དུ་འཐོར་བའི་ལ་གཞས་སིང་སིང་དེ་ནི་ཅི་འདྲའི་ལྷད་མེད་ཅིང་བརྩེ་དུང་གིས་ཕྱུག་པའི་དྲན་གཞས་ཤིག་རེད་ཨང་།
བདེ་ལེགས་ཀྱི་སེམས་པ་དེ་ཡང་དེ་མུར་དེ་རིང་གི་གནམ་གཤིས་ཇི་བཞིན་འཁྱག་སིབ་སིབ་ཅིག་ཏུ་གྱུར་བ་དང་བསྟུན་ནས་ཁོའི་མིག་ཟུང་གིས་དར་ལྕོག་སྡེ་བའི་ཕྱོགས་སུ་བལྟ་དགོས་ཤིག་བྱུང་མོད། ཕྱོགས་བཞི་སྨུག་སྤྲིན་གྱིས་གཏིབ་ཡོད་པས་ཅི་ཡང་མ་མཐོང་ལ་རེ་ཞིག་ཅི་ཡང་མི་ཐོས་པར་གྱུར། ཁོས་བསམ་གྱིན་བསམ་གྱིན་དུ། ཁོ་མོ་དྲན་བྱུང་། ཁོ་མོའི་གླུ་སྐད་དྲན་བྱུང་། ཁོ་མོའི་འཛུམ་མདངས་དང་དགོད་སྒྲ་དག…… མགོ་བོ་དགྱེ་ནས་ཅི་ཞིག་མཐོང་འདོད་ཀྱི་དྲན་པ་དེ་མཚོ་མོའི་རྦ་རླབས་བཞིན་བསྐྱོམ་བྱུང་།
རེད་དེ། ཁོ་མོི་ནི་ཀློག་པ་པོ་ཚོ་དང་འདྲིས་མེད་དུ་གྱུར་བའི་གྲོགས་མོ་ཞིག་ཏུ་སྣང་ཡང་། དོན་གྱིས་ཁོ་མོ་ནི་ང་ཚོ་དང་ཁ་ཐག་ཧ་ཅང་ཉེ་བའི་གྲོགས་མོ་ཞིག་ཏུ་བརྩིས་ཀྱང་ཆོག་སྟེ། ཁོ་མོའི་མིང་ལ་སྒྲོན་མཚོ་ཟེར། ཤེས་མེད་ཚོར་མེད་ཀྱིས་ལོ་ངོ་བརྒྱད་འདས་སོང་། ཡིན་ན་ཡང་། ལོ་ཟླ་ནི་ཆུ་བོ་བཞིན་འགྲོས་མགྱོགས་པས་ཕྱིར་དྲན་གྱི་ཞགས་པས་ཟིན་པ་ཞིག་མ་རེད། ཁོ་མོ་ནི་ལོ་ངོ་བརྒྱད་ཀྱི་ཡར་སྔོན་ནས་བདེ་ལེགས་དང་མཛའ་མཐུན་གྱི་ཡལ་ག་ལ་བརྩེ་དུང་གི་མེ་ཏོག་འབུས་མགོ་ཚུགས་པ་རེད། དེ་ནས་བཟུང་ཁོ་མོའི་ཡོད་ཚད་ཀྱི་ཡོད་ཚད་ཀྱང་བདེ་ལེགས་ལ་གཏད་པ་རེད། ཡིན་ནའང་། བརྩེ་འདང་ནི་ཆུ་ཀླུང་བཞིན་རྒྱུན་རིང་ཡང་འཚོ་བ་ནི་ཆུ་ཡི་རླབས་རིས་བཞིན་ཅི་འདྲའི་མི་རྟག་པ་ཞིག་ཏུ་འདུག་ཨང་། གཞེས་ནིང་ལོའི་ཟླ་བརྒྱད་པར་ཁོ་མོ་ནི་ཕ་མའི་བཀའ་ལུང་བཙན་པོས་སྔུན་བསུ་མ་དང་གཞུག་སྐྱེལ་མ་དང་བཅས་ཏེ་གནས་ཡུལ་དུ་བརྫངས། གཉེན་དོན་ནི་རང་ཉིད་ཁོ་ནའི་དབང་དུ་མི་ཡོང་བའི་ལས་དབང་ཞིག་རེད་ལ། བཟློག་ཏུ་མེད་པའི་མངར་སྐྱུར་གྱི་འཚོ་བ་ཞིག་ཀྱང་རེད།
ཨ་ཙི། དེ་རིང་གི་གླུ་སྐད་འདི་ཡང་བདེ་ལེགས་ཀྱི་ཆུང་འདྲིས་རྩེད་རོགས་ཏེ། གཞེས་ནིང་ལོར་ཅང་ཤེས་སྡེ་བར་བག་མར་ཕྱིན་པའི་སྒྲོལ་མཚོ་མ་ཡིན་ནམ། སྔོན་ཆད་བདེ་ལེགས་ཀྱིས་ཆུང་འདྲིས་སྒྲོན་མཚོའི་ཆེད་དུ་དོན་དག་གང་མང་ཞིག་བློས་གཏོང་མྱོང་ལ། སྒྲོན་མཚོའི་དོན་དུ་ཁོའི་གཞན་གྱི་བརྙས་བཅོས་དང་གཅར་རྡུང་ཡང་གང་མང་མྱངས་མྱོང་། འོན་ཀྱང་ཆུང་འདྲིས་སྒྲོན་མཚོས་གནས་ཡུལ་འགྲིམ་པ་ནས་བཟུང་། བདེ་ལེགས་ཀྱི་སེམས་ནས་སྒྲོན་མཚོ་སྔ་མོ་ནས་ལ་མགོའི་སྨུག་པ་དང་རྩྭ་འགོའི་ཟིལ་བ་ལྟར་དོར་ཟིན་པས། དེ་རིང་ཡང་ཁོས་བདེ་མོ་ངག་ལ་འགུགས་བཞིན་ལན་སློག་པ་འདི་ལྟ་སྟེ།
སྤྲིན་དཀར་པོ་ལིང་སེ་འཐིབ་དུས།།
ཆར་ཨེ་འབབ་རེ་ལྟོས་བྱས་ཡོད།།
རླུང་བསེར་བུའི་རྒྱུ་ཐེངས་ཤིག་གིས།།
སྤྲིན་དཀར་པོའི་འདབ་བརྒྱ་གཏོར་ཐལ།།
ཆར་མ་བབས་ཁོ་ཐག་ཆད་སོང་།།
ནང་ན་ཟླ་ཁྲོམ་ལ་འཚོགས་དུས།།
ཞེ་ཨེ་མཐུན་རེ་ལྟོས་བྱས་ཡོད།།
སྨན་བུ་མོའི་འདོད་ཕྱོགས་ཤིག་གིས།།
གནས་གཞན་ཡུལ་བསྙེགས་ནས་བུད་ཐལ།།
རོགས་མ་མཐུན་ཁོ་ཐག་ཆད་སོང་།།ཞེས་པའི་གླུ་སྐད་དེས་ཀྱང་རྫ་རི་དང་སྤང་ལྗོངས་ཀྱི་སྨུག་སྤྲིན་བརྟོལ་ཏེ་སྨན་ཆུང་སྒྲོན་མཚོའི་ཕྱོགས་སུ་འཕུར་སོང་། དེ་ནས་སྐྱི་བསེར་རླུང་བུ་རྒྱུ་ཐེངས་ཤིག་གིས་མཐོ་བའི་རྫ་རི་དང་ཡངས་བའི་སྤང་ལྗོངས་བཅས་ལ་སླར་ཡང་སྨུག་སྤྲིན་འཁོར། སྨུག་སྤྲིན་དེའི་གསེབ་ན་གསལ་ལ་མི་གསལ་བའི་གླུ་སྐད་ཅིག་གྲག་བཞིན་འདུག།
སྨན་ཆུང་སྒྲོན་མཚོས་གནས་ཡུལ་འགྲིམ་པ་བདེན་མོད། འོན་ཀྱང་དེ་རིང་གི་གླུ་སྐད་དེའི་ཁྲོད་ནས་ཁོ་མོའི་སེམས་པ་ད་དུང་ཡང་ཆུང་འགྲོགས་བདེ་ལེགས་ཀྱི་ཕྱོགས་སུ་འཁྲེང་ཡོད་པ་དེ་ར་སྤྲོད་བྱེད་ཐུབ།
དགུང་ཉི་མ་ཚང་ནས་འཆར་དུས།།
དྲོད་ཨེ་གནང་རེ་སྒུག་བྱས་ཡོད།།
སྤྲིན་ནག་པོའི་རྒྱུ་སྟངས་ཤིག་གིས།།
དྲོད་མ་གནང་ཁོ་ཐག་ཆད་ཐལ།།
སང་ནངས་མོ་སྐྱ་རེངས་གསལ་དུས།།
དྲོད་གནང་བའི་སྐབས་ཤིག་ཡོད་ན།།
དྲོད་གནང་བའི་སྐབས་ཤིག་ཡོད་ན།།
ཞེ་མི་སྡུག་ད་རུང་སྒུག་ཆོག །
དགོང་ཕྱི་དྲོའི་ས་རྩ་རུབ་དུས།།
ཁྱེད་ཨེ་ཡོང་རེ་སྒུག་བྱས་ཡོད།།
རོགས་ཆུང་ལོའི་བསམ་ཕྱོགས་ཤིག་གིས།།
ཞེ་མ་མཐུན་ཁོ་ཐག་ཆད་ཐལ།།
སང་ནངས་མོ་སྟོན་ཟླ་ཚེས་དུས།།
རོགས་འགྲོགས་པའི་སྐབས་ཤིག་ཨེ་ཡོད།།
རོགས་འགྲོགས་པའི་སྐབས་ཤིག་ཡོད་ན།།
སེམས་མི་སྐྱོ་ད་རུང་སྒུག་ཆོག ། ཅེས་པའི་ཚིག་གསལ་ཞིང་གདངས་སྙན་པའི་གླུ་སྐད་དེས་སྨད་གཙང་བོའི་འགྲམ་ངོགས་བརྒྱུད་དེ་སྟོད་ས་འཛིན་གྱི་སྨུག་སྤྲིན་བརྟོལ་ནས་བདེ་ལེགས་ཀྱི་རྣ་བའི་གསོས་སུ་སྨིན་བྱུང་། གླུ་སྐད་དེས་བདེ་ལེགས་ལ་བསམ་གཞིག་གི་དུས་ཚོད་ཅིག་གནང་བ་དང་འདྲ་བར་ཡུན་རིང་ཞིག་ལ་རྩྭ་ཐང་འདི་ལྷིང་འཇགས་སེར་གནས།
ཡིད་སྐྱོ་བ་ཞིག་ལ་སྔོན་ཆད་ནས་བཟུང་དར་ལྕོག་སྡེ་བ་དང་དར་ལུང་སྡེ་བ་གཉིས་ལ་མཚོན་ན་ཁྱོད་ཤི་ང་གསོན་དང་ཁྱོད་ཕམ་ང་རྒྱལ་གྱི་ཞེ་འཁོན་ཡོད་པས། ད་ལྟའང་ད་དུང་འདུམ་འགྲིག་བྱེད་མ་ཐུབ་པར་རང་འཇགས་སུ་བཞག་ཡོད་པ་རེད། བདེ་ལེགས་དང་སྒྲོན་མཚོ་གཉིས་ཀྱིས་བརྩེ་དུང་གི་བགྲོད་ལམ་སྟེང་དུ་ཞུགས་ནས་མུ་མཐུད་དུ་བཟའ་ཚང་གི་ཕྱོགས་སུ་གོམ་པ་སྤོས་ཚེ། མཛེས་ཤིང་སྡུག་པའི་རྩྭ་ཐང་འདི་ནས་ཁྲག་དྲོན་གྱིས་དམར་པོའི་གཏམ་རྒྱུད་ཅིག་བྱུང་བར་གདོན་མི་ཟའོ།
སྨུག་སྤྲིན་ཡང་རིམ་བཞིན་ཡལ་སོང་། ནམ་མཁའ་སྔོ་ཞིང་དྭངས་ལ་ཁྲི་གདུགས་ཉི་མའི་འཛུམ་ཞལ་གྱིས་སླར་ཡང་རྩྭ་ཐང་ལ་མཛེས་སྡུག་གི་བཀྲག་མདངས་ཤིག་བཅོས་མིན་དུ་བསྣན་བྱུང་། བདེ་ལེགས་དང་སྒྲོན་མ་སྐྱབས་གཉིས་གླང་ཆེན་གྱི་སྣ་ཞགས་བརྐྱངས་འདྲའི་ཨ་མྱེས་གླང་ཆེན་དུ་འབོད་པའི་རི་རྒྱུད་དེའི་གདོང་ཀ་རུ་ཙོག་པུར་བསྡད་དེ་བདེ་ལེགས་ཀྱིས་རང་གི་ཕ་འཚོ་བཞེས་སྐབས་སུ་བཤད་མྱོང་བའི་དར་ལུང་སྡེ་བའི་དབྱར་ས་དང་དགུན་ས། དེ་མིན་སྟོན་ས་སོགས་ཀྱི་སའི་ཆགས་དབྱིབས་དང་། དེ་དང་འབྲེལ་བའི་དར་ལུང་སྡེ་བའི་ལོ་རྒྱུས་ཀྱང་ཤེས་ཚོད་ཀྱིས་སྒྲོལ་མ་སྐྱབས་ལ་བཤད་ཀྱིན་ཡོད།
དེ་ལྟར་ཁོ་གཉིས་ཀྱི་ལུག་ཁྱུ་དུང་དཀར་ལུང་བའི་ཕུ་ནས་དལ་གྱིས་སྲིབ་ངོས་སུ་འཁོར་ཞིང་། ནོར་ཁྱུ་ཡང་དུང་དཀར་ལུང་བའི་ཕུ་ཡི་ཆུ་མགོ་ན་རང་དགར་གྱིས་རྩྭ་ཆུར་རོལ་གྱིན་གདའ། རྣམ་པ་དེ་མཐོང་བས་བདེ་ལེགས་ཀྱི་སེམས་ཁོང་གི་སྡུག་བསྔལ་དེ་ཡང་། དེ་རིང་གི་སྨུག་སྤྲིན་ཇི་བཞིན་མཐར་གྱིས་སངས་ཤིང་། གཉོམ་དུང་དུང་གི་གླུ་སྐད་དེ་ཡང་བསྐྱར་ཁུ་བྱུག་གི་གསུང་དབྱངས་དང་བསྡོངས་ཏེ་སྨན་ཆུང་སྒྲོན་མཚོའི་ཕྱོགས་སུ་འཕུར་བ་འདི་ལྟ་སྟེ།
ནགས་རྒྱ་རྫོང་ལྷ་ཁང་ནང་ནས།།
ངའི་འཕུར་གྲོགས་བྱེའུ་ཆུང་འཇོལ་མོ།།
གསུང་སྙན་མོ་ནགས་ལ་བཞག་ནས།།
གཤོག་མཉེན་མོ་གཞན་ལ་བསྒྱུར་སོང་།།
སྐྱིད་དེ་འདྲ་ཞིག་གི་གཞུག་ན།།
སྡུག་འདི་འདྲ་ཡོད་ལ་མ་འདོད།།
སྡེ་ཆེན་པོ་གསེར་མོ་གཞུང་ནས།།
ངའི་རྩེད་གྲོགས་སྨན་ཆུང་སྒྲོན་མཚོས།།
གཏམ་ཁ་ཚིག་རོགས་ལ་བཞག་ནས།།
གནས་གཞན་ཡུལ་བསྙེགས་ནས་བུད་སོང་།།
སྐྱིད་དེ་འདྲ་ཞིག་གི་གཞུག་ན།།
སྡུག་འདི་འདྲ་ཡོད་ལ་མ་འདོད།། ཅེས་པའི་གླུ་སྐད་དེའི་ཁྲོད་ནས་གསེར་མདོག་གི་ཉི་འོད་ཀྱང་རི་རྒྱབ་ཏུ་ནུབ་ལ་ཉེ། གླུ་སྐད་དེས་བདེ་ལེགས་ཀྱི་སེམས་ནས་སྒྲོན་མཚོ་སྔ་མོ་ནས་དོར་ཡོད་པ་མ་ཟད། སྒྲོན་མཚོར་བཅངས་བའི་བརྩེ་དུང་གི་མདུད་རྒྱ་ཡང་ལྷོད་གྲོལ་ཏུ་སོང་ཡོད་པ་གཞི་ནས་རྟོགས་ཐུབ།
བདེ་ལེགས་དང་སྒྲོལ་མ་སྐྱབས་གཉིས་ཀྱིས་ནོར་ལུག་ལྷས་འདབས་སུ་བསྐོར་རྗེས་རང་ཁྱིམ་དུ་ལོག ཨ་མ་སྒྲོན་སྐྱིད་ཀྱིས་བདེ་ལེགས་དང་སྒྲོན་མ་སྐྱབས་གཉིས་ལ་ཇ་བླུད་རྗེས་འདར་ལྕུག་ལྕུག་གིས་གནའ་ནས་ད་བར་དུ་རྒྱུན་ཆད་མ་མྱོང་བའི་སྦྲའི་ལྟག་རྒྱབ་ཀྱི་བསང་ཁྲིའི་ཐོག་ཨོང་བ་བླུགས་པ་དང་བསང་མེ་བསྒོས་རྗེས་དེའི་སྟེང་བསང་རྩི་བཏུལ། དེ་ནས་ཇ་ཕུད་ཀྱིས་ཆབ་རྒྱག་ཞོར་བསྐོར་བ་ལན་གསུམ་བརྒྱབ་རྗེས། ‘……ཕ་ཨ་ཁུའི་སྐུ་ཚེ་རིང་དགོས། ནང་ཕུ་ནུའི་གྲོས་ཁ་མཐུན་དགོས།། བུ་ཚ་བོའི་འདབ་ལག་རྒྱག་དགོས།། མི་ལ་ན་ཚ་ཡོང་མི་ཉན།། ཕྱུགས་ལ་གོད་ཁ་གཏོང་མི་ཉན།། ཞིང་ལ་སད་སེར་ཡོང་མི་ཉན།། མར་གྱུར་སེམས་ཅན་ཐམས་ཅད་ལ་དགེ་གྱུར་ཅིག ……’ ཅེས་པའི་གསལ་ལ་མི་གསལ་བའི་ཚིག་འབྲུ་དེ་དག་ཟློ་བཞིན་ཀྱལ་ཀྱོལ་ངང་སྦྲའི་ནང་དུ་འཛུལ་སོང་།
དུས་ཚོད་འཁོར་ལོའི་ཐག་སྒྲ་དང་མཉམ་དུ་རིམ་བཞིན་སྨག་ཀྱང་ཆད་སོང་། ཁོ་ཚོས་ནུབ་འཚལ་འཐུང་རྗེས་ཨ་མ་སྒྲོན་སྐྱིད་དང་སྒྲོལ་མ་སྐྱབས་གཉིས་སྔ་མོ་ནས་མལ་དུ་ཉལ། བདེ་ལེགས་ད་དུང་ཡང་གོ་ཁའི་ཡར་སྒྱིད་དུ་སྐྱིལ་ཀྲུང་གིས་བསྡད་ནས་དེ་རིང་གི་དོན་དག་དེར་ཕྱིར་དྲན་བྱེད་ཀྱིན་གདའ། ཕྱིར་དྲན་དེས་ཁོ་ལ་ལན་རེར་དགོད་ཁ་རེ་སློང་བ་དང་མཚམས་རེར་བསམ་གཞིག་གི་འདྲི་གཞི་རེའང་ཐོལ་གྱིས་བཏོན་འོང་།
སྐབས་སྐབས་སུ་ཁོ་ལ་དགོད་ཁ་རེ་སློང་བ་དེ་ནི་ལོ་ངོ་བཞི་ལྔ་ལྷག་གི་ཡར་སྔོན་དུ་བྱུང་བའི་དོན་དག་ཅིག་སྟེ། ཆར་བ་ཟམ་ཟིམ་བབས་ཤིང་སྨུག་སྤྲིན་གྱིས་མཐོ་བའི་རི་དང་ཡངས་བའི་སྤང་བཅས་ཡོངས་སུ་བསྒྲིབས་པའི་དབྱར་ཁའི་ཉིན་ཞིག་དྲན་པས་རེད། ཉིན་དེར་བདེ་ལེགས་དང་སྒྲོན་སྐྱིད་གཉིས་དེ་རིང་གི་གནས་དེ་ནས་ཐུག་པ་དང་། ཉིན་དེར་དར་ལྕོག་སྡེ་བའི་བདེ་ལེགས་ཚང་གི་ལུག་ཁྱུ་མ་གཏོགས་ལུག་ཁྱུ་གཞན་དག་སྤེན་ཆེན་ལུང་བའི་ཚྭ་ཁར་དེད་ཅིང་། དར་ལུང་སྡེ་བའི་ལུག་ཁྱུ་འགའ་ཞིག་ཟངས་ཆུང་ལུང་བར་དེད་པ་དང་། ལུག་ཁྱུ་ལ་ལ་གཡུ་ལྕམ་ལུང་བར་འཚོ་བར་དེད་སོང་སྟབས། བདེ་ལེགས་དང་སྒྲོན་མཚོ་གཉིས་རྔ་མོང་གི་རྒྱབ་འདྲ་བའི་ཉག་ཁ་དེ་རུ་ཙོག་ནས་ཕར་འཁྱུད་ཚུར་འཁྱུད་བྱེད་ཅིང་། ཕན་ཚུན་འོ་བྱེད་པའི་སྒྲ་དང་ཀུ་རེ་རྩེ་བའི་དགོད་སྒྲ་སོགས་ཀྱང་གསལ་ལ་མི་གསལ་བ་ཞིག་ཐོས་འོང་། དེ་རིང་གི་ཉིན་མོ་འདི་ནི་དགུང་སྔོན་པོས་ཁོང་གཉིས་ལ་ཆེད་དུ་གནང་བའི་ཐུག་འཕྲད་ཀྱི་གོ་སྐབས་ཤིག་དང་ཀུན་ནས་མཚུངས།
དེ་ནས་བདེ་ལེགས་ཡར་ལངས་ཏེ་ཡར་བལྟ་མར་བལྟ་འགའ་བྱས་རྗེས་བོད་ལྭའི་སྐེ་རགས་བཤིག་པ་དང་། སྐེ་རགས་དེ་སྔས་མགོར་བཞག་རྗེས་ཕྲུག་གཡང་ཤམ་བྱས་ནས་སྒྲོན་མཚོའི་རྩུབ་ཏུ་གཞོགས་ཉལ་གྱིས་སྒྲོན་མཚོའི་གདོང་ལ་ཅེར་ཏེ་བསྡད། སྐབས་དེར་སྒྲོན་མཚོས་ལག་པ་བསྲིངས་ཏེ་བདེ་ལེགས་ཀྱི་མགུལ་ལ་དམ་པོར་འཇུས་པ་དང་འབྲེལ་མིག་ཟུང་བཙུམ་ནས་བདེ་ལེགས་ལ་འོ་ཞིག་བྱས་སོང་བ་དང་། བདེ་ལེགས་ཀྱིས་ཀྱང་སྒྲོན་མཚོ་ཅར་གྱིས་མནན། སྒྲོན་མཚོས་བདེ་ལེགས་ལ་ཞུ་བ་ཇི་ལྟར་བྱས་ཀྱང་། བདེ་ལེགས་ཀྱིས་ཁོ་མོ་གཏན་ནས་ལྷོད་མ་བྱུང་བས། སྒྲོན་མཚོས་ཀྱང་ཁོའི་རེ་འདུན་ཇི་བཞིན་དུ་བསྐང་བ་གཤམ་གསལ་ལྟར།
ཐོག་མར་སྒྲོན་མཚོ་ཡར་ལངས་ཏེ་བོད་ལྭའི་སྐ་རགས་བཤིག་ཞོར་དོགས་མི་བདེ་བའི་ངང་ཡར་བལྟ་མར་བལྟ་འགའ་བྱས་པ་དང་འབྲེལ་བྲང་ངོས་སུ་ལྷུང་ཡོད་པའི་སྐྲའི་ལན་བུ་རྣམས་ལག་པས་ལྟག་པར་དེད་པ་དང་། སླར་ཡང་ཕར་བལྟ་ཚུར་བལྟ་ཞིག་བྱས་རྗེས་པྲ་ཆལ་གྱི་མིག་ཟུང་གིས་བདེ་ལེགས་ཀྱི་གདོང་ལ་བལྟས་ནས་དགོད་སྒྲ་ཞིག་དང་མཉམ་དུ་སར་ཙོག་མ་ཐག་བདེ་ལེགས་ཀྱིས་ཡང་བསྐྱར་མནན་ཏེ་དངོས་སུ་འདོད་པའི་ལོངས་སྤྱོད་ལ་ཞུགས་མགོ་བརྩམས། བདེ་ལེགས་ཀྱིས་ཕྲུག་དེ་ཁོང་གཉིས་ཀྱི་རྒྱབ་ལ་གོན་རྗེས་ནམ་རྒྱུན་གྱི་ལོབས་ཕྱོགས་ལྟར་སྒྲོན་མཚོའི་རྐང་སྣམ་གྱི་ཁ་བདིག་གྲོལ་ནས་མར་དེད་པ་དང་། སླར་ཡང་མགོ་བོ་དགྱེ་ནས་ཕར་བལྟ་ཚུར་བལྟ་ཞིག་བྱས་རྗེས་རང་ཉིད་ཀྱི་རྐང་སྣམ་གྱི་ཁ་བདིག་ལྷོད་དེ་སྒྲོན་མཚོའི་ལུས་ཐོག་ཏུ་ཉུལ། ལུས་ཀྱི་རྩ་ལམ་རེ་རེར་ཉུལ། རིམ་བཞིན་སེམས་ངོགས་སུ་ཉུལ། …… གཏམ་དང་མྱི་ཁའི་དབང་གིས་ཁོང་གཉིས་འདི་ལྟར་སེམས་བདེ་བག་ཕེབས་ངང་མཇལ་བའི་གོ་སྐབས་ནི་ཧ་ཅང་དཀོན་ཕྱིར། ཉིན་དེར་ཁོང་གཉིས་ཀྱིས་དུས་ཡུན་རིང་བོའི་དྲན་གདུང་དང་ན་ཟུག་གི་སྟོང་ཆ་ཡོད་ཚད་འདོད་ཆགས་ཀྱིས་མྱོས་པའི་ཟུག་རྔུས་ཁ་གསབ་བྱེད་པ་དང་གཉིས་སུ་མ་མཆིས།
ཕྱིར་དྲན་དེ་དག་ཡིད་ལ་གཅིག་རྗེས་གཉིས་མཐུད་དུ་ཤར་བས། དེ་རིང་སྒྲོན་མཚོར་ལན་དེ་ལྟར་སློག་ན་མི་འོས་པར་སྙམ་པ་དང་། སྔོན་ཆད་སྒྲོན་མཚོ་དེ་ལྟར་བག་མེད་ཀྱིས་ལོངས་སུ་སྤྱད་མྱོང་བས། སྒྲོན་མཚོའི་སྟེང་ལ་སྙིང་རྗེ་ཞིག་དབང་མེད་དུ་སྐྱེས། ཡིན་ནའང་ཁོང་གཉིས་ཀྱིས་ཕན་ཚུན་ངོ་ཤེས་པ་ནས་བཟུང་། ཁྱིམ་ཚང་གཅིག་ལ་འཛོམ་རྒྱུའི་དམ་བཅས་ཡོད་མོད། འོན་ཀྱང་སྒྲོན་མཚོས་དམ་བཅའ་དེར་རྒྱབ་འགལ་བྱས་ཏེ་རང་ཉིད་བསྐྱུར་ནས་གནས་ཡུལ་འགྲིམ་པ་སོགས་ཡིད་ལ་དྲན་པས། སྙིང་རྗེ་དེ་ཞེ་སྡང་ཞིག་ཏུ་གྱུར་བ་དང་། རིམ་བཞིན་ཞེ་སྡང་དེ་ཡང་རང་ཉིད་ཀྱི་གཟི་བརྗིད་ཅིག་ཏུ་རྩི་བཞིན་ཡོད།
དེ་ལྟར་དུས་ཚོད་ག་ཙམ་འགོར་བ་མ་ཤེས་མོད། ཐབ་ཁུང་ནང་ན་མཐོན་པོར་མཆེད་བཞིན་པའི་མེ་ལྕེ་དེའང་རིམ་བཞིན་ཇེ་དམའ་རུ་འགྲོ་བཞིན་ཡོད་ལ། མེ་ཤུགས་ཀྱི་ཚ་དྲོད་ཀྱང་མཐར་གྱིས་ཇེ་འཁྱག་ཏུ་འགྲོ་བཞིན་ཡོད་པས། བདེ་ལེགས་ཀྱི་ངོ་གདོང་གསལ་བོར་མི་མཐོང་མོད། འོན་ཀྱང་གསལ་ལ་མི་གསལ་བའི་མེ་འོད་དེའི་ཁྲོད་ནས་བདེ་ལེགས་ལ་འགྱོད་པ་དང་འཁང་རའི་མིག་ཆུའང་དབང་མེད་དུ་འཐོར་སྲིད།
དེ་རིང་ནི་ཟླ་དྲུག་པའི་ཚེས་ཆེན་བཅོ་ལྔ་ཡིན་པས་རྒྱང་རིང་གི་མཁའ་མཐའ་ནས་དགུ་ཚིགས་སྐྱ་མོ་ཞིག་ཀྱང་ལྷོ་ནས་བྱང་དུ་འཐེན་ཡོད་ལ། སྐར་འོད་ཆེམ་ཆེམ་དུ་འཚེར་ཞིང་ཟླ་འོད་ཀྱང་འོད་མདངས་ཀྱིས་གསལ་བས། མཚན་མོ་ཡིན་ཡང་ཉེ་འཁོར་གྱི་བྱ་དངོས་མ་ཟད་ཐག་རིང་གི་རི་ཚོགས་ཀྱང་ཉིན་དཀར་ལྟར་མཐོང་ཐུབ། བདེ་ལེགས་ཀྱིས་ཕྲུག་གཡང་ཤམ་བྱས་ནས་སྦྲའི་སྒོ་ཁར་བུད་དེ་སྦྲ་དང་ཐག་མི་རིང་བའི་ཐལ་སྤུངས་དེའི་གམ་ནས་གཅིན་པ་ཞིག་ཤགས་སེ་བཏང་རྗེས། དམིགས་ཡུལ་དང་ཐེ་ཚོམ་གང་ཡང་མེད་པར་སྦྲའི་ནང་དུ་འཛུལ་སོང་། ཁོ་རང་འཆར་སྣང་གང་མང་ཞིག་གི་ཁྲོད་དུ་གཞི་ནས་གཉིད་དུ་ཡུར་སོང་།
རྒྱང་རིང་གི་མཁའ་མཐའ་སྐར་ཚོགས་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། ཟླ་འོད་ཀྱང་གསལ་ལ་མི་གསལ་བར་གྱུར་ནས་ཤར་ཕྱོགས་ཀྱི་མཚམས་སྤྲིན་གྱི་གསེབ་ནས་ཉི་གཞོན་དེ་དམར་སྒོར་སྒོར་གྱིས་སུ་ཞིག་ལ་སུན་སྣང་སྐྱེས་བཞིན་ཡོད་པ་ལྟར་ཁད་ཀྱིས་འཕགས་བཞིན་ཡོད་པས། བདེ་ལེགས་མལ་ལས་ལངས་ཏེ་ཐབ་ཁུང་ནང་དུ་མེ་ཅུང་ཟད་ཡོད་པ་དེའི་སྟེང་དུ་ཨོང་བ་བླུགས་པ་ན། ཅང་མ་འགོར་བར་ཐབ་ཁུང་ལས་མེ་འབར་བ་དང་། ཐབ་ཐོག་གི་དུད་དྲེག་ཆགས་པའི་དེམ་དེ་ལས་སིལ་སྒྲ་ཞིག་དང་མཉམ་དུ་ཆུ་གདུ་བའི་ཁ་རླངས་སྔོ་ལྷོག་ལྷོག་གིས་ཡོ་འཁྱོག་དང་བཅས་ཏེ་སྦྲའི་ཁ་ཚུབ་བརྒྱུད་ནས་ཕྱི་རོལ་ཏུ་འཕྱུར་གྱིན་ཡོད།
ཕྱི་དྲོ་དེར་ཨ་ཁུ་མགོན་ལོ་བཅས་ཕྱིར་སླེབས་བྱུང་། ཁོང་ཚོས་བླ་མ་བསོད་ནམས་ཚང་ལ་མོ་རྩིས་ལུང་གསུམ་ནན་ཏན་གྱིས་ཞུས་སོགས་ཀྱི་གནས་ཚུལ་སྟེ། བདེ་ལེགས་ལ་མནའ་མ་བླངས་ན་མོ་རྩིས་ཡག་པོ་ཞིག་མི་འབབ་ཚུལ་དང་ད་རུང་ཅུང་ཟད་སྒུག་ན་ཕན་ཐོགས་རེ་ཡོད་ཚུལ་སོགས་ཨ་མ་སྒྲོན་སྐྱིད་ཚང་ལ་འདུས་པའི་མི་རྣམས་ལ་གཅིག་གཅིག་གཉིས་གཉིས་ཀྱིས་གསལ་བོར་བཤད་བྱུང་།
ཉིན་དེ་ནས་བཟུང་། དར་ལུང་སྡེ་བ་ན་རླུང་ལྟར་གྲག་བཞིན་པའི་བདེ་ལེགས་ལ་མནའ་མ་སློང་རྒྱུའི་སྐད་ཆ་དེ་རེ་ཞིག་གྲག་མེད་འགུལ་མེད་དུ་གྱུར་མོད། འོན་ཀྱང་དེ་ནས་ཡུན་རིང་མ་སོང་བར་ཡང་བསྐྱར་གནས་ཚུལ་གསར་བ་ཞིག་གྲག་འོང་པ་དེ་ནི་ཡང་བདེ་ལེགས་དང་འབྲེལ་བའི་དོན་དག་ཅིག་རེད། དེ་ནི་ཧ་ལས་པའི་དོན་དག་ཅིག་མ་ཟད། ཚང་མར་ཧང་སངས་པའི་ཚོར་བ་སྟེར་བའི་གློ་བུར་བའི་དོན་རྐྱེན་ཞིག་ཀྱང་རེད། གོ་ཐོས་སུ་བུ་མོ་སྒྲོན་མཚོ་ཅང་ཤེས་སྡེ་བ་ནས་ཟླ་བ་དྲུག་ལྷག་ཡར་སྔོན་དུ་གཉེན་འཐོར་བྱུང་བ་དང་མོས་ད་དུང་རང་གི་ཨ་མ་ལ་རང་ཉིད་དར་ལྕོག་སྡེ་བའི་བདེ་ལེགས་ལ་བཟའ་ཚང་སྒྲིག་འདོད་དང་། སྔོན་ཆད་བདེ་ལེགས་དང་ཁོང་གཉིས་ཀྱིས་ཁྱིམ་ཚང་གཅིག་ཏུ་འཛོམ་རྒྱུར་དམ་བཅས་པ་སོགས་གནས་ཚུལ་བཤད་པའི་ཞོར་དུ། ཁོ་མོས་ཅིས་ཀྱང་རང་ཉིད་ཀྱི་མི་རབས་འདི་ནས་བཟུང་གྱོད་ཀྱི་རྨ་ཁ་གཉེན་གྱིས་གསོ་རྒྱུའི་འདོད་ཚུལ་གྱི་སྐད་ཆའང་ཁ་ཁོག་པས་མ་གསང་ལ། བློ་རྒྱུ་མས་མ་བསྐུམས་པར་རང་ཉིད་ཀྱི་ཨ་མ་ལ་བཤད་མོད། འོན་ཀྱང་སྒྲོན་མཚོའི་ཨ་མས་གནས་ལུགས་བརྒྱ་བཤད་སྟོང་བཤད་བྱས་ཏེ་ཁོ་མོའི་རེ་བ་དེ་དང་ལེན་མ་བྱས་པ་མ་ཟད། ཕྱི་དྲོ་དེར་ཨ་ཕས་ཀྱང་སྡིགས་མོ་རིན་གྱིས་མི་ཁུག་པ་ཞིག་བྱས་སོང་ཟེར་རྐྱེན། རང་དབང་གི་འཚོ་བའི་གྲུ་ཟུར་ཞིག་ནས་རང་དབང་རང་འཐད་ཀྱི་གཉེན་སྒྲིག་བྱེད་དབང་མེད་པའི་སྲོལ་རྒྱུན་ལུགས་སྲོལ་ངན་པ་དེར་སེམས་སྐྱོ་ཞིང་ཡི་མུག་སྟེ་མཚན་མོ་དེར་ཁོ་མོས་ཡིད་ཀྱི་གདུང་བ་དང་སེམས་ཀྱི་ན་ཟུག་ཡོད་ཚད་ཡེ་ནས་མ་བཟོད་པར། ལྕེབས་ཐག་ཁྱེར་ནས་གྲོག་རོང་ཆེན་པོ་ཞིག་གི་ཁ་རུ་མངར་སྐྱུར་གཉིས་ལྡན་གྱི་མི་ཚེའི་འཚོ་བ་འདི་ལ་གཏན་དུ་གྱེས་དགོས་པའི་སྡོམ་ཚིག་འགོད་རྩིས་བྱས་ན་ཡང་། སྟབས་ལེགས་པ་ཞིག་ལ་དགོང་མོ་དེར་ནོར་བོར་ནས་བཙལ་མཁན་བུ་མོ་ཞིག་གིས་དེ་མཐོང་ནས་ཕྱིར་ཡུལ་ལ་ཁྲིད་ཡོང་བ་རེད་ཟེར། གལ་ཏེ་སྒྲོན་མཚོ་མི་ཡུལ་དང་གཏན་བྲལ་དུ་གྱུར་ཚེ། བདེ་ལེགས་ལའང་མྱི་ཁ་ཆེན་པོ་ཞིག་འཁོར་བར་གདོན་མི་ཟའོ།།
མུ་འགོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com