དོན་གྲུབ་ཚེ་རིང་དང་བཀྲ་ཤིས་ལྷུན་གྲུབ་ཀྱི་སྒྱུར་རྩོམ་ཁག་གསུམ།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་དང་བཀྲ་ཤིས་ལྷུ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-18 16:56:00 ཀློག་གྲངས།:
                                             ལང་ཚོ་ལ་རྫོགས་མཐའ་མེད་པའི་དྲན་པ།
                                                  
ཧ་ཙི་ལེ་ཐུ་ཝི་ལའན་རྨུ⑦ནས་བརྩམས།

        ཚེ་སྲོག་ནི་དྭངས་གཙང་གི་མེ་ཕོན་ཞིག་ཡིན་ལ།  ང་ཚོ་ནི་ལུས་ཟུངས་ཁྲོད་ཀྱི་མཐོང་མི་ཐུབ་པའི་ཉི་མར་བརྟེན་ནས་འཚོ་བཞིན་ཡོད། སྐུ་ཞབས་ཐྲོ་མ་སི་པུ་རོའང⑧ཀྱིས། ངའི་ཕུ་བོས་ན་གཞོན་པ་ཚོ་རང་ཉིད་ལ་འཆི་བ་ཡོད་པར་ཡིད་ཆེས་ཀྱི་མེད་ཅེས་ལབ་ཅིང་བདེན་པ་ཁོ་ན་རང་རེད་འདུག  ན་གཞོན་པ་ཚོར་ཚེ་སྲོག་རྟག་བརྟན་གྱི་དྲན་ཚོར་ཡོད་འདུག་དེ།  ན་ལོ་ཆུང་ཆུང་གིས་ཁོ་ཚོའི་སྐྱོན་ཆ་ཡོད་ཚད་བསྒྲིབས་ཤིང་།  ལོ་གཞོན་སྟག་ཤར་ཡིན་དུས་རུལ་སུངས་མེད་པའི་འཇིམ་སྐུ་ཞིག་དང་འདྲ།  ཚེ་སྲོག་གི་ཕྱེད་ཀ་ཕྱིན་ཚར་བ་དང་འབྱོར་ཕྱུག་རྫོགས་མེད་གསང་སྦས་བྱས་ཡོད་པའི་ཕྱེད་ཀ་དེ་ལ་ད་དུང་སྣེ་མོ་གསལ་པོ་ཞིག་མེད་ལ།  སྣེ་ཐིག་གི་བཀོག་སྡོམ་མེད་པའི་དབང་གིས་ང་ཚོས་རྫོགས་མཐའ་མེད་པའི་རེ་འདོད་དང་རྨི་ལམ་པང་དུ་ཉར་ཡོད་ཅིང་། མ་འོངས་པའི་ལོ་ཟླ་དེ་ཚོ་རང་ཉིད་ལ་དབང་བ་ཏག་ཏག་ཡིན་བསམས་ཡོད།
        མུ་མེད་པའི་རྒྱང་རིང་གི་ཡུལ་ལྗོངས་ང་ཚོའི་མིག་ལམ་དུ་བསྟར་བ་ན་འཆི་བ་དང་། རྒས་འཁོགས་དག་ནི་དོན་མེད་ཀྱི་སྟོང་ལབ་ཁོ་ན་ཡིན་ཞིང་། ང་ཚོའི་རྣ་བས་ཐོས་ཀྱང་ལྷགས་པའི་འུར་སྒྲ་ཇི་བཞིན་སེམས་ཀྱི་ཁྲི་ལ་འཁོད་མེད། དོན་རྐྱེན་དེ་དག་ལ་མི་གཞན་པ་དག་གིས་མྱོང་ཟིན་པ་དང་འབྱུང་འགྱུར་མྱོང་སྲིད་མོད། ཡིན་ནའི་ང་ཚོས་སྐྱེ་བོ་གཞན་པས་ཁ་ཆུ་མིད་པའི་འཚོ་བའི་དགའ་མགུར་རོལ་དུས་སྐྱུག་བྲོ་བའི་དྲན་ཚུལ་འདི་དག་ཡོད་ཚད་ལ་འཕྱ་དམོད་ཀྱི་མིག་ཟུར་གྱི་མདའ་མོ་འཕེན་པ་ཙམ་ཨང་། དེ་ཡང་སྐབས་འདི་ལ་སྤྲོ་སྣང་བསྐྱེད་པའི་ལྗོངས་རྒྱུར་ཕྱིན་པ་ནང་བཞིན་རེ་འདོད་ཀྱི་མིག་མདངས་རྒྱང་ལ་གཡོར་ཞིང་།  རྒྱང་གི་མཛེས་ལྗོངས་ལ་ཀི་ཀི་བསོ་བསོ་བྱས་ནས་དུངས་པའི་འབོད་བརྡ་གཏོང་པ་དང་། ང་ཚོ་ལ་འདྲེན་ཚར་དཀའ་བའི་ཡུལ་ལྗོངས་ཡོད་ཅིང་དངོས་པོ་གསར་པ་གཅིག་མཐུན་གཅིག་གིས་ང་ཚོས་མིག་མདུན་དུ་འཆར་འོངས།  དེ་བས་ཚེ་སྲོག་གི་འགོ་མར་ང་ཚོས་ཚད་བཀག་མེད་པར་རང་ཉིད་ཀྱི་ཁྱད་གཤིས་ཕྱི་ལ་མངོན་པ་དང་ནུས་ཤུགས་རྩལ་དགུ་བཏོན་ནས་ཁྱད་གཤིས་དེའི་རེ་བ་སྐོང་།  ང་ཚོ་ལ་བར་གེགས་མེད་ཅིང་ལུས་དུབ་པའི་ལེ་བདའ་མེད་ལ།  སེམས་ཕངས་པ་མེད་པར་དུས་ཡུན་རིང་པོར་འདི་འདྲ་ཡིན་པའི་སྣང་ཚོར་ཞིག་འདུག  ང་ཚོས་མིག་ཟུང་ཕྱོགས་བཞིར་འདྲེན་དུས་ཁོར་ཡུག་གི་ཡུལ་ཁམས་ཐམས་ཅད་ལ་གསོན་ཤུགས་རྒྱས་ཤིང་།  མཚམས་ཆད་པ་མེད་པའི་འཕེལ་རྒྱས་ཀྱི་ནུས་པས་ཁྱབ་འདུག  ང་ཚོས་ཀྱང་རང་ཉིད་ལ་ཟུངས་ཁྲག་རྒྱས་པ་དང་གསོན་ཤུགས་ཆེ་བས་འཇིག་རྟེན་དང་མཉམ་དུ་ལམ་དུ་བགྲོད་ཀྱིན་ཡོད་ལ།    སྐབས་རེར་ལྟས་མཚན་ཁ་ཤས་ཡོད་ཀྱང་རང་ཉིད་རྗེས་མ་ཞིག་ལ་ཕྱི་ཡུལ་ཁམས་ཆེན་པོའི་རང་བྱུང་གོ་རིམ་གྱིས་བརྩེ་བ་མེད་པར་རྒྱང་དུ་བསྐྱུར་བ་དང་།  ཡུན་ནས་ཡུན་གྱིས་རྒས་འཁོགས་ཀྱི་གཉེར་མ་གདོང་ལ་ཁེབས་ནས་མཐའ་མར་འཆི་ལམ་དུ་ཞུགས་སྲིད་པ་ལ་བསམ་བློ་ཡེ་ནས་བཏང་མེད། 
        ལྷད་མེད་ཀྱི་བྱིས་བློ་འདི་འམ་ཡང་ན་དོན་དངོས་དང་མཐུན་པོ་མེད་པའི་ལང་ཚོ་རྫོགས་མེད་ཀྱི་དྲན་ཚོར་འདིའི་དབང་གིས། ང་ཚོ་ལ་རང་ཉིད་དང་ཕྱི་རོལ་ཡུལ་ཁམས་གཅིག་མཐུན་ཡིན་པའི་འཕྲུལ་སྣང་སྤྲད་ཅིང་། དེ་ནི་ཉམས་མྱོང་ཆུང་ལ་དུངས་ཀ་ཟབ་པའི་དབང་གིས་ང་ཚོའང་རང་བྱུང་ཁམས་ཆེན་པོ་ཇི་བཞིན་རྟག་བརྟན་ཡིན་པར་འདོད།  ང་ཚོས་ཀྱང་རང་ཉིད་དང་ཚེ་སྲོག་གི་འབྲེལ་མཐུད་ཀྱི་མདུད་པ་ཐུང་ངུ་འདི་ནི་ནམ་ཡང་སྒྲོལ་དཀའ་ཞིང་ཆད་པ་མེད་པ་དང་།  འཁྱགས་གྲང་དང་ཚད་བཀག  ཁ་འཐོར་མེད་པའི་བཟའ་འབྲེལ་ཐོག་མའི་ལོ་ཟླ་ཞིག་ལ་ངོས་འཛིན་གྱིན་འདུག  གཉོར་བུ་ཆུང་ཆུང་གིས་གདོང་ལ་འཛུམ་གྱིས་ཁེངས་ནས་གཉིད་ལ་རོལ་བ་བཞིན་ང་ཚོ་རང་སེམས་འཕྲུལ་གྱིས་བཟོས་པའི་གང་འདོད་འདོད་ཀྱི་འགུལ་སླེ་ལ་ཞུགས་ནས་སྟོང་ཆེན་པོའི་འཇིག་རྟེན་གྱི་སྒྲ་དབྱངས་སྙན་པོའི་ཁྲོད་ནས་གཉིད་ཀྱི་ཁམས་ལ་རོལ།  ང་ཚོས་བྲེལ་འཚུབ་དང་ཧམ་སེམས་ཀྱིས་རྫོགས་མཐའ་མེད་ཅིང་ཡུན་ནས་ཡུན་དུ་ཕུན་སུམ་ཚོགས་པའི་ཚེ་སྲོག་གི་བདུད་རྩི་བཏུང་།  འཇིག་རྟེན་འདིའི་བསླུ་བྲིད་རྫོགས་མེད་དང་ཆར་ཆུ་བཞིན་རྒྱས་པའི་འདོད་སེམས་ཀྱིས་ང་ཚོའི་ཡིད་སེམས་འཕྲོག་ནས་འཆི་བའི་སྐོར་ལ་དུས་ཡུན་ཐུང་ངུ་ཙམ་ལའང་བསམ་བློ་གཏོང་བའི་སྐལ་བ་ལྡན་མ་བྱུང་།
        ཚེ་སྲོག་ནི་ཉིན་གུང་གི་ཉི་མ་དང་མཚུངས་མོད།  འོན་ཏེ་བར་སྐབས་ཐུང་ངུ་ཞིག་ལ་ས་རྡུལ་དུ་འགྱུར་སྲིད་ལ། ང་ཚོས་རང་གི་ཚོར་བ་རྣོ་ལ་དྲོད་ཀྱིས་འཁྱིལ་ཞིང་། གསོན་ཤུགས་རྒྱས་པའི་ཕུང་པོ་འདི་ཉིད་འཇིམ་པ་རིལ་རིལ་ཞིག་ལ་འགྱུར་འགྲོ་བ་ཡིད་ལ་དྲན་དཀའ། གསལ་ལྷང་ལྷང་གི་རྨི་ལམ་གྱི་ཞིང་ཁམས་འདི་ནས་ང་ཚོ་མཐའ་འཁོར་གྱི་མཛེས་ཤིང་བཀྲ་བའི་ཡུལ་ལྗོངས་ཀྱི་ཡམ་ཡོམ་དུ་གྱུར་ཅིང་དུར་ཁུང་གི་ནག་དོང་མཐོང་ཐུབ་མེད།  ང་ཚོས་ཚེ་སྲོག་གི་ཐོག་མ་མཐོང་མེད་ལ་ཚེ་སྲོག་གི་མཐའ་མའང་མཐོང་མི་ཐུབ།  ཐོག་མ་དེ་བརྗེད་ངས་དང་སྟོང་ཁམས་སུ་འཐིམ་ཞིང་མཐའ་མ་ནི་བསླུ་བྲིད་ཆེ་ཞིང་ཆུ་མིག་བཞིན་བརྡོལ་བའི་འཇིག་རྟེན་གྱི་སྣང་མཚར་ཀུན་གྱིས་ཡོངས་སུ་གཡོགས།  ནག་རིག་རིག་གི་རྣམ་ཤེས་དེ་ཉི་ཤར་ས་ཐིག་གི་ངོས་ནས་འཁྱམས་ཉུལ་བྱེད་ཀྱང་ང་ཚོས་ནམ་ཡང་རྗེས་འདེད་མི་ཐུབ།  ཡང་ན་རྣམ་ཤེས་དེའི་ནག་འོད་འཁྱུག་འཁྱུག་གི་གཟུགས་དབྱིབས་ལྷ་ཡུལ་དང་འདྲེས་ནས་ང་ཚོ་ལྷའི་ཁམས་ལ་འཁྲིད་ངེས་པའི་དོན་བྱུང་ཡང་ང་ཚོས་ཚེ་སྲོག་ལ་འཇུས་ནས་བློ་རིག་པ་དེ་མིག་ལམ་གྱི་དངོས་པོ་དང་འཚོལ་བསྙེགས་ལས་ཁ་འབྲལ་དཀའ། སྐྱེ་བོ་སུ་ཡང་ལུས་སྟོབས་རྒྱས་དུས་ནད་རིགས་བཞི་བརྒྱ་རྩ་བཞི་དྲན་སྲིད་དམ།  སྐྱེ་བོ་སུ་ཡང་གསོན་ཤུགས་འབར་དུས་རྒས་འཁོགས་ཀྱི་ཉམས་མདངས་དྲན་སྲིད་དམ།  སྐྱེ་བོ་སུས་ཀྱང་རིག་གནས་ལ་བརྩོན་པ་བྱེད་དུས་སླད་མར་དེ་དག་བརྗེད་འགྲོ་བར་དྲན་སྲིད་དམ།  གཤིན་རྗེ་ཕོ་ཉའི་བགྲོད་ལམ་བཀག་ནས་ཁོང་གི་དོན་མེད་ཀྱི་འཇིགས་སྐུལ་ལ་འཕྱ་དམོད་བྱས་ན་དོན་བཟང་ཞིག་མ་རེད་དམ། འདོད་པའི་ལྷ་མོས་གཤིན་རྗེའི་གོ་གནས་བཟུང་ནས་ང་ཚོ་ལ་མག་མོག་གི་ཡོལ་རས་བསྒྲིབས་ཤིང་ང་ཚོས་གཙིགས་སུ་འཛིན་བཞིན་པའི་རྨི་ལམ་ཡོད་ཚད་མཐའ་མ་ཞིག་ལ་འཇིག་འགྲོ་བའི་དོན་དངོས་དེ་མཐོང་ཐུབ་མེད།  ང་ཚོས་བརྩེ་དུངས་དང་རེ་འདོད།  སྤྲོ་སྐྱིད་ཀྱི་མེ་ཏོག་ཐམས་ཅད་རང་གི་གམ་དུ་རྙིད་ནས་ཤི་གོད་ཐེབས་པ་དང་།  ང་ཚོའི་བདེ་སྐྱིད་ཀྱི་ལྗོན་པའི་རྩ་རྩད་བཀོག་ཡོང་པ་མཐོང་དུས་ད་གཟོད་གློ་བུར་དུ་སད་རྟོགས་བྱུང་ནས་ཧམ་སེམས་དང་རང་འདོད་ཀྱི་རླབས་ཕྲེང་གི་འཕྱུར་མཚམས་འཇོག་སྲིད་ལ།   དབང་མེད་དུ་དུར་ཁུང་ནང་གི་ལྷིང་འཇགས་ལྟ་བུའི་སྟོང་ལྷང་ལྷང་གི་འཇིགས་སྣང་བསྐྱེད་པའི་ཡུལ་ཁམས་ཞིག་ལ་གདོང་གཏོད་དགོས་སོ།།
ཚེ་སྲོག་གི་ལྷ་མོ།  ཁྱོད་ནི་ལྐོག་གྱུར་ཞིག་ཨང་།
རང་ཉིད་ངོས་ཟིན་ཚེ་གཞན་མི་ལ་རྒྱུས་ལོན་ཡོང་།
        སྙན་ངག་པས་འདི་འདྲའི་བརྩེ་བས་ཕྱུག་པའི་འབོད་པ་སྔོན་ལ་བཏང་ནས་ཀུན་གྱི་མིག་ལམ་དུ་ཚེ་སྲོག་གསོད་པ་འབེན་དུ་འཇོག་པའི་ལག་རྩལ་ལ་འཕྱ་དམོད་བྱེད་པ་ནི་དོན་དང་མཐུན་ལ། ཚེ་སྲོག་ནི་འབུལ་རྫས་ཁྱད་མཚར་ཞིག་ཡིན་ལ་ཚེ་སྲོག་གི་གནང་སྦྱིན་ལ་དངོས་གནས་མཚར་སྣང་འདུག  དེ་ཡང་དེ་སྔར་ང་ཚོ་ལ་གནང་སྦྱིན་འདི་ཐོབ་པ་ནས་སེམས་པ་འགུལ་ཞིང་ཡ་མཚར་སྐྱེས་ལ། སྤྲོ་བ་བསྐྱེད་ནས་རང་ཉིད་ལ་དེ་སྔར་ཅི་ཡང་མེད་པར་མནོ་བསམ་གཏོང་མེད་པ་དང་། རྗེས་མ་ཞིག་ལ་གནང་སྦྱིན་འདི་ཡང་བསྐྱར་འཁྱེར་འགྲོ་བར་དོགས་པ་སྐྱེས་མེད། གྲོང་པ་ཁྲོམ་ལ་ཕྱིན་པ་བཞིན་མིག་གིས་མཐོང་མཐོང་ཐམས་ཅད་ལ་མཚར་སྣང་སྐྱེས་ཤིང་སེམས་པ་དགའ་ནས་ཕྱིར་ཡུལ་ལ་ལོག་དགོས་པ་ཡིད་ལ་དྲན་མེད་པ་དང་། མུན་ནམ་ཞིག་ལ་རུབ་རྒྱུ་ཡིན་པ་ལའང་བསམ་བློ་འཁོར་མེད། ང་ཚོས་ཕྱི་རོལ་གྱི་དངོས་པོ་བརྒྱུད་ནས་ད་གཟོད་རང་ཉིད་འཚོ་བཞིན་ཡོད་པར་ངོས་ཟིན་ལ།  དེ་བརྒྱུད་ནས་ད་གཟོད་རང་གི་འཚོ་བ་ལ་ཚད་འཇལ་བྱེད།  ང་ཚོའི་མིག་གིས་བལྟས་ནས་ཚར་འགྲོ་བ་མེད་ལ་རང་བྱུང་ཁམས་ཆེན་པོས་ཡང་ནས་ཡང་དུ་ང་ཚོའི་མིག་དབང་འཕྲོག་པ་དང་།  དེ་ལ་ཡང་ཡང་དུ་བསྟོད་པ་ཐོལ་མེད་དུ་བྱུང་།  དེ་མིན་ཚེ་མགྲོན་འབོད་ཡོད་པའི་ཟང་ཟིང་གི་སྤྲོ་ཚོགས་ཏེ་རིག་ཤེས་ཀྱི་བཤམས་སྟོན་དང་རྣམ་ཤེས་ཀྱི་བདུད་རྩི⑨ནི་འཕྱ་དམོད་ཐེངས་ཤིག་དང་གདུག་རྩུབ་ཀྱི་དམའ་འབེབས་ཤིག་མ་ཡིན་ནམ། ང་ཚོ་བྲོ་ལ་ལྟད་མོ་ཕེབས་པ་ཡིན་ན་བཀྲ་ཤིས་བརྗོད་པ་དང་གར་སྟེགས་ཀྱི་སྒྲོན་འོད་ཡོད་ཚད་གཟིམ་ཚེ་ད་གཟོད་ངལ་གསོ་ངེས་ལ། འོན་ཀྱང་རྩེད་བྲོ་ཉམས་ཕྱུག་པོས་རྩེད་བཞིན་ཡོད་ལ་བྲོ་རས་མ་འཐེནཔ་དང་། ང་ཚོས་དོན་དུ་ཅི་ཞིག་རྩེད་ཀྱིན་ཡོད་པ་ལའང་གོ་བ་མེད་པའི་དུས་སུ་ང་ཚོ་འཁྲིད་འགྲོ་འམ། བུ་ཕྲུག་ཆུང་ཆུང་བཞིན་དུ་རང་བྱུང་ཁམས་ཆེན་པོའི་མ་ཡར་འདིས་ང་ཚོ་ལག་པས་ཡར་བཀྱག་ནས་སྟོང་ཆེན་པའི་འཇིག་རྟེན་གྱི་འདུ་འཁྲུག་སྟོན་པ་དང་། དེ་མ་ཐག་ཚེ་སྲོག་ནི་ཁྲེས་པོ་ལྗིད་པོ་འདེགས་དཀའ་བ་ཇི་བཞིན་ཁོ་མོས་ཡང་བསྐྱར་མར་ལ་བླངས། 
        ཡིན་ནའང་།  བར་སྐབས་ཐུང་ཐུང་སེ་གོལ་ཙམ་གྱི་རིང་ལ། འགྲོ་བའི་ཁམས་ཀྱི་མཚར་ལྗོངས་མང་པོ་ང་ཚོའི་མིག་གི་གསོས་སུ་གྱུར། དེ་ནི་འདག་རྗས་ཡི་ཝུ་བ་ཇི་བཞིན་ཏག་ཏག་སྔོན་ལ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཡོད་ཚད་འཆར་ཡོད་ཀྱང་། དེ་འཕྲལ་ལྷབ་ལྷུབ་ཀྱིས་དགུང་སྔོན་དབྱིངས་ལ་འཕུར་འགྲོ   ང་ཚོས་གསེར་མདོག་གི་ཉི་མ་དང་། གཡའ་དག་པའི་ཨ་སྔོན། མུ་མཐའ་བྲལ་བའི་མཚོ་མོ་མཐོང་ལ། ང་ཚོས་གོམ་སྟབས་ཡང་མོས་ནེམ་རྩྭའི་སྤང་ནས་བགྲོད་ཀྱིན་རང་བྱུང་ཁམས་ཀྱིས་གནང་བའི་རང་གི་གཟི་བརྗིད་ཉམས་སུ་མྱོང་ལ། ང་ཚོས་མགོ་ཡུ་འཁོར་བའི་གཡང་གཟར་བྲག་ལ་མར་ལྟ་དང་། མེ་ཏོག་ལྷམ་མེར་སྟན་འདྲར་ཆགས་པའི་རི་ལུང་ལ་རྒྱང་ལྟ་བྱས་ཤིང་། ང་ཚོས་ས་བཀྲ་གཅལ་དུ་བཀྲམ་ནས་མཛུབ་མོའི་སྲུབས་ནས་འཇིག་རྟེན་ལ་མྱུལ་པ་དང་། ང་ཚོས་སྐར་མའི་བར་ཐག་ཉེ་རུ་འཐེན་ནས་ལྟད་མོ་ལྟ་ལ།  ཞིབ་ལྟ་འཕྲུལ་ཤེལ་བཀོལ་ནས་ཕྲ་འབུ་རིགས་ལ་ལྟ་ནུས་ཤིང་། ལོ་རྒྱུས་ཀྱི་དཔེ་ཆ་ཀློག་ནས་བཙན་རྒྱལ་རེ་རེ་ཡི་དར་རྒུད་དང་དུས་རབས་ཀྱི་འཕོ་འགྱུར་མིག་ལ་ཤར་ཞིང་། སི་ཊོན་དང་ཐྲེ་ལོ།  པཱ་པེ་ལོན་དང་སཱོ་སཱ་རྣམས་ཀྱི་ངོ་མཚར་བའི་གཏམ་རྒྱུད་ལ་ཉན་པ་ནི་ཁྲོམ་སྐོར་ཆེན་པོ་ཞིག་ལ་ལྟད་མོ་བལྟ་བ་དང་གཉིས་སུ་མེད།  དེ་ནས་ང་ཚོས་འདི་དག་ནི་ཁ་སང་གི་ཉི་མ་ཡིན་པའི་བློ་སྐྱེས་བྱུང་། ང་ཚོས་སའི་གོ་ལ་འདིའི་འཁོར་མཚམས་གྱི་དུས་ཚོད་དང་འཇིག་རྟེན་འདིའི་གནས་ཡུལ་ལ་བསམ་བློ་གཏོང་དུས་ང་ཚོ་ནི་ལྟད་མོ་པ་ཡིན་ལ་འགུལ་སྤྱོད་འདིའི་ཆ་ཤས་ཤིག་ཀྱང་ཡིན།  ང་ཚོས་དུས་ཚིགས་བཞིའི་འགྱུར་ལྡོག་ཉམས་སུ་མྱོང་གིན་དབྱར་དགུན་ལ་གོ་བ་ལོན་ཞིང་། ང་ཚོས་ད་རུང་ཕུག་རོན་གྱི་ནགས་གསེང་ནས་ཀྱུར་སྒྲ་བསྒྲགས་ཤིང་།  ལྷགས་པའི་ཁྲོད་དུ་ལྗོན་ལོ་འདར་ཤིང་ཤུ་སྒྲ་འདོན་པ་ལ་རྣ་བས་ལྷོད་ཀྱིས་ཉོན་པ་དང་། ང་ཚོ་སྟོང་སང་སང་གི་བྱེ་ཐང་བརྒྱུད་ནས་མཚན་གུང་གི་གྲགས་སྒྲ་ཐོས་པ་དང་།  ང་ཚོས་གློག་འོད་འཁྱུག་འཁྱུག་གི་ཕོ་བྲང་དང་། ཡང་ན་ཞེད་སྣང་ཚ་པོ་བསྐྱེད་པའི་ས་དོང་། ཡང་ན་ལྟད་མོ་པས་རུབ་པའི་བྲོ་ཁང་ལས་འཚོ་བ་དངོས་ཀྱི་སྒྱུ་རྩལ་ལ་མིག་གིས་འདྲེན་ཀྱིན་ཡོད།  ང་ཚོས་ཚ་གདུག་དང་འཁྱགས་གྲང་།  དགའ་སྐྱིད་དང་སྡུག་བསྔལ།   བདེན་དོན་དང་ལེ་བདའ།  བདེན་ལུགས་དང་ནོངས་འཕྱུག་སོགས་ཀྱི་ཚོར་བ་མྱོང་ལ།  ང་ཚོས་སྒྱུ་རྩལ་བརྩམས་ཆོས་ལ་ཞིབ་འཇུག་བྱས་ནས་རང་གི་མཛེས་དཔྱོད་ལྟ་བ་མཐོར་འདེགས་བྱེད་པ་དང་། ང་ཚོས་སྙན་གྲགས་ཡོད་པའི་མི་སྣ་ལ་རྩིས་མཐོང་བྱེད་ཅིང་།  རྟག་བརྟན་གྱི་འཚོ་བ་ལ་རེ་འདོད་ཡོད།  ང་ཚོས་སཱ་ཧྲི་ཕི་ཡའི་བརྩམས་ཆོས་ལ་རོལ་མྱོང་བྱེད་པ་དང་།  ཡང་ན་ཉིའུ་ཐྲོན་གྱི་ལས་མཐུན་པར་གྱུར་ཡོད།
⑦ཧ་ཙི་ལེ་ཐུ་ཝི་ལའན་རྨུ་ནི་དབྱིན་ཇུ་རྒྱལ་ཁབ་ཀྱི་དཔྱད་བརྗོད་པ་དང་རྩོམ་པ་པོ་ཡིན་ལ། སྤྱི་ལོ1778ལོར་སྐྱེས་ཤིང1830ལོར་སྐུ་གཤེགས།
⑧ ཐྲོ་མ་སི་པུ་རོའང་ནི་དབྱིན་ཇུ་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་སྨྲ་བ་པོ་ཞིག་ཡིན་ལ།  སྤྱི་ལོ1605ལོར་སྐྱེས་ཤིང1682ལོར་སྐུ་གཤེགས། ཚིག་དུམ་འདི་ནི་ཁོང་གི་ལྷུག་རྩོམ་གྲགས་ཅན་བརྩེ་དུངས་ཞེས་པ་ལས་དྲངས་པ་ཡིན།
⑨རིག་ཤེས་ཀྱི་བཤམས་སྟོན་དང་རྣམ་ཤེས་ཀྱི་བདུད་རྩི་ཞེས་པའི་ཚིག་དུམ་འདི་ནི་རྩོམ་མཁན་གྱིས་ལུང་འདྲེན་ཞིག་ཡིན་འདུག་ལ། ཡོང་ཁུངས་གསལ་པོར་ཤེས་ཀྱི་མི་འདུག

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།