དོན་གྲུབ་ཚེ་རིང་དང་བཀྲ་ཤིས་ལྷུན་གྲུབ་ཀྱི་སྒྱུར་རྩོམ་ཁག་གསུམ།
ནོའར་མན་ཁོའུ་སིན④ནས་བརྩམས།
དུས་དེ་རིང་སྟེ་རྩིས་འཁོར་གྱི་དུས་རབས་སུའང་། འགྲོ་བ་མིའི་རིགས་ལ་གནའ་ནས་འཕྲད་པའི་རྩ་བའི་གནད་དོན་དེ་དག་ད་དུང་སྔར་བཞིན་ལུས་ཡོད། དེ་ནི་ཐོན་རྫས་མང་པོ་ཇི་ལྟར་བཟོ་སྐྲུན་བྱེད་པ་དང་། ཇི་ལྟར་སྐྱིད་ཉམས་ཡོང་བ། ཇི་ལྟར་སྤྲོ་སྣང་འཚོལ་བ་ནི་མ་ཡིན་པར། ཇི་ལྟར་སྔར་ལས་སྤྱང་པོ་ཡོང་བ་དང་། ཇི་ལྟར་སྔར་ལས་ཚོར་སྣང་སྐྱེན་པ། ཇི་ལྟར་སྔར་ལས་འཚོ་ཤུགས་རྒྱས་པ་བཅས་ཀྱི་གནད་དོན་ཡིན་འདུག རྩིས་འཁོར་གྱིས་འགྲོ་བ་མིའི་རིགས་ཀྱི་ནུས་པ་ལྡབ་ལྷག་གིས་འཕོ་འགྱུར་བྱུང་བ་དང་། དེས་མིའི་རིགས་ཀྱི་དངོས་སྤྱོད་ལག་རྩལ་གསར་གཏོད་ནུས་པ་དང་། དེ་མ་ཚད་གཞུང་ལུགས་སྔོག་འདོན་གྱི་ནུས་པ་ལ་དགྲ་གེགས་བཟོ་བའི་བར་གྱང་བཤིགས་ཚར་ཡོད། འོན་ཏེ་རྩིས་འཁོར་གྱིས་འགྲོ་བ་མིའི་རིགས་ལ་རང་ཉིད་དོན་དམ་པར་ཅི་ཞིག་ཡིན་པ་ལ་ངོས་ཟིན་པར་ལས་སླ་མོ་བཟོས་སམ་ལྷག་ཏུ་དཀའ་ཁག་ཏུ་བཟོས་ཡོད་པ་དང་། དེས་དོན་དམ་པའི་གནད་དོན་ལ་ངོས་ཟིན་ཡོང་བར་ཕན་ནུས་ཐོན་ཡོད་དམ་མེད་པ་དང་། དེས་མཛེས་སྣང་ལ་ཕྱོགས་ཡོངས་ནས་ངོས་ཟིན་ཡོང་བར་ཕན་ནུས་ཐོན་ཡོད་དམ་མེད་པ་དང་། དེས་འཚོ་བ་ལ་དཔྱད་གླེང་ཆ་ཚང་པོ་ཡོང་བར་ཕན་ནུས་ཐོན་ཡོད་དམ་མེད་པ་དང་། དེས་འཛམ་གླིང་སྤྱིའི་བདེ་འཇགས་ཡོང་བ་ལ་ཕན་ནུས་ཐོན་ཡོད་དམ་མེད་པ་བཅས་ཀྱི་གནད་དོན་འདི་དག་སྔར་ནས་ཡོད་པ་ལ་ད་ནི་སྔར་ལས་ལྷག་ཏུ་གལ་ཆེན་པོར་གྱུར་འདུག
རྩིས་འཁོར་གྱིས་ཚེ་སྲོག་ཞིབ་འཇུག་ཁྲོད་ཀྱི་དཀའ་ཁག་མང་པོ་ཉུང་ངུར་གཏོང་བ་དང་། ཡིན་ནའང་དེས་འཚོ་བ་ལ་བསམ་མནོ་མེད་པར་བྱུང་བའི་བླུན་རྨོངས་དང་རུལ་སུངས་དེ་དག་མེད་པར་བཟོ་ཐུབ་མེད་ལ། དེས་མི་ཆེ་གེ་མོ་ཞིག་དང་ཁོ་བོར་འབྲེལ་བའི་མི་གཞན་པའི་སྡུག་བསྔལ་དང་། རང་ཉིད་ཀྱི་གསར་གཏོད་རང་བཞིན་འཕེལ་རྒྱས་ཡོང་བའི་མཐུན་རྐྱེན། རིགས་རྒྱུད་ཀྱི་མཚོན་རྟགས། དེ་མིན་མི་རབས་རྗེས་མའི་ཁེ་དབང་བཅས་དོན་རྐྱེན་དག་ལ་མཐུད་འབྲེལ་བཟོ་དཀའ།
དོན་རྐྱེན་འདི་དག་རྩིས་འཁོར་གྱི་དུས་སུའང་ཧ་ཅང་གལ་ཆེན་ཏུ་སྣང་བ་ནི་གྲངས་རྩིས་བློ་གྲོས་ལ་འཕྲུལ་བའི་རྣམ་པ་ཡོད་སྲིད་པ་དང་། དེ་ནི་སྔར་ནས་ལྡན་པའི་ཚད་མ་དང་རིན་ཐང་། བློ་རིག ལྟ་གྲུབ་དག་རང་བཞིན་གཅིག་ཏུ་གླེང་བའི་རྣམ་པ་ཡོད་པ་བཞིན་ནོ།། དོན་རྐྱེན་ལག་སོན་ཡོང་བའི་ཐབས་ཤེས་ནི་དོན་རྐྱེན་དེ་དག་གི་རིན་ཐང་རྟོགས་པའི་ནུས་པ་དང་དེ་ལ་འཁྲི་བའི་རེ་འདོད། གཞན་ནུས་པ་བཅས་དང་མཐུན་པོ་ཡོང་དུས་དེས་འགྲོ་བ་མིའི་རིགས་ལ་ཕན་མཁོ་མང་པོ་བསྐྲུན་ནུས་སོ།།
གལ་ཏེ་དོན་དངོས་གང་རུང་ལ་བརྡར་ཤ་བཅད་མེད་པར་ཁྱབ་རྒྱ་ཆེན་པོ་བཟོ་བ་ཡིན་ན་དེ་ནི་ཞེད་སྣང་སྐྱེས་དགོས་པ་ཞིག་རེད་འདུག དེའང་སྐྱེ་བོ་ཀུན་གྱིས་མཐའ་མཇུག་གི་གཏན་ལ་ཕབ་པའི་དོན་དངོས་ཡིན་པར་ངོས་ཟིན་འཐོབ་ཡོད་པ་ལས་གོ་བ་ལོན་འོས་པའི་དོན་མཐུན་གྱི་དོན་རྐྱེན་དེའི་ཆེས་ཐོག་མའི་ཆ་ཤས་ཡིན་པར་ངོས་ཟིན་བྱུང་མེད། ཝེ་ཐ་ལེཌ་ལགས་ཀྱིས་གསུངས་པ་ནང་བཞིན་དོན་དངོས་ལ་དབྱེ་ཞིབ་བྱེད་ན་ནི་ཀླད་པ་ཁྱད་མཚར་པོ་ཞིག་ཡོད་དགོས། རྩིས་འཁོར་གྱིས་གྲངས་ཀ་ཡང་དག་མཁོ་འདོན་བྱེད་ཐུབ་མོད། གལ་ཏེ་དེ་ལ་རྟོག་དཔྱོད་མེད་ན་ནི་གྲངས་ཀ་འདི་དོན་མེད་དུ་སྣང་ངོ།།
དེ་བས། གློག་རྡུལ་བློ་རིག་གི་བར་མའི་རྩིས་རྒྱག་དང་འགྲོ་བ་མིའི་མཐའ་མཇུག་གི་ཁས་ལེན་འགན་དབང་གཉིས་ལ་དབྱེ་བ་གསལ་པོ་མ་བྱུང་བ་ཡིན་ན། རྩིས་འཁོར་ནི་དོན་མེད་དུ་བྱུང་བ་ཞིག་ཡིན་པར་བདེན་དཔང་བྱེད་ཐུབ། དེ་ནི་རྩིས་འཁོར་གྱིས་འགྲོ་བ་མིའི་རིགས་ཀྱིས་རང་གི་རེ་བ་སྐོང་བའི་འདུ་ཤེས་ནག་ནོག་ཏུ་བཟོ་སྲིད་ལ། དེས་སྐྱེ་བོ་ཀུན་ལ་འཕྲུལ་སྣང་སྦྱིན་ངེས། དོན་དངོས་སུ་མི་ཆེ་གེ་མོས་དགེ་མཚན་གྱི་དྲི་བ་འདོན་དུས་ཁོ་བོར་རྩ་བའི་གནད་དོན་ཡིན་པའི་རྟོགས་པ་ཡོད། དེ་བཞིན་རྩིས་འཁོར་ནི་བློ་རིག་གི་འཐུས་ཚབ་ཡིན་པ་ལས་བློ་རིག་གི་རྒྱ་བསྐྱེད་ཡིན་པའི་གོ་བ་མེད། དེས་ཀྱང་སྐྱེ་བོ་ཀུན་དྲི་ལན་ཞིབ་ཕྲ་ལ་བླ་ལྷག་གིས་ཡིད་ཆེས་བྱེད་སྲིད། ཕེ་ཀིན⑤གྱིས་གལ་ཏེ་ང་ཚོས་ཡིད་ཆེས་ནས་འགོ་ཚུགས་པ་ཡིན་ན་དོགས་སྣང་ནས་མཇུག་རྫོགས་ངེས་ལ། གལ་ཏེ་ང་ཚོ་དོགས་ཟོན་ནས་འགོ་བཙུགས་ཏེ་བཟོད་བསྲན་ཀྱིས་མཐར་སྐྱེལ་ན་ཡིད་ཆེས་ཀྱི་མཇུག་རྫོགས་ངེས་ཞེས་གསུངས་ཡོད།
རྩིས་འཁོར་གྱིས་ནོར་འཁྲུལ་སེལ་ཐུབ་མོད། འོན་ཀྱང་ང་ཚོ་འདི་ལ་ཡིད་ཚིམ་པོ་བྱུང་ནས་སྐད་མ་བརྒྱབ་པའི་སྔ་རོལ་དུ་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ཡུལ་ཁམས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་ནི་ནོར་འཁྲུལ་གྱི་གདོང་བསུ་ཐོབ་ནས་དེ་ཐག་གཅོད་ཀྱི་ཐབས་ཤེས་ཆེས་ལེགས་པོ་མ་རྙེད་པའི་བར་དུ་གནད་དོན་དེར་ཡང་དང་བསྐྱར་དུ་བསམ་གཞིགས་གཏོང་བ་དང་། འཚོལ་ཞིབ་བྱས་པ་ཡིན་པར་བསམ་བློ་གཏོང་འོས། དེ་ཡང་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པའི་ནོར་འཁྲུལ་དང་། རེ་བས་ཁེངས་པའི་ས་བོན། དེ་མིན་རང་ཉིད་བསྐྱར་བཟོ་ཡི་སྐལ་བ་ང་ལ་སྤྲད་རོགས། ཁྱོད་ཀྱིས་དོན་གྱིས་སྟོང་བའི་བདེན་ལུགས་རང་ཉིད་ལ་བསྐྱུར་ཞོག་ཅེས་ཧྥུ་ལེ་སི་གྷི་ལིན་ལེཌ་ཀྱིས་དེ་ལྟར་གསུངས་མྱོང་།
རྩིས་འཁོར་ལག་རྩལ་ལ་བཏོན་པའི་རེ་བ་གལ་ཆེ་ཞིང་ཁོ་ནར་སྣང་བ་ནི་མྱུར་ཚད་མགྱོགས་སུ་གཏོང་ནས་ཁྱོང་ཚད་ཆེ་རུ་གཏོང་བ་དང་། དྲན་ནུས་ཡུན་རིང་པོར་བྱས་ནས་ལུས་ཚད་ཆུང་ངུར་གཏོང་བ་མ་ཡིན་པར་གནད་དོན་དེ་ལས་ལྷག་པ་བཏོན་ནས་དེའི་དྲིས་ལན་བེད་སྤྱོད་གཏོང་པ་དེ་ཡིན་འདུག ང་ཚོས་རྩིས་འཁོར་ལག་རྩལ་ཆེད་མཁས་དང་སྙན་ངག་པའི་བར་དུ་མཉམ་འབྲེལ་དེ་ཙམ་བྱུང་ན་དགེ་མཚན་ལྷག་ཏུ་ཡོད་པར་འདོད་ཀྱིན་ཡོད། དེ་མ་ཚད་དེས་ལག་རྩལ་མི་སྣ་ལ་གནོད་པ་ཅུང་ཙམ་ཡང་ཡོང་ཐུབ་མེད། གློག་རྡུལ་ལག་རྩལ་གྱི་ཐག་གཅོད་བྱེད་པའི་གནད་དོན་ལ་གསར་གཏོད་རང་བཞིན་གྱི་འཆར་ཡན་ནུས་པ་བེད་སྤྱོད་པའི་ཁྱད་མཚར་གྱི་ནུས་པ་དེ་བརྒྱུད་ནས་རྩིས་འཁོར་གྱིས་ང་ཚོ་ལ་དོན་དམ་པའི་ཕན་མཁོ་འདོན་སྲིད། སྙན་ངག་པ་དང་དཔུང་པ་སྦྲེལ་ན་རྩིས་འཁོར་བེད་སྤྱོད་གནང་བའི་སྐྱེ་བོ་ཀུན་གྱི་མིག་རྒྱང་རིང་བ་མ་ཟད། ལག་རྩལ་ཁོ་ན་ལས་འཐོབ་དཀའ་བའི་འཕེལ་རྒྱས་ཀྱི་ལམ་བུ་རང་བཞིན་གྱིས་ཡོང་སྲིད།
ཨ་ལེ་ཧྲི་ཐོ་ཏི⑥གསུངས་པ་ནང་བཞིན་སྙན་ངག་པ་ལ་ཀུན་ཁྱབ་ཀྱི་བདེན་ལུགས་བརྗོད་པའི་ནུས་པ་ཡོད་ཅིང་། ཆེད་མཁས་པས་ཐ་སྙད་འདོན་སྲིད་པ་རྐྱང་རྐྱང་ཡིན། འདི་བཞིན་མ་ཟད། སྙན་ངག་པས་ང་ཚོར་འགྲོ་བ་མིའི་རིགས་ཀྱི་ནུས་པ་ཆེན་པོ་དེ་གློག་འདོན་འཕྲུལ་ཆས་ལས་ཐོན་པ་མ་ཡིན་པར་ཕུགས་འདུན་ལས་འོངས་པར་གསལ་འདེབས་བྱས་ཡོད་ལ། འགྲོ་བ་མིའི་རིགས་དོན་དུ་གང་འདྲ་ཡིན་དགོས་པ་ལས་ཁོ་བོ་ད་ཆ་ཇི་ལྟ་བུའི་རྣམ་པ་མ་ཡིན་པ་དང་། ཇི་ལྟར་ནོར་འཁྲུལ་གྱི་ངོས་ཟིན་ནས་དེ་ལས་སྒྲོལ་དགོས་པ་དང་། སྒྱུ་རྩལ་གྱི་ཐབས་ཤེས་བརྒྱུད་ནས་དུས་ཡུན་རིང་པོར་བསྐྱེད་པ་སོགས་འདི་དག་ཡོད་ཚད་རྨི་ལམ་ཁོ་ན་ལས་བྱུང་སྲིད་པའོ།། འགྲོ་བ་མིའི་ཕུགས་འདུན་གྱི་རང་བཞིན་ནི་ཁོ་བོ་དང་འབྲེལ་བའི་འདུ་ཤེས་སྦས་མ་ཕྱི་རུ་མངོན་པ་ཡིན་ནོ། འགྲོ་བ་མིའི་འདུ་ཤེས་སྦས་མར་ཡོད་པའི་ནང་དོན་དེ་དག་ནི་འཛམ་གླིང་འདིའི་གལ་འགངས་ཆེ་བའི་གསོ་ཆས་སུ་གྲུབ་ཡོད།
གལ་ཏེ་སྐྱེ་བོ་ཞིག་གི་འདུ་ཤེས་སྦས་མ་དེ་ཕུན་སུམ་ཚོགས་པོ་ཞིག་མིན་ན། ཁོང་གི་འཚོ་བ་ལ་བྲོ་བས་དཀོན། འདུ་ཤེས་སྦས་མ་ནི་དོན་རྐྱེན་དང་དུངས་ཀའི་དྲན་གཞིགས་ཡིན་ལ་དེས་འཚོ་བའི་བརྒྱུད་རིམ་བདག་གཉེར་བྱས་ཡོད་པ་མ་ཟད། ང་ཚོས་སྙན་ངག་པ་ཞེས་པའི་མིང་འདི་མིའི་རིགས་ཀྱི་རྣམ་ཤེས་དང་དེ་ལ་གླེང་མོལ་མཆིད་པའི་སྐྱེ་བོ་ཀུན་ཏེ་འདུ་ཤེས་སྦས་མར་མཁོ་བའི་རྒྱུ་ཆ་མཁོ་འདོན་བྱེད་པ་དང་དེའི་ཁྱད་མཚར་གྱི་ནུས་ཚད་མཐོར་འདེགས་བྱས་ནས་སྲུང་སྐྱོབ་བྱེད་མཁན་ལ་འབོད་པར་བེད་སྤྱད་གཏོང་གིན་ཡིན། སྙན་ངག་པས་སྐྱེ་བོ་ཀུན་གྱིས་གློག་རྡུལ་གྱི་ནུས་པ་ཇི་བཞིན་རང་གི་ཁྱད་ཆོས་བསྒྱུར་པ་ལ་བཀག་འགོག་བྱེད་སྲིད། དེའང་འགྲོ་བ་མིའི་རིགས་རྩིས་འཁོར་གྱིས་དབང་སྒྱུར་བྱེད་སྲིད་པའི་ཉེན་ཁ་མ་ཡིན་པར་སྐྱེ་བོ་ཀུན་གྱིས་རྩིས་འཁོར་གྱི་ཀླད་པ་ལ་ལད་ཟློས་བྱེད་པར་ཐུག་ཡོད། སྙན་ངག་པས་སྐྱེ་བོ་ཀུན་ལ་རང་ཉིད་ཀྱི་ཁྱད་ཆོས་རང་བཞིན་བསྲུང་དགོས་པའི་གསལ་འདེབས་བྱེད་པ་དང་། ཁྱད་ཆོས་རང་བཞིན་གྱི་མཐའ་མའི་མཚན་ཉིད་ལ་ངོས་ཟིན་འཐོབ་པའི་དགོས་པ་མེད་མོད། ཡིན་ཡང་ཁྱད་ཆོས་རང་བཞིན་གྱི་བསམ་གཞིགས་བྱེད་པའང་མིའི་རིགས་ཀྱི་ཐོབ་འབྲས་ཡིན་ནོ།།
④ནོའར་མན་ཁོའུ་སིན་ནི་ཨ་མེ་རི་ཀའི་དེང་རབས་ཀྱི་དཔྱད་བརྗོད་མཁས་ཅན་དང་། རྩོམ་པ་པོ། སྤྱི་ཚོགས་ལས་འགུལ་པ། འཛམ་གླིང་ཞི་བདེ་སྤེལ་མཁན་བཅས་ཡིན་ལ། སྤྱི་ལོ1915ལོར་སྐྱེས་ཤིང1990ལོར་སྐུ་གཤེགས། ཚེ་སྟོད་དུ་གཟའ་སྤེན་པའི་དཔྱད་བརྗོད་ཅེས་པའི་འགོ་གཙོའི་འགན་བཞེས་ནས་དུས་དེབ་དེ་ལ་སྙན་པ་ཤིན་ཏུ་རྒྱས།
⑤ཕེ་ཀིན་ནི་དབྱིན་ཇུ་རྒྱལ་ཁབ་ཀྱི་སྐད་དུ་གྲགས་པའི་མཚན་ཉིད་སྨྲ་བ་པོ་དང་། བསམ་བློ་སྨྲ་བ་པོ། རྩོམ་པ་པོ། ཚན་རིག་མཁས་ཅན་བཅས་ཡིན་ལ། སྤྱི་ལོ1561ལོར་སྐྱེས་ཤིང1626ལོར་སྐུ་གཤེགས།
⑥ཨ་ལེ་ཧྲི་ཐོ་ཏི་ནི་གནའ་རྒུ་རུ་སི་རྒྱལ་ཁབ་ཀྱི་སྐད་དུ་གྲགས་པའི་མཚན་ཉིད་སྨྲ་བ་པོ་དང་སློབ་གསོ་མཁས་ཅན། ཚན་རིག་པ་བཅས་ཡིན་ལ། སྤྱི་ལོ་སྔོན་གྱི384ལོར་སྐྱེས་ཤིང་སྤྱི་ལོ་སྔོན་གྱི322ལོར་སྐུ་གཤེགས། ཁོང་ནི་བྷོ་ལ་ཐུ་ཡི་སློབ་མ་ཡིན་ལ། ཨ་ལི་ཧྲན་ཏཱ་ཡི་དགེ་རྒན་ཡིན་པར་བཤད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com