ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > གཅན་རོང་བསྟན་འཛིན་མཆོག་གི་ཀུན་བཟང་འཁོར་ལོ«མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭ་བསྟོད»ཅེས་པའི་བཀླགས་ཚོར་ཕྲན་བུ།
གཅན་རོང་བསྟན་འཛིན་མཆོག་གི་ཀུན་བཟང་འཁོར་ལོ«མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭ་བསྟོད»ཅེས་པའི་བཀླགས་ཚོར་ཕྲན་བུ།
རྩོམ་པ་པོ།:སོར་རྩེ་མེ་ཏོག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-09-09 08:40:36
ཀློག་གྲངས།:
རྩོམ་རྙིང་བསྐྱར་ཀློག
—སྐུ་ཞབས་གཅན་རོང་བསྟན་འཛིན་མཆོག་གི་ཀུན་བཟང་འཁོར་ལོ«མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭ་བསྟོད»ཅེས་པའི་བཀླགས་ཚོར་ཕྲན་བུ།
རྩོམ་པ་པོ། སོར་རྩེ་མེ་ཏོག
དཔྱིད་ཀྱི་རྒྱལ་མོའི་འབུམ་ཕྲག་གི་བསྟར་ཕྲེང་ལྷ་ལས་བབས་ནས། ཁུ་བྱུག་སྔོན་མོ་ཡི་མགྲིན་གླུ་ཟི་ལིང་ཙོང་ཆུའི་འཁྲི་ཤིང་གི་མགུལ་དུ་ལྷང་ལྷང་གྲགས་པ་དང་མཉམ་དུ་སྐུ་ཞབས་གཅན་རོང་བསྟན་འཛིན་མཆོག་དང་ཁོང་གི་ཐུགས་མཚོ་ལས་འཁྲུངས་ཤིང་། སོར་རྩེ་ལས་སྨིན་པའི«མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭ་བསྟོད»ཅེས་པའི་བསྟོད་རྩོམ་མེ་ཏོག་ཆུང་ཆུང་འདིར་གཡུ་སྦྲང་གི་ནང་སེམས་ཀྱིས་གུས་འདུད་དང་བཅས་འཚམས་འདྲིའི་དྲི་མེད་ཀྱི་ལྷ་རྫས་ཕུལ་ཏེ། གསེར་གྱི་མཎྜལ་ལ་གཡུ་བྱུར་གྱིས་ཕྲ་ཚོམ་བཏབ་པ་ལྟ་བུའི་ཀུན་འཁོར་མེ་ཏོག་ཆུན་པོ་འདིའི་མྱོང་ཚོར་སྐོར་ཕྲན་ཙམ་གླེང་བར་བྱ།

གཅིག རེ་བའི་མྱུ་གུ་འབུས།
ཀུན་བཟང་འཁོར་ལོ་འདིའི་རྩོམ་པ་པོ་སྐུ་ཞབས་གཅན་རོང་བསྟན་འཛིན་མཆོག་ནི་སྤྱི་ལོ༡༩༦༢ལོར་རྨ་ལྷོ་ཁུལ་གཅན་ཚ་རྫོང་དགུ་རོང་ཁོག་གི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་ཁྱིམ་དང་སློབ་ཆུང་སློབ་གསོ་མྱོང་བཞིན་སྤྱི་ལོ༡༩༧༦ལོར་རྒྱལ་ཁབ་ཀྱི་མཐོ་རྒྱུགས་ལམ་ལུགས་བཅོས་སྒྱུར་གྱི་གོ་སྐབས་བཟང་བོར་འཕྲད་དེ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་དམའ་འབྲིང་དང་མཐོ་འབྲིང་ཟབ་སྦྱོང་འཛིན་གྲྭ་སོགས་ནས་ལོ་ངོ་བརྒྱད་ལ་ཐོས་བསམ་སློབ་སྦྱོང་བྱས་པ་དང་། དེ་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་གླིང་ཞིབ་འཇུག་འཛིན་གྲྭ་སོགས་ནས་ལོ་ངོ་དྲུག་སྟེ་ཁྱོན་མི་ལོ་ཉི་ཤུ་ཙམ་ལ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོ་མྱང་བ་མ་ཟད། ཁྱད་པར་དུ་དགེ་རྒན་ཆེན་མོ་ལྷ་མོ་སྐྱབས་དང་རྒན་ལྕང་སྐྱ་རྡོ་རྗེ་ཚེ་རིང་། མཁས་དབང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། རྒྱལ་སྲས་བློ་གྲོས། མཁས་དབང་བསམ་གྲུབ་རྒྱ་མཚོ་སོགས་མཁས་དབང་དགེ་རྒན་དམ་པ་སུམ་ཅུ་ལྷག་གི་དྲུང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཀྱི་ཉིང་ཁུ་གང་མང་ལ་ཐོས་བསམ་མཛད་ཅིང་། མི་ཚེ་ཕྱེད་ཙམ་ལ་སློབ་གསོ་སློབ་ཁྲིད་དང་སློབ་གསོ་དོ་དམ་གྱི་ཕྱག་ལས་བསྐྱངས་པ་རེད། མདོར་ན། རྒན་ཁོང་གི་སྐུ་ཚེ་ནི་ཐོས་བསམ་གྱི་མཚོ་མོར་འཇུག་པའི་སྐུ་ཚེ་ཞིག་དང་འགྱུར་མེད་ཀྱི་གཤིས་ཀ་སློབ་གསོའི་ལག་ལེན་ལ་བསྟིམས་པའི་སྐུ་ཚེ་ཞིག་ཡིན། སྐབས་སུ་བབ་པའི་གླེང་བྱ«མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭ་བསྟོད»ཅེས་པ་འདི་ལ་མཚོན་ན་རྒན་ཁོང་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཁར་བྲིས་པའི་བསྟོད་རྩོམ་ཞིག་སྟེ། ཐོག་མར་དཀར་འཇམ་ཡངས་པའི་གསེར་གྱི་འཛིན་མའི་སྟེང་སྤོས་ཆུའི་རི་མོ་བཀོད་པའི་དུས་ནི༡༩༨༢ལོའི་ཟླ༧པའི་ཚེས༩ཉིན་ཏེ། ཉིན་ཁྱད་པར་ཅན་དེར་རྒན་ཁོང་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མི་ལོ་དྲུག་གི་ཐོས་བསམ་སློབ་གཉེར་ལ་རེ་ཞིག་རྫོགས་ཚིག་བཀོད་ནའང་། མཐར་ཕྱིན་པ་ནི་གཏན་དུ་རྫོགས་པ་ཞིག་མ་ཡིན་པར་སློབ་ཁྲིད་ཀྱི་བྱ་བའི་ཞོར་དུ༡༩༨༣ལོར་ཕྱིར་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་རུ་བསྐྱར་འདོན་བྱས་ནས་རྩེ་གཞུང་ལྷ་མོ་སྐྱབས་སོགས་དགེ་རྒན་དུ་བསྟེན་ཏེ་ལོ་གཉིས་ཀྱི་རིང་ལ་ཀློང་ཆེན་མཛོད་བདུན་དང་སྤྱོད་འཇུག་སོགས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་བས་ཕྱིར། ཀུན་འཁོར་འདི་ཡང་རྩོམ་པ་པོས་མ་ཡུམ་སློབ་གྲྭར་བསྟོད་པ་དང་མཉམ་དུ་སྐོམ་པས་ཆུ་འདོད་ལྟ་བུའི་ཐོས་བསམ་གྱིས་འདུན་པའི་ཕྱིར་དགའ་ཚལ་དུ་ཕྱིན་འདོད་ཀྱི་གནས་ཚུལ་དེ་འདྲའི་འོག་སྦྱར་བའི་བསྟོད་རྩོམ་མེ་ཏོག་ཆུན་པོ་ཞིག་ཡིན།
དེ་རིང་གི་མྱང་བྱ་ཀུན་འཁོར་འདིའི་ནང་དོན་གྱི་ཐད་དུ་མགོ་ནས་མཇུག་བར་སྲོལ་རྒྱུན་རྩོམ་སྟངས་ཀྱི་སྲོག་གི་དབང་པོ་ཞུགས་ནས་མ་ཡུམ་སློབ་གྲྭའི་ཕྱི་ནང་གསང་གསུམ་དང་དགེ་རྒན་དམ་པའི་འཁོར་ལོ་གསུམ་གྱི་མཛད་འཕྲིན་དག་ལ་བསྔགས་པ་ཞིག་སྟེ། རྩོམ་གྱི་བརྗོད་བྱའི་ལུས་ལ་གྲིམས་ལྷོད་རན་པའི་སྒེག་ཆ་དང་། རྗོད་བྱེད་ཚིག་ལ་གཟུགས་རྒྱན་དང་དཔེ་རྒྱན། ཟུང་ལྡན་གྱི་རྒྱན་སོགས་ཀྱིས་གང་ལ་གང་འཚམ་དུ་སྤྲས་པའི་མཛེས་ཆ། ཚིག་སྦྱོར་སྡེབ་ལེགས་འཇམ་པ་དང་ཤེས་རབ་ཀྱི་དགོངས་སྲོག་འདྲེས་པའི་སྙན་ཆ་སོགས་ལྡན་པས། ཀློག་པ་པོ་གཡུ་སྦྲང་དག་ལ་ཚོར་བའི་སྐྱེན་དང་བཅུད་ཀྱི་ཚད་མི་འདྲ་བ་ཐོན་ངེས་པ་མ་ཟད་ཞིབ་འཇུག་གི་ཟབ་ཚད་དང་སློབ་སྦྱོང་གི་ནུས་ཚད་ཡང་ཡོད་པ་རེད།
གཉིས། ལྗོན་པའི་ཡལ་འདབ་རྒྱས།
སྤྱིར་ཀུན་བཟང་འཁོར་ལོ(回文诗)ཟེར་བ་ནི་རྩོམ་སྲོལ་གཏན་ཆགས་པ་ཞིག་སྟེ། སྙན་ངག་སྒྲ་རྒྱན་གྱི་ནང་གསེས་མིང་ཚིག་ཡི་གེ་རེའུ་མིག་ཏུ་བཀོད་ནས་ཡིག་ཕྲེང་དཀྱུས་སུ་མཐར་ཆགས་པ་དང་། ཕྱོགས་མཚམས་ནས་དབུས་སུ་བཀླག་ཚུལ་སོགས་སྟོན་པའི་འཁོར་ལོ་ཞིག་ལ་ཟེར། སྒྲ་རྒྱན་གྱི་ནང་གསེས་བྱ་དཀའ་བའི་ཁྱད་པར་གཞན་ལ། བ་ལང་གཅིན་དང་། ཕྱེད་འཁོར། ཀུན་ཏུ་འཁོར་བ་བཅས་མི་འདྲ་བ་གསུམ་ཡོད་ཅིང་། གླེང་བར་བྱ་བའི་ཀུན་ཏུ་འཁོར་བའི་རྩོམ་ཚུལ་ནི་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། “གཟུགས་ཅིག་ཀུན་ཏུ་འཁོར་བའམ། །སྔ་མའི་དང་པོ་དཀྱུས་སུ་བཀླགས། །ཐུར་ནས་གྱེན་དང་ཟུར་ནས་དཀྱིལ། །སྒོར་མོར་འཁོར་བ་ཀུན་འཁོར་ཡིན། །”ཞེས་མཚན་ཉིད་བཞག ། དེ་ལ་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་དགུ་ཡོད་དེ། རིམ་བཞིན་རིན་སྤུངས་པའི་བཞེད་སྲོལ་གྱི་ཀུན་བཟང་འཁོར་ལོ། བེེདརྦྷའི་ལུགས་ཀྱི་ཀུན་འཁོར་ཀསྨི་རའི་ལུགས་ཀྱི་ཀུན་འཁོར་བྱ་དཀའ་སླ་གཉིས། རྗེ་དགེ་འདུན་གྲུབ་ཀྱིས་བཞེད་པའི་ཀུན་འཁོར་བྱ་དཀའ་བ། དཔལ་སྒང་པའི་བཞེད་སྲོལ་གྱི་ཀུན་བཟང་འཁོར་ལོ། བོད་མཁས་པའི་བཞེད་སྲོལ་གྱི་ཀུན་འཁོར་ཡིག་འབྲུ་དགུ་མ་བྱ་དཀའ་བ། ཡང་དེའི་བཞེད་སྲོལ་གྱི་ཀུན་འཁོར་བྱ་སླ་བ། པཎ་ཆེན་བསྟན་པའི་དབང་ཕྱུག་གིས་གསར་གཏོད་མཛད་པའི་ཀུན་དཔལ་བེའུའི་གཟུགས་བཅས་ཡོད་པར་བརྟེན། རང་རེའི་བོད་བྱིངས་སུ་ཀུན་བཟང་འཁོར་ལོའི་བསྟོད་རྩོམ་གྱི་འབྲི་སྲོལ་གནའ་ནས་དར་ཡོད་པ་ཤེས་ཐུབ། དཔེར་ན། སྨིན་གླིང་ཁྲི་ཆེན་ལ་ཕུལ་བའི་ཀུན་བཟང་འཁོར་ལོ་དང་ཀློང་ཆེན་རབ་འབྱམས་བཟང་པོའི་ཞབས་ཀྱི་པདྨོར་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་སོགས་མང་དུ་ཡོད་དེ། དེ་དག་ལ་ཐུན་མོང་གི་ཁྱད་ཆོས་ལྡན་པ་ནི་མི་འགྱུར་གཡུང་དྲུང་གི་ལུགས་སུ་བྱས་ནས་སྐུ་ཚེའི་མཛད་པའམ་ཞབས་བརྟན་དུ་སྦྱར་ཡོད་པ་ནི་ཤས་ཆེ་ཞིང་། སྐབས་འདིའི་གླེང་བྱ«མཐར་ཕྱིན་སློབ་མས་མ་ཡུམ་སློབ་གྲྭ་བསྟོད»ཅེས་པའི་བསྟོད་རྩོམ་འདིའི་འབྲི་སྟངས་ཐད་དུ་སྐྱེས་བུ་དམ་པ་དག་གིས་སྦྱར་བའི་ཀུན་འཁོར་དང་འདྲ་བར་སྲོག་གི་དབང་བོ་ཞུགས་ཡོད་ཅིང་། ཐོག་མར་བསྟོད་པ་ཆུ་འཛིན་དཀར་པོའི་ཤོ་ལོ་ཀས་མདུན་བསུས་ཏེ་ཕྱི་ནས་ལྷ་མོ་དབྱངས་ཅན་མའི་སྲོག་དབང་ཞུགས་ནས་མི་ལོ་དྲུག་གི་ཐོས་བསམ་གྱི་འཕྲོ་འདུའི་རླབས་ཕྲེང་རེ་རེ་སྙན་ངག་གི་གཟུགས་འཕོས་པར་བྱེད་པའི་བསྟོད་ཚིག་ཅིག ། ནང་ནས་སྙན་ངག་གི་འཁྲི་ཤིང་ལ་ཤེས་རབ་ཀྱི་ཡལ་འདབ་རྒྱས་པར་བྱེད་པའི་དྲིན་གཟོ་ཞིག ། གསང་བའི་སྒོ་ནས་འཇོན་ནུས་རྒྱས་པར་བྱེད་པའི་དཔྱིད་དཔལ་གྱི་ཅོང་བརྡ་དང་བརྩེ་སེམས་བརྗེ་རེས་ཤིག་སྟེ། རྩོམ་གྱི་མགོ་ནས་མཇུག་བར་ཐོག་མར་མྱུ་གུ་འབུས། རིམ་བཞིན་ཡལ་འདབ་རྒྱས། ཐ་མར་འཛུམ་དཀར་བཞད་དེ་ནང་སེམས་སུ་མ་ཡུམ་སློབ་གྲྭའི་སྐྱེལ་ཚལ་ཡོངས་སུ་སྐལ་བཟང་མེ་ཏོག་ལྷུག་པོར་བཞད་པ་དང་དྲི་བསུང་ཁྱབ་པར་བྱེད་པའི་རེ་སྨོན་ཞིག་གིས་རྩོམ་གདན་གྲུབ་པ་རེད།
རྩོམ་གྱི་བརྗོད་བྱའི་ནང་དོན་གྱི་ཐད་དུ་ཐོག་མར་ལྷ་ཡི་གྲོང་ཁྱེར་ཁོ་ནར་མཚུངས་བའི་རེབ་གོང་རིག་འབྱུང་ལ་བསྟོད་པའི་སྦྲང་ཆར་བབས་སུ་བཅུག་ནས་རིམ་བཞིན་མཁྱེན་བརྩེའི་ཕྱག་ཡངས་སྐྱོང་མཁན་གྱི་དགེ་རྒན་རྩེ་གཞུང་ལྷ་མོ་སྐྱབས་ལགས་ཀྱིས་ཀུན་རྫོབ་གནས་ལྔ་རྟོགས་བྱེད་བརྩོན་འགྲུས་ཀྱི་རྟ་ཕོ་དང་། དོན་དམ་གནས་ལུགས་རྟོགས་བྱེད་ཤེས་རབ་ཀྱི་མེ་ལོང་། དུས་མཚུངས་སུ་སློབ་དཔོན་མཁའ་འབུམ་སོགས་ཀྱི་སྐུ་མདུན་ནས་སྒྲ་རིག་པའི་དོན་འགྲེལ་གྱི་གཏེར་ཁ་ཆེན་པོ་ཞིག་དང་། གནས་ལུགས་གཏན་ཚིགས་ཀྱི་རིགས་ལམ་ཕྲ་མོ་འབྱེད་བྱེད་ཚད་མ་རིག་པའི་རྣམ་གཞག་སོགས་སྦྱངས་ནས་ཤེས་རིག་གི་རྒྱ་མཚོར་འཇུག་པའི་ལྡེ་མིག་ཅིག་དང་། དུས་རབས་ཀྱི་ལམ་ཆེན་ལ་འཇུག་པའི་འཁོར་ལོ་ཞིག་སྦྱིན་པ། རིམ་གྱིས་མིང་ཚིག་ཡི་གེ། རིག་གནས་ཀྱི་རྣམ་གཞག་ཆེན་པོའི་འཁོར་ལོ་སྦྱིན་མྱོང་མཁན་གྱི་སྐྱེས་བུ་དམ་པ་དག་ལ་ནང་སེམས་ཀྱིས་གུས་འདུད་དང་བཅས་མ་ཡུམ་སློབ་གྲྭའི་མཚན་སྙན་རྒྱས་པར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།
གསུམ། རྩོམ་གྱི་མེ་ཏོག་བཞད།
རྩོམ་གྱི་བརྗོད་བྱ་དོན་གྱི་ཆ་ནས་གཏིང་ཟབ་ཅིང་རྗོད་བྱེད་ཚིག་གི་ཆ་ནས་བརྗིད་ཆགས་ཤིང་གཏན་ཚིགས་ཀྱིས་ཕྱུག་པས། རང་ལ་མཚོན་ན་བྱ་རྒྱལ་རྒོད་པོ་ཇི་བཞིན་མཐོན་པའི་དབྱིངས་རིམ་ནས་ཐོགས་རེག་མེད་པར་འཕུར་ཐབས་ཀྱི་ནུས་རྩལ་དང་། གསར་སྐྱེས་ཀྱི་མེ་ཏོག་ཇི་བཞིན་བཟོ་བོ་སྟོང་ལྷག་གིས་བཏགས་པའི་བལ་གདན་སྔོན་མོ་ཞིག་གི་སྟེང་ནས་ཕྲ་ལམ་མེར་བཞད་ཐུབ་པའི་ཤེས་ཡོན་གྱི་མཐོ་ཚད་དང་མཁྱེན་རབ་ཀྱི་ཟབ་ཚད། ཞིབ་འཇུག་གི་ནུས་ཚད་སོགས་མེད་པས། རང་གི་ནུས་ཚོད་ཀྱིས་འཛུམ་དཀར་བཞད་པའི་མེ་ཏོག་གི་ཉིང་བཅུད་ལེན་ཅི་ཐུབ་བྱས་ནས་བདུད་རྩི་མངར་མོར་རོལ་མྱོང་ཐེངས་ཤིག་བྱས་ན། ༢༠༢༡ལོའི་དགུན་ཟླ་ར་བའི་ཉིན་ཞིག་ལ་རྒན་ཁོང་དང་མཉམ་དུ་བསམ་བློ་བརྗེ་རེས་དང་ཐོས་བསམ་གྱི་གྲུ་གཟིངས་ལ་འཇུག་སྐབས་རྒན་ཁོང་གི་དཔེ་ཁང་ཆུང་ཆུང་དེའི་ནང་དུ་དུས་དེབ་ཀྱི་ཁམ་བུའི་མེ་ཏོག་ལ་ཆར་རླུང་གི་གཏོར་སྐྱོན་ཐེབས་པ་ལྟ་བུའི་དགེ་འདུན་ཆོས་འཕེལ་རྗེས་དྲན་གྱི་སྙན་དེབ་མགོ་ཤོག་མེད་པ་ཞིག་མིག་ཁར་མཐོང་བྱུང་། དཔེ་ཆའི་ནང་གི་བསྟོད་རྩོམ་དག་ནི་དེང་གི་ཚན་རྩལ་གྱི་དཔྱིད་དཔལ་སླེབས་པ་ལྟ་བུའི་གློག་གིས་བཏགས་པ་མ་ཡིན་པར་གསེར་གྱི་གླེབས་བམ་ལ་བེེཌཱུརྱ་ཞུན་མས་བྲིས་པས་བརྩམས་དེབ་ཆུང་ཆུང་ཞིག་སྟེ། ཉར་ཚགས་ཀྱི་རིན་ཐང་ལྡན་ལ། ཞིབ་འཇུག་གི་ཟབ་ཚད་ཡོད་པས། ངས་ཁ་ཕྱེས་མ་ཐག་མིག་ལམ་དུ་མཐོང་ཡོང་བ་ནི་ལག་བྲིས་བྱས་པའི་ཀུན་བཟང་འཁོར་ལོའི་བསྟོད་རྩོམ་སྟེ«མཐར་ཕྱིན་སློབ་མའི་མ་ཡུམ་སློབ་གྲྭ་བསྟོད»ཅེས་པ་དེ་ཡིན། ཡིན་ནའང་བསྟོད་རྩོམ་འདིའི་ཁ་བྱང་སྔོན་མ་ནི་འདི་མ་ཡིན་པར་ད་སྐབས་ཀྱི་ཁ་བྱང་འདི་རྗེས་ནས་བཏགས་ཤིང་། སྐབས་དེར་ངས་རྩོམ་འདིར་ཐེངས་འགའ་བཀླགས་ཀྱང་རིག་པའི་གནས་ལ་བློ་གདེང་ཐོབ་མེད་པའི་དབང་གིས་རྗོད་བྱེད་ཚིག་རིས་ལ་ཞུན་བརྡར་འདོན་སྟངས་དང་རྒྱན་གྱིས་སྤྲོས་སྟངས། དོན་གྱི་འབེབས་སྟངས། བཅུད་ཀྱི་སྙིང་བོ་འབའ་ཞིག་ལོན་མེད།
དེ་ནས༢༠༢༥ལོའི་དབྱར་ཁར་ཁུ་བྱུག་སྔོན་མོའི་མགྲིན་དབྱངས་ཤིག་ཐོས་འཛིན་གསོས་པའི་བདུད་རྩི་རུ་གྱུར་ནས་དག་ཞིང་གི་ལྷ་སར་འགྲོ་བའི་སྐལ་བ་ལྡན་བྱུང་བས། ཡུལ་དངོས་རྟོག་དཔྱོད་ཀྱི་གཤོག་ཟུང་དག་པའི་ལྷ་སར་བརྐྱངས་ཤིང་། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་དབེན་ས་དགོན་སོགས་གནས་ཁྱད་པར་ཅན་དག་ལས་རྟོག་དཔྱོད་ཀྱི་ཨམྲྀ་ཏ་མྱང་སྐབས་ཡང་བསྐྱར་ཀུན་བཟང་འཁོར་ལོས་བྲིས་པའི་རྩོམ་ཞིག་མཐོང་ལ། སྐབས་དེར་ངང་མོ་པད་མཚོར་འཇུག་པའི་སྤྲོ་སྐྱིད་ཇི་བཞིན་དགའ་སྤྲོས་ཁེངས་ནས་པར་འགའ་བརྒྱབ་པ་ཡིན། དེ་ནས་ཕྱིར་ཡུལ་ལ་ཡོང་ནས་གཤིབ་བསྡུར་ཞིག་བྱས་པ་ན། ཀུན་འཁོར་དག་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ལྡན་པ་ནི་གཡས་འཁྱིལ་གཡུང་དྲུང་གི་ཚུལ་དུ་བཀྲ་ཤིས་དགེ་མཚན་གྱི་འོད་སྣང་ཁྱབ་ཅིང་། རང་ལ་མཚོན་ན་གསེར་གྱི་གའུ་ལ་བྱུ་རུས་ཕྲ་བཏབ་པ་ལྟར་ཀུན་བཟང་འཁོར་ལོའི་བསྟོད་རྩོམ་ལ་འབྲེལ་འདྲིས་དང་དབྱེ་ཞིབ། གཤིབ་བསྡུར་བཅས་བྱེད་པའི་གསེར་གྱི་མིག་ཐུར་ཅིག་རྙེད་པ་དང་མཚུངས་བས། ངས་ཐེངས་འགར་ཀུན་འཁོར་གྱི་རྩོམ་དེ་དག་ལ་བསམ་གཞིག་བཏང་ནས་ཆོས་ཉིད་ཅིག་རྙེད་པ་ནི་ཀུན་འཁོར་འདི་ལ་ཕྱི་ནས་ནང་ལ་ཀློག་སྟངས་ཤིག་དང་ནང་ནས་ཕྱི་ལ་ཀློག་པ། དེ་ནས་ཕྲེང་གི་དང་པོ་ནས་རིམ་གྱིས་ཀློག་པ་སོགས་ཀློག་སྟངས་གང་མང་མཆིས་ཤིང་། སྐབས་འདིའི་གླེང་བར་བྱ་བའི་བསྟོད་རྩོམ་འདིར་མི་འགྱུར་རྡོ་རྗེའི་ཤེས་རབ་ཀྱིས་ཁྱབ་ལ། ཤུགས་ནས་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་ཁྱད་པར་དུ་དགེ་རྒན་དམ་པ་དག་གིས་མཛད་འཕྲིན་རྒྱས་ཤིང་སྐུ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་པའི་དན་རྟགས་གལ་ཆེན་ཞིག་ཅི་ནས་ཀྱང་ཡིན། ཀུན་འཁོར་འདིའི་བཀླག་སྟངས་ཐད་དུ་ཐོག་མར་ཤོག་བུའི་གཡས་ཀྱི་སྟེང་གི་གྲྭ་ནས་ཟུར་འདེད་ཀྱིས་བཀླག དེ་བཞིན་དུ་གཡོན་གྱི་སྟེང་ཟུར་དང་གཡས་ཀྱི་སྟེང་ཟུར། གཡོན་གྱི་འོག་ཟུར་དང་གཡས་ཀྱི་འོག་ཟུར་བར་མི་འགྱུར་རྡོ་རྗེའི་ཚུལ་དུ་བཀླག དེ་ནས་སྟེང་མཐའ་དཀྱིལ་ནས་གཡས་ཟུར་གྱིས་དེད་དེ་སྟེང་མཐའི་དཀྱིལ་བར་དུ་བཀླག དེ་བཞིན་དུ་སྟེང་མཐའི་དཀྱིལ་ནས་མས་ཟུར་དང་། གཡོན་མཐའ་དཀྱིལ་ནས་མས་ཟུར། འོག་མཐའ་དཀྱིལ་ནས་ཡས་ཟུར་གྱིས་རྡོ་རྗེའི་ཚུལ་ཏུ་བཀླག་དགོས་པ་རེད། བརྗོད་བྱ་དོན་གྱི་ཁྱད་ཆོས་ཐད་དུ་སྤྱི་ནས་བྱེ་བྲག་ལ་འཇུག་པའི་ཁྱད་ཆོས། གནའ་དེང་ཤེས་རིག་གི་ཁྱད་ཆོས། བརྩེ་སེམས་ཀུན་སྤྱོད་ཀྱི་ཁྱད་ཆོས། གྲིམ་ལྷོད་རན་པའི་ཁྱད་ཆོས། དྲིན་ལས་དྲིན་གཟོ་ཡི་ཁྱད་ཆོས་སོགས་འབུར་དུ་ཐོན་ཡོད་པ་མ་ཟད་ཀློག་པ་པོ་བློ་རབ་འབྲིང་ཐ་གསུམ་གྱི་མཐོང་སྣེ་དང་ཟུར་མི་འདྲ་བ་ནས་ཚོར་བའི་སྐྱེན་མི་འདྲ་བ་ཡོད་ངེས། ཁྱད་པར་དུ་ཤེས་བྱའི་བདུད་རྩི་རྔམ་འཐུང་བྱེད་བཞིན་པའི་ན་གཞོན་དག་གིས་བཀླགས་ན་རྒྱན་གྱི་བཀོལ་སྟངས་དང་ཚིག་གི་སྦྱོར་སྟངས། ཀུན་འཁོར་གྱི་འབྲི་ལུགས་སོགས་ག་ལེར་ག་ལེར་རྟོགས་ངེས་ཡིན།
བཞི། དཔྱིད་ཀྱི་ལང་ཚོ་སྨིན།
གཞན་ཡང་ཀུན་བཟང་འཁོར་ལོའི་བསྟོད་རྩོམ་འདིར་གཟུགས་རྒྱན་དང་དཔེ་རྒྱན་གྱི་དྲི་ངད་ཁྱབ་ཡོད་དེ། དཔེར་ན་ཀུན་འཁོར་གྱི་མཇུག་ཏུ“རིག་པའི་གནས་བཅུར་རིག་པའི་དཔལ་བོ་ཞེས། །ཕྱོགས་ཀྱི་འཁོར་ལོར་ཕྱོགས་མེད་ལྡིར་བ་གང་། །རྒྱུ་སྐར་དབུས་སུ་རྒྱུ་སྐར་རྒྱལ་བོ་བཞིན། །དགེ་ཐོན་ཚལ་དུ་དགེ་ཐོན་ལྷོ་བ་འཕགས། །”ཞེས་པའི་ཚིགས་བཅད་མེ་ཏོག་འདི་ལ་མཚོན་ན་སྙན་ངག་གི་རྒྱན་ལས་ཟུང་ལྡན་གྱི་རྒྱན་ལྟར་བརྩམས་ཡོད་ལ། རིག་པའི་གནས་ལ་མཁས་པ་རིག་པའི་དཔའ་བོ་དང་རྒྱུ་སྐར་གྱི་གྲས་སུ་རྒྱུ་སྐར་གྱི་རྒྱལ་བོ་ནི་ཕྲ་ལམ་མེར་བཞད་པ་ནང་བཞིན། དགེ་ཐོན་གྱི་སྐྱེད་མོས་ཚལ་དུ་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནི་དཔག་བསམ་ལྗོན་བཟང་ལྟར་ཁྱད་དུ་འཕགས་པ་ཡིན་པ་དོན་གྱི་ཆ་ནས་རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་བཀའ་དྲིན་མཚོན་བྱེད་དུ་བསྔགས་བརྗོད་ཀྱིས་མེ་ཏོག་གཏོར་བཞིན་ཡོད་ལ། གཞན་ན་ཚོད་ཉི་ཤུ་ཡས་མས་སུ་ཀུན་བཟང་འཁོར་ལོ་ཕྱག་རྩོམ་མཛད་པ་ནི་གཅིག་ནས་རང་ཅག་ན་གཞོན་དག་ལ་ཟུར་བསྟན་ལེབ་མཐོང་གི་ཚུལ་དང་། གཉིས་ནས་མ་ཡུམ་སློབ་གྲྭར་བསྟོད་པ་དང་མཉམ་དུ་དེང་གི་ན་གཞོན་དག་ལ་སློབ་སྦྱོང་གི་ཚུལ་དུ་རྩོམ་སྐུལ་ཞིག་ཀྱང་ཡིན།
མདོར་ན། དུས་རབས་ཉེར་གཅིག་གི་ཟུར་ཚད་ནས་ན་ཚོད་ཉི་ཤུ་ཡས་མས་སུ་ཀུན་འཁོར་ཞིག་རྩོམ་ཐུབ་པ་ནི་ཉིན་མོའི་སྐར་མ་ལྟར་སྣང་ལ། རྒན་ཁོང་ལ་མཚོན་ན་སྐབས་དེར་འཇོན་ཐང་གྲུ་གཟིངས་འདྲེན་མཁན་གྱི་སྐྱེས་བུ་དམ་པའི་སྐུ་མདུན་ནས་རིག་གནས་ཆེ་ཆུང་བཅུའི་བྱིན་ཆེན་བདུད་རྩི་བླངས་པའི་ཁྲོད་ནས་ཐོས་བའི་ཤེས་རབ་ཀྱི་མེ་ཏོག་བཞད་ཅིང་བསམ་པའི་ཤེས་རབ་ཀྱི་དྲི་བསུང་འཐུལ། གོམས་པའི་སྟོབས་ཀྱི་ཤེས་རབ་རྩལ་རྫོགས་ནས་བརྩམས་གནང་མཛད་པའི་འབྲས་བུ་ཡིན་པས། ཟུར་ཚད་གཞན་ཞིག་ནས་རང་དང་འདྲ་བའི་ན་གཞོན་དག་ལ་ཤེས་བྱའི་ཞིང་ཁམས་སུ་རུས་སྦལ་ནུར་འགྲོས་ཚུལ་དུ་མི་བསྐྱོད་པར། ནམ་ཡང་རིག་པ་ཚུགས་ཐུབ་ལྡན་པའི་སྒོ་ནས་ཐོས་པའི་མིག་ཕྱེས། བསམ་པའི་ཕུ་ཐག་ཆོད། གོམས་པའི་སྟོབས་སུ་གྱུར་ནས་འབད་པ་བྱས་ན་ནི་འབྲས་བུ་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་ཡོང་བ་ཡང་རྩོམ་འདིའི་མཇུག་གི་གཏམ་དུའམ་དགེ་སྐུལ་གྱི་ཚུལ་དུ་ཡིན་ཞིང་། ཁོ་བོར་མཚོན་ན་བརྗོད་བྱ་ཟབ་ཅིང་བརླིང་བའི་རྩོམ་འདི་ལྟ་བུར་ཐོས་བསམ་བྱེད་པའི་སྨོན་ཡུལ་བྱེད་པ་ལས་རྩོམ་དཔྱད་དང་མྱོང་ཚོར་འབྲི་བའི་རྣམ་དཔྱོད་གཏན་ནས་མེད་པས། བག་ཆགས་ཟབ་མོ་རེ་འཇོག་ཨེ་ཐུབ་སྙམ་པའི་ཀུན་སློང་གཙང་མ་ཞིག་གིས་རྒྱ་ལོ་དོན་གྲུབ་ཅེས་པའི་སྦྱར་བ་ཡིན་ནོ། །
༢༠༢༦ལོའི་ཟླ༤པའི་ཚེས༡༥ཉིན།
རྩོམ་པ་པོ་ངོ་སྤྲོད།
སོར་རྩེ་མེ་ཏོག མདོ་སྨད་གཅན་ཚ་རུ་སྐྱེས། དཔེ་ཀློག་གི་ཞོར་དུ་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་དྲྭ་བ། ཚགས་པར་འགའི་སྟེང་དུ་སྙན་ངག་དང་། རྩོམ་རིག་དཔྱད་བརྗོད། ལྷུག་རྩོམ་སོགས་གཙོ་བྱས་པའི་རྩོམ་ཡིག་རེ་འགའ་སྤེལ་མྱོང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号