«ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་མི་ཆོས་བསམ་བློ་སྣ་མང་ལ་དཔྱད་པ་མེས་པོའི་ཞལ་རྒྱུན»ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-09-04 08:30:51 ཀློག་གྲངས།:
       མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་འབའ་སྟོད་ཚེ་དབང་རྡོ་རྗེས་བརྩམས་པའི་དེབ་གསར«ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་མི་ཆོས་བསམ་བློ་སྣ་མང་ལ་དཔྱད་པ་མེས་པོའི་ཞལ་རྒྱུན»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།
       ཏུན་ཧོང་བྲག་ཕུག་ནས་ཐོན་པའི་མི་ཆོས་དང་འབྲེལ་ཡོད་ཀྱི་ཤོག་དྲིལ་ཡིག་ཆ་རྣམས་ནི། བོད་གནའ་རབས་དང་ལྷག་པར་དུ་བོད་བཙན་པོའི་རྒྱལ་རབས་རིང་གི་མི་ཆོས་རིག་གནས་མཚོན་པའི་ལུགས་ཀྱི་བསྟན་བཅོས་ཏེ། བོད་པ་རང་གི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ལྟ་བ་སོགས་ཡིག་ཐོག་ཏུ་ཕབ་པ་ཆེས་སྔ་བའི་ཡིག་ཆ་རྣམས་དང་། རིག་གཞུང་གི་དོན་སྙིང་དང་ལག་ལེན་གྱི་རིན་ཐང་བླ་ན་མཐོ་བའི་རིག་གནས་ཤུལ་བཞག་རྩ་ཆེན་གྱི་རིགས་ཀྱང་ཡིན། དཔེ་དེབ་འདི་ལས་ཏུན་ཧོང་ནས་ཐོན་པའི་མི་ཆོས་ཤོག་དྲིལ་སོ་སོའི་པར་གཞི་དང་། རྩོམ་སྟངས། སྐད་ཆའི་ཁྱད་ཆོས། ཡིག་ཐོག་ཏུ་ཕབ་པའི་དུས་རབས་ལ་སོགས་པར་དབྱེ་ཞིབ་དང་རིགས་འདེད་མཛད་ཡོད་པ་དང་། གནའ་རབས་ཡིག་ཆ་དེ་དག་ལས་མངོན་པའི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ཚད་གཞི་རྣམས་ལ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་དང་གསེད་བཀྲོལ་བྱ་བ་བརྒྱུད། མི་ཆོས་བསྟན་བཅོས་དེ་རྣམས་བོད་གནའ་རབས་ཀྱི་འཇིག་རྟེན་མི་ཆོས་མཚོན་པའི་ཡིག་ཚང་དང་། དམ་པའི་ལྷ་ཆོས་མཚོན་པའི་ཡིག་ཚང་། རྒྱ་ནག་ཤེའུ་ལུགས་མི་ཆོས་མཚོན་པའི་ཡིག་ཚང་བཅས་རིགས་ཆེན་པོ་གསུམ་དུ་ཕྱེས་ཏེ། སོ་སོའི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ལྟ་བ་གཙོ་བོ་རྣམས་རེ་རེ་བཞིན་ཐར་ཆགས་སུ་བཀོད་དེ་སྤྱི་བསྡོམས་བྱས་ཡོད།
       དེ་ཡང་ནང་པའི་བསྟན་པ་བོད་ཡུལ་དུ་དར་བའི་འཕེལ་རིམ་དང་། རྒྱ་བོད་མི་རིགས་གཉིས་ཀའི་རིག་གནས་འབྲེལ་འདྲིས་སོགས་ལས་འཕྲོས་ཏེ། དམ་པའི་ལྷ་ཆོས་སྐོར་གྱི་བསམ་བློ་དང་རྒྱ་ནག་ཤེའུ་ལུགས་ཀྱི་མི་ཆོས་རིག་གནས་རྣམས་བོད་ཡུལ་དུ་ཚུལ་ཇི་ལྟར་དར་ཚུལ་དང་། བོད་རང་གི་མི་ཆོས་སུ་སྡུད་ལེན་ཇི་ལྟར་བྱས་ཡོད་ཚུལ། བསམ་བློའི་འབྱུང་ཁུངས་དང་རིག་གནས་རྒྱབ་ལྗོངས་མི་འདྲ་བ་ལས་བྱུང་བའི་མི་ཆོས་བསམ་བློ་སྣ་མང་དེ་རྣམས་བོད་ཡུལ་དུ་ཇི་ལྟར་འབྲེལ་འདྲིས་དང་གཅིག་གྱུར་བྱུང་བ་སོགས་བརྗོད་དེ། བོད་པའི་སྲོལ་རྒྱུན་གྱི་མི་ཆོས་བསམ་བློ་གང་གི་སྣ་མང་རང་བཞིན་དང་ཕུན་ཚོགས་རང་བཞིན་གྱི་ཁྱད་ཆོས་དེ་འབུར་དུ་ཐོན་པར་བྱས་འདུག མཇུག་མཐར་བསམ་བློ་སྣ་མང་གིས་གྲུབ་པའི་མི་ཆོས་རིག་གནས་གང་དེའི་རིག་གཞུང་དོན་སྙིང་དང་བསམ་བློའི་ཤུགས་རྐྱེན། དེང་རབས་སྤྱི་ཚོགས་སུ་རྒྱུན་འཛིན་དང་དར་སྤེལ་བྱ་བའི་རིན་ཐང་ལ་སོགས་པར་དཔྱད་གླེང་མཛད་ཡོད་དོ། །

རྩོམ་པ་པོ་ངོ་སྤྲོད།
       འབའ་སྟོད་ཚེ་དབང་རྡོ་རྗེ་ལགས་ནི། 1973ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་སུམ་མདོ་སྡེ་བར་སྐྱེས། མི་རིགས་རིག་པའི་འབུམ་རམས་པ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། མཚོ་སྔོན་ཞིང་ཆེན“ཁུ་ནུ་ཤེས་ལྡན་མི་སྣའི་གསར་གཏོད་པའི”སྣེ་འཁྲིད་མི་སྣ། ཞིང་ཆེན་རིམ་པའི་མཐོ་རིམ་སློབ་གྲྭའི་རྐང་འཛིན་དགེ་རྒན་བཅས་ཡིན། སྔ་ཕྱིར་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་རྣམས་ལ«རིག་གནས་མིའི་རིགས་རིག་པ» «བོད་རིག་པ་སྤྱི་བཤད» «རྒྱ་བོད་རྩོམ་རིག་ལོ་ཙཱ»སོགས་སློབ་ཁྲིད་བྱས་མྱོང་། «ཀྲུང་གོའི་བོད་རིག་པ»སོགས་རིག་གཞུང་དུས་དེབ་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་ཅིང་། བསྒྱུར་དཔེ་གསུམ་དང་སློབ་དེབ་བཞི། རིག་གཞུང་ཆེད་དེབ་ལྔ་བཅས་དངོས་སུ་པར་བསྐྲུན་བྱས། མིག་སྔར་བར་རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི་གསུམ་ཙམ་ལ་འགོ་འཛིན་བྱས་ཏེ་ཡོངས་སུ་གྲུབ་ལ། སློབ་གྲྭ་རིམ་པའི་ལས་གཞི་ལྔ་ཙམ་བསྒྲུབས། ཞིང་ཆེན་དང་སློབ་གྲྭ་རིམ་པའི་སློབ་ཁྲིད་བྱ་དགའ་གསུམ་ཙམ་དང་། རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་དགའ་གཅིག ཞིང་ཆེན་དང་སློབ་གྲྭ་རིམ་པའི་བྱ་དགའ་མང་པོ་ཐོབ་མྱོང་ངོ་། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།