《ཡིག་ཕུད་སྙན་ངག》རྩོམ་པ་པོ་བཤད་པ།

རྩོམ་པ་པོ།:ཆབ་འགག་རྟ་མགྲིན། ཡོང་ཁུངས།:《བོད་བཙན་པོའི་དུས་ཀྱི་རྩོམ་རིག》 དུས་ཚོད།:2011-11-04 09:36:00 ཀློག་གྲངས།:
རྣམ་པར་རྨུགས་བྱེད་དྲེགས་པའི་ང་རོ་ཀུན་འཁྱིལ་བཞིན་སྒྲོགས་པའི་ཚལ། །ག་ལ་བ་དེར་རྣམ་པར་དུལ་བའི་ཡིད་ཀྱི་འདུན་པས་ཀུན་ནས་འདུད་པའི་སྤྱི་བོའི་གཙུག་གིས་འདུད་བྱེད་བཞིན། །ང་རུ་འཛིན་པའི་སྒོ་ངའི་ནང་གནས་རྒྱལ་བའི་སྲས་སུ་དམ་འཆའི་ང་རོས་རང་རྒྱལ་དགྲ་བཅོམ་ཟིལ་གནོན་བྱེད།།……ཧ་ཅང་རྒུད་པའི་ངན་འགྲོའི་འགྲོ་བའང་ཀུན་ཏུ་འདྲེན་ན་བདེ་འགྲོའི་འགྲོ་བ་བདེ་ལ་འགོད་པ་སྨོས་ཅི་དགོས། །ཨ་ཡི་ཡི་གེ་ཡི་གེའི་ཚོགས་ཀྱི་སྲོག་ཏུ་གནས་བཞིན་རྒྱུ་ལམ་འབྲས་བུའི་ཆོས་ཀྱི་ཆོས་ཉིད་སྟོང་ཉིད་ཡིན།། ཞེས་ཀ་ཁའི་རིམ་པ་ལུགས་འབྱུང་དུ་བསྟར་ཞིང་། བྱ་སླ་བ་ཟུང་ལྡན་དང་། གནས་ངེས་པའི་བྱ་དཀའ་བ་སོགས《སྙན་ངག་མེ་ལོང》བོད་ལ་ཆ་ཚང་བར་མ་འགྱུར་གོང་ལ་རྒྱ་གཞུང་ལ་བརྟེན་ནས་སྦྱངས་རྗེས། དེའི་ནང་གསེས་དབྱངས་གསལ་དང་སྐྱེས་གནས་ངེས་པ་སོགས་བྱ་དཀའ་བའི་སྒྲ་རྒྱན་གྱི་ཐུགས་བསྐྱེད་ལ་བརྟེན་ནས་ཚིག་རྐང་སོ་སོའི་མགོ་ལ་ཀ་ཁའི་རིམ་པ་ལུགས་འབྱུང་དུ་བསྟར་ཞིང་། ཟུང་ལྡན་དང་གནས་ངེས་པའི་སྒྲ་རྒྱན་གྱི་སྦྱོར་ལུགས་ལྟར་བོད་ཡིག་གིས་བརྩམས་པ་དང་། ད་ལྟའང་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་རྒྱ་ཡིག་གམ་དབྱིན་ཡིག་སྟེང་ནས་འཛམ་གླིང་སྤྱི་ལ་ཁྱབ་པའི་རྩོམ་རིག་གཞུང་ལུགས་དང་རྩོམ་འཇུག་རིག་པ་སོགས་སྦྱངས་ཤིང་། དེའི་ཁྲིད་སྔོན་འོག་བོད་ཡིག་གི་ལམ་ནས་རང་མོས་སྙན་ངག་དང་བརྩམས་སྒྲུང་། ལྷུག་རྩོམ། འཁྲབ་གཞུང་། ཁ་ཤགས། དཔྱད་རྩོམ་སོགས་རྩོམ་པ་ཡིན་ན། 《ཡིག་ཕུད་སྙན་ངག》གི་ཚིག་རྒྱན་སྦྱོར་ལུགས《སྙན་ངག་མེ་ལོང》གིས་དངོས་བསྟན་གྱི་བྱ་དཀའ་བའི་སྒྲ་རྒྱན་གྱིས་བཅིངས་པ་དེའང《ཡིག་ཕུད་སྙན་ངག》བཙན་པོའི་དུས་ཀྱི་བརྩམས་ཆོས་མིན་པའི་སྒྲུབ་བྱེད་དུ་མི་འགྲོའོ།།
  3.《རྭ་ལོ་ཙཱ་བའི་རྣམ་ཐར》ལས། “ལ་མོར་བཞུགས་དུས། རྡོ་ལ་གསོལ་མཛོ་མོ་ཞིག་གི་རྨིག་རྗེས་གསལ་བར་བྱུང་། བསེ་ཁྲབ་པ་འཁོར་བཅས་ཀྱི་སྲོག་སྙིང་འཕྲོག་ནས་དམ་ལ་བཏགས། གྱེར་དུ་ཐོན་མི་སཾ་བྷོ་ཊའི་ཡིག་ཕུད་རྡོ་ལ་བརྐོས་པ་གཅིག་ཡོད་པ་མཇལ་ཚེ་ཡི་གེ་ལས་བདུད་རྩི་བབས། རྒྱ་མར་ཆོས་རྒྱལ་སྲོང་བཙན་གྱི་འཁྲུངས་ས་གཟིགས་པ་ལ་གསོལ་འདེབས་མཛད་ཚེ། ལུང་པ་འཇའ་འོད་ཀྱིས་གང་བའི་གསེབ་ནས་དངུལ་གྱི་ཡིག་དྲུག་ཆར་འབབ་པ་ཀུན་གྱིས་མཐོང་། འབྲི་ཁུང་དུ་དཔལ་ལྡན་ཨ་ཕྱི་མ་དང་། གཞི་བདག་བར་ལྷས་དགེ་བསྙེན་ཞུས་། མལ་གྲོར་བཞུགས་ཚེ། མལ་གྲོ་གཟི་ཅན་འཁོར་བཅས་ཀྱིས་ཆོ་འཕྲུལ་ཆེར་བསྟན……”ཞེས་འཁོད་པ་ལྟར་ན། 《ཡིག་ཕུད་སྙན་ངག》དེ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་སྐུ་རིང་སྟེ། 《སྙན་ངག་མེ་ལོང》བོད་ལ་མ་འགྱུར་བའི་ལོ་ཉིས་བརྒྱ་ལྷག་གི་སྔོན་ནས་རྡོ་ལ་བརྐོས་ཡོད་པར་མ་ཟད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི《བཻཌྰུརྱ་སེར་པོ》ལས། “བཙུན་མོ་ཚལ་ཆེས་སྡེ་ནི་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་བཏབ། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་མ་མདར་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་འཁུངས། བྱིན་ཆེན་མདར་ཐུ་མི་སཾ་བྷོ་ཊས་ཡིག་ཕུད་ཕུལ་བ་འཁོར་ནང་ལྷ་ཁང་དུ་གྲགས་པ་སོགས་རྒྱལ་པོ་ཡབ་ཡུམ་གྱི་སྐྱེད་མོས་ཚལ་ཏེ་བཙུན་མོ་རྣམས་རྒྱུན་དུ་བཞུགས་པས་བཙུན་མོ་ཚལ་དུ་གྲགས་པའི་སར་ཆོས་སྡེ་འདི་ཉིད་བཏབ”ཅེས་འཁོད་པ་ལས། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་སྤྱི་ལོ1420ལོར་བཙུན་མོ་ཚལ་ཞེས་པའི་ཆོས་སྡེ་དེ་མ་བཏབ་སྔོན་དུ་ཐུ་མི་སཾ་བྷོ་ཊས་ཡིག་ཕུད་ཕུལ་བའི་དོན་ལ་རྗེས་དྲན་གྱི་འཁོར་ནང་ལྷ་ཁང་ཞེས་པ་ཞིག་ཡོད་པས། ལྷ་ཁང་དེའི་རྟེན་གཙོ་བོ་ཐོན་མིའི་ཡིག་ཕུད་རྡོ་བརྐོས་མ་དེ་ཡང་ད་ལྟ་བཙུན་མོ་ཚལ་དགོན་ན་ཡོད་པའི《ཡིག་ཕུད་སྙན་ངག》རྡོ་བརྐོས་མ་དེའམ་ཡང་ན་དེའི་མ་ཕྱི་ཡིན་པར་སྙམ། དེས་ན《རྭ་ལོའི་རྣམ་ཐར》དུ་རྭ་ལོས་གྱེར་བྱ་བར་ཐོན་མིའི་ཡིག་ཕུད་མཇལ་བར་འཁོད་ཡོད་ཅེ་ན། ཁོ་བོར་གྱེར་ཞེས་པ་ས་ཆ་གང་ཡིན་པར་རྟོག་དཔྱོད་བྱེད་པའི་སྐལ་བ་མ་ལྡན་རུང་། བཙུན་མོ་ཚལ་དང་ཉེ་ཞིང་འབྲེལ་བའི་འབྲོམ་ཐོད་ཆུས་གྱེ་རེ་ཞང་དུ་གྱེར་དགོན་གསར(དགོན་པ་རི་ཁྲོད)ཞེས་པ་ཞིག་ཡོད་པ་དང་། 《རྭ་ལོའི་རྣམ་ཐར》དུ་འཁོད་པའི་གྱེར་ཞེས་པའང་ལ་མོ་དང་མལ་གྲོ་གུང་དཀར། རྒྱ་མ། འབྲི་ཁུང་སོགས་དང་འབྲེལ་ཞིང་ཉེ་བའི་ཡུལ་ན་ཡོད་པས། “གྱེར”ཞེས་པ་དེ་བོད་ལྗོངས་སྟག་རྩེ་རྫོང་གི་འབྲོམ་ཐོད་ཆུས་གྱེ་རེ་ཞང་དང་ལ་མོ་ཆུས་གཙང་ཏོག་ཞང་དུ་ཁྱབ་པའི་ས་ཁྱོན་སྤྱི་ལ་ཟེར་བར་སྙམ། དེས་ན་རྭ་ཡེ་ཤེས་སེང་གེས《རྭ་ལོའི་རྣམ་ཐར》རྩོམ་དུས་བཙུན་མོ་ཚལ་ཞེས་པའི་ཆོས་སྡེ་ད་དུང་བཏབ་མེད་པས་ས་དེའི་སྤྱིའི་མིང་ནས་བརྗོད་པ་དང་། ཕྱིས་ཀྱི་མཁས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱི་སྐུ་རིང་ལ་བཙུན་མོ་ཚལ་ཞེས་པའི་ཆོས་སྡེ་ཆགས་ཟིན་པས་གནས་བྱེ་བྲག་གི་མིང་ནས་བརྗོད་པ་སྟེ། ཡུལ་སོ་སོར་སྣང་ཡང་དོན་དུ་ཡུལ་སྤྱི་དང་བྱེ་བྲག་གི་ཁྱད་པར་ལས་གཅིག་ཡིན་པར་འདོད་ན་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།
  མདོར་ན། ཐོན་མི་སཾ་བྷོ་ཊ་རྒྱ་གར་ནས་ཕྱིར་ཕེབས་ཚེ་ཁོང་གིས་རྒྱ་གར་དུ་སློབ་གཉེར་མཛད་ཚུལ་དང་བོད་ཀྱི་སྐད་དང་མཐུན་པའི་སྒྲ་སྦྱོར་ཡི་གེ་གསར་གཏོད་མཛད་པའི་ཚུལ་རྒྱལ་པོ་སྲོང་བཙན་སྒམ་པོར་སྙན་ཞུ་འབུལ་པར་རྒྱ་གཞུང་ལས་སྦྱངས་པའི་དབྱངས་གཅིག་ངེས་པ་དང་དབྱངས་་བཞིར་ངེས་པའི་བྱ་དཀའ་བའི་སྒྲ་རྒྱན་གྱི་ལུགས་ལྟར་སྐབས་དེའི་བོད་ཀྱི་སྐད་དང་ཡི་གེའི་སྒོ་ནས་སྙན་ངག་ཤོ་ལོ་ཀ་གཉིས་བརྩམས་ནས་ཕུལ་བས། ཕྱིས་རབས་རྣམས་ཀྱིས་བོད་ཀྱི་ཤེས་རིག་ལོ་རྒྱུས་སྟེང་གི་འཕྲིན་ལས་རླབས་ཆེན་དེར་རྟག་ཏུ་བསྔགས་བརྗོད་དང་ཡུན་རིང་དུ་རྗེས་དྲན་བྱ་ཆེད་གནས་དེར་དགོན་པ་བཏབ་ཅིང《ཡིག་ཕུད་སྙན་ངག》ཀྱང་སྐད་གསར་བཅད་ཀྱིས་བཅོས་ནས་རྡོ་ལ་བརྐོས་ཏེ་དགོན་པའི་རྟེན་དུ་ཉེར་ཚགས་བྱས་པ་ལགས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།