《ཡིག་ཕུད་སྙན་ངག》རྩོམ་པ་པོ་བཤད་པ།

རྩོམ་པ་པོ།:ཆབ་འགག་རྟ་མགྲིན། ཡོང་ཁུངས།:《བོད་བཙན་པོའི་དུས་ཀྱི་རྩོམ་རིག》 དུས་ཚོད།:2011-11-04 09:36:00 ཀློག་གྲངས།:
  གོང་དུ་དྲངས་པའི《ཡིག་ཕུད་སྙན་ངག》ཤོ་ལོ་ཀ་གཉིས་ནི《རྒྱལ་རབས་གསལ་བའི་མེ་ལོང》དང《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་རྒྱལ་རབས་དང་ཆོས་འབྱུང་རྣམས་སུ་ཐོན་མིའི་བརྩམས་ཆོས་ཡིན་པར་བརྗོད་ཅིང་། བོད་ལྗོངས་སྟག་རྩེ་རྫོང་དུའང་བརྩམས་ཆོས་དང་བཅས་པའི་ངག་རྒྱུན་ཆ་ཚང་ད་ལྟའི་བར་མ་ཉམས་པར་ཡོད་ལ། བོད་ཀྱི་ཚིག་རྒྱན་རིག་པའི་བསྟན་བཅོས་མཛད་པ་པོ་རྣམས་ཀྱིས་ཀྱང་དེ་ལྟར་བཞེད་པར་མ་ཟད། རྟག་ཏུ《སྙན་ངག་མེ་ལོང》བོད་ལ་མ་འགྱུར་གོང་ནས་བོད་ལ་སྙན་ངག་ཡོད་པའི་མཚན་གཞིར་འདྲེན་གྱིན་ཡོད་ཀྱང་། ད་ལྟའི་ཞིབ་འཇུག་པ་ཁག་ཅིག་གི་སྣང་ངོར《ཡིག་ཕུད་སྙན་ངག》དེའི་ཡིག་གཟུགས་བཙན་པོའི་དུས་སྐབས་སུ་ཡི་གེར་བཀོད་པའི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་དང་མི་འདྲ་བ་སྟེ། གི་གུ་ཕྱིར་ལོག་མེད་པ་དང་། བོད་ཀྱི་བརྡ་སྤྲོད་རིག་པ་དང་འགལ་ཞིང་ཚད་དང་མི་མཐུན་པའི་འབྲི་སྲོལ་མེད་ལ། ཚིག་གི་ཕྲེང་བར་མཛེས་རྒྱན་སྤེལ་སྟངས་ནི་དུས་རབས་བཅུ་གསུམ་པར་བོད་དུ་འགྱུར་བའི《སྙན་ངག་མེ་ལོང》གི་ལེའུ་གསུམ་པའི་སྒྲ་རྒྱན་གྱི་ནང་གསེས་བྱ་དཀའ་བའི་རྒྱན་གྱི་སྦྱོར་ལུགས་ཇི་བཞིན་བརྩམས་པར་དམིགས་ནས། 《ཡིག་ཕུད་སྙན་ངག》དེ་ཐོན་མིའི་ཕྱག་རྩོམ་ཡིན་པར་ཁས་མི་ལེན་པར་མ་ཟད། ཡི་གེ་སྲོལ་བཏོད་མ་ཐག་པའི་དུས་སྐབས་དེར་ཚིག་གི་སྦྱོར་བ་འབྲེལ་ཆགས་པོ་ཡོད་པའི་སྙན་ངག་དེ་འདྲ་རྩོམ་ཐབས་མེད་པར་བརྗོད་པ་དང་། ཡང་ན་ཐེ་ཚོམ་གྱི་དྲ་བར་ཚུད་དེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་འགོད་མི་ཕོད་ལ། བོད་ཀྱི་གནའ་རབས་རྩོམ་རིག་ནང་དུའང་འདྲེན་གྱིན་མེད། 《ཡིག་ཕུད་སྙན་ངག》གི་ཡིག་གཟུགས་དང་ཚིག་སྦྱོར་སོགས་ཀྱི་ཆ་ནས་དེ་དུས་རབས་གང་གི་བརྩམས་ཆོས་ཡིན་པར་དཔྱད་པ་ལ་མི་འོས་པ་ཅི་ཡང་མེད་རུང་། ཞིབ་ཏུ་བསམས་ན་ཡིག་གཟུགས་དང་ཚིག་སྦྱོར་གྱི་ཁྱད་ཆོས་དེ་དུས་རབས་གང་གི་བརྩམས་ཆོས་ཡིན་པ་ཐག་གཅོད་པའི་ཚད་གཞི་འབའ་ཞིག་ཏུ་བཟུང་བ་ནི་དེ་འདྲ་ལེགས་པོ་ཞིག་མིན་པར་སྙམ། རྒྱུ་མཚན་ནི།
  1.བོད་ཀྱི་ད་ལྟའི་སྒྲ་སྦྱོར་ཡི་གེ་འདི་གསར་གཏོད་མཛད་རྗེས། བོད་སྐད་འཕེལ་འགྱུར་གྱི་དགོས་མཁོ་ལྟར་སྐད་གསར་བཅད་ཐེངས་གསུམ་བྱས་པར་མ་ཟད། སྐད་གསར་བཅད་བྱེད་ཐེངས་རེ་ལ་སྔ་འགྱུར་དང་སྔར་རྩོམ་རྣམས་ཀྱང་སྐད་གསར་བཅད་ཀྱིས་བཅོས་པས། བཙན་པོ་དུས་སུ་བརྐོས་པའི་རྡོ་རིང་ཡི་གེ་དང་ཏུན་ཧོང་གཏེར་ཡིག་དུས་སྐབས་སོ་སོའི་ཡིག་ཚང་ལག་བྲིས་མ་བཅས་ཕུད། དུས་རབས་ཀྱི་ཁྱད་ཆོས་མེད་པར་གྱུར་པ་སྟེ། ཐོན་མི་སཾ་བྷོ་ཊས་བསྒྱུར་པའི《མདོ་སྡེ་ཟ་མ་ཏོག》དང་། 《སྤང་སྐོང་ཕྱག་བརྒྱ་པ》སོགས་དང་། ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་ལོ་ཙཱ་བ་པ་གོར་བཻ་རོ་ཙ་ན་དང་། ལྡན་མ་རྩེ་མང་། ཁ་ཆེ་ཨཱ་ནནྟ། གཉགས་ཛྙཱ་ན་ཀུ་མ་ར། འཁོན་ཀླུའི་དབང་བོ། རྨ་རིན་ཆེན་མཆོག སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་བཅས་ལོ་ཙཱ་བ་རབ་དགུས་བསྒྱུར་བའི་བཀའ་བསྟན་རྣམས་ལ་གཟིགས་དང་དེ་དག་གི་ཡིག་གཟུགས་དང་། མིང་བརྡ། དབྱངས་ཡིག ཚིག་སྦྱོར་སོགས་ཀྱང་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་གཏེར་ཡིག་དང་ཁྱད་པར་ཤིན་ཏུ་ཆེ་བ་ནི། འགྱུར་རྙིང་པ་རྣམས་ཀྱི་མཛད་བྱང་དུ“རྒྱ་གར་གྱི་མཁན་པོ་ཤྲཱི་ལེནྡྲ་བོ་ངྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས”(འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་བམ་པོ་བདུན་པ་སོགས་ཀྱི་འགྱུར་བྱང་དུ་གསལ།)ཞེས་པ་ལྟར་སྐད་གསར་བཅད་ཀྱིས་དག་པར་བཅོས་པའི་རྐྱེན་གྱིས་ཡིན། དེས་ན《ཡིག་ཕུད་སྙན་ངག》ཏུ་གི་གུ་ཕྱིར་ལོག་དང་མིང་གཞི་རྐྱང་བ་ལ་མཐའ་རྟེན་འ་ཡིག་སྦྱར་མེད་པ། མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་པ་དང་མ་ནིང་ཡི་གེ་ཁ་ཆ་ཐ་ཕ་སོགས་ཕན་ཚུན་འདམ་ངའི་ཚུལ་གྱིས་བྲིས་མེད་པ་དེ《ཡིག་ཕུད་སྙན་ངག》སྐད་གསར་བཅད་གསུམ་པའི་སྔོན་གྱི་བརྩམས་ཆོས་མིན་པའི་སྒྲུབ་བྱེད་དུ་མི་འགྲོ་ལ། ཐོན་མི་སཾ་བྷོ་ཊའི་རྩོམ་མིན་པའི་སྒྲུབ་བྱེད་དུ་དེ་བས་ཀྱང་མི་འགྲོའོ།།
  2.མཁས་མཆོག་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི《དེབ་ཐར་དཀར་པོ》ལས་གསུངས་པ་ལྟར་ན། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། རྒྱ་གར་གྱི་རྒྱལ་པོ་ཤྲཱི་ཧརྵ་དང་། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་བོ་དང་། ནག་མོའི་ཁོལ་དང་། དབྱུག་པ་ཅན་སོགས་དུས་མཚུངས་ཡིན་པ་དང་། སློབ་དཔོན་དཎྚིའི་མེས་པོ་བྷ་ར་ཝིའམ་མོ་དར་བྱ་བ་ནི་བྱ་དཀའ་བའི་ཚིག་སྦྱོར་བྱེད་པ་ཀུན་གྱིས་བློར་མི་ཤོང་བ་ཞིག་ཡོད་པ་དེས་རཱ་མ་ཡ་ཎའི་གཞུང་ཞིག་བྲིས་པར། དཀྱུས་བཞིན་བཀླགས་པས་རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་སྟོན་ཅིང་། མཇུག་ནས་བཟློག་སྟེ་བཀླགས་པས་བྷ་ར་ཏའི་གཏམ་རྒྱུད་སྟོན་པ་དེ་ཡང་དོན་གོ་བདེ་ལ་ཚིག་སྙན་པ་འབྱུང་བར་གསུངས། རྒྱ་གར་དུ་སློབ་དཔོན་དཎྚིའི་སྔོན་ནས《དབྱངས་ཅན་མགུལ་རྒྱན》དང་། སློབ་དཔོན་ར་མ་ཤྲ་མས་བརྩམས་པའི་སྙན་ངག་གི་གཞུང་ཡོད་ཅིང་། སྙན་ངག་ཆེས་ཆེར་དར་བར་མ་ཟད། ཤར་ལྷོ་སོགས་ཡུལ་མི་འདྲ་བར་རྩོམ་གཤིས་མི་འདྲ་བ་རེ་གྲུབ་པ་དང་ཐུགས་རྒྱུད་མི་མཚུངས་པའི་མཁས་པ་སོ་སོར་རྩོམ་ཉམས་མི་མཚུངས་པ་རེ་གྲུབ་ཡོད་ལ། རྒྱ་གར་གྱི་བྲམ་ཟེ་ལི་བྱིན་གྱིས་བློན་པོ་ཐོན་མིའི་ཞུས་ལན་དུ“བདེན་གཉིས་དོན་རྟོགས་བློན་ཆེན་རིག་པ་ཅན། །ཁྱོད་ལ་ཡི་གེ་སྒྲ་དང་སྙན་ངག་སོགས། །ཡོན་ཏན་ངོ་མཚར་ཅན་ཀུན་སློབ་བོ་ཞེས། །ཡི་གེའི་རིགས་རྣམས་ཀུན་ལ་མ་རྨོངས་བསྟན། །”(དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་གསལ།)ཞེས་པ་དང་། 《རྒྱལ་རབས་གསལ་བའི་མེ་ལོང》ལས། “གཞན་ཡང་བློན་པོ་ཐོན་མི་དེས། པཎྚིཏ་ལྷ་རིགས་སེང་གེ་ལ། སྒྲ་བསྟན་བཅོས་ཐམས་ཅད་བསླབས་ནས། རིག་པའི་གནས་ལྔ་ལ་མཁས་པར་གྱུར།”ཅེས་གསུངས་པ་ལྟར་ན། ཐོན་མི་སཾ་བྷོ་ཊས་བྲམ་ཟེ་ལི་བྱིན་དང་པཎྚིཏ་ལྷ་རིགས་སེང་གེའི་དྲུང་དུ་རྒྱ་གར་གྱི་སྐད་དང་ཡི་གེ་སྦྱངས་པར་མ་ཟད། དེའི་སྟེང་ནས་སྐབས་དེའི་རྒྱ་གར་གྱི་སྙན་གཞུང་རྣམས་བྱང་ཆུབ་པར་སྦྱངས་པ་རེད། དེས་ན་ཁོ་བོས་བསམས་ན་ཐོན་མི་སཾ་བྷོ་ཊས་རྒྱ་གར་གྱི་ཡི་གེ་དང་སྙན་ངག་སོགས་རིག་གནས་མང་པོ་བྱང་ཆུབ་པར་སྦྱངས་ནས་བོད་ཀྱི་སྐད་དང་མཐུན་པའི་ཡི་གེའི་སྲོལ་བཏོད་པ་དང་ཆབས་ཅིག  རྒྱ་གར་གྱི་བྱ་དཀའ་བའི་སྒྲ་རྒྱན་གྱི་སྦྱོར་ལུགས་ལྟར《ཡིག་ཕུད་སྙན་ངག》དེ་བརྩམས་པར་འདོད། ཡང་གཅིག་བཤད་ན་རྒྱ་གར་གྱི་སྐད་དང་མཐུན་པའི་ཡི་གེའི་སྲོལ་གཏོད་ཐུབ་པའི་མཁས་ཆེན་དམ་པ་ཞིག་ལ་མཚོན་ན། རྒྱ་གར་གྱི་བྱ་དཀའ་བའི་སྒྲ་རྒྱན་སྦྱོར་ལུགས་ལྟར་སྙན་ངག་ཤོ་ལོ་ཀ་གཉིས་རྩོམ་པ་ནི་ལས་ཁག་པོ་ཞིག་མ་ཡིན་ཏེ། རྔོག་ལེགས་པའི་ཤེས་རབ(1059ལོར་འཁྲུངས)ཀྱིས “ཨ་ཕ་ཁོ་ནི་ཇ་ཆང་ཤ། གཅིག་པུ་ཟ་འཛུ་དེ་ལ་ཧེ།།ཉེ་ཝ་ཚོ་ནི་ཏིག་ག་རེ། །ཐོབ་ཙམ་ཞུ་ཞེས་བྱ་བ་ཡིན།།”(ཚེ་ཏན་ཞབས་དྲུང་གིས་བརྩམས་པའི《སྙན་ངག་སྤྱི་དོན》ལས་དྲངས།)ཞེས་ཚིགས་བཅད་ཤོ་ལོ་ཀ་གཅིག་གི་ནང་དུ་ཀ་མད་སུམ་ཅུ་ཚང་བར་བརྩམས་པའི་ཀ་རྩོམ་དང་། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས(1016ལོར་འཁྲུངས)ཀྱིས། “ང་ནི་རྡོ་རྗེ་འཇིགས་བྱེད་དེ། །ང་ལས་ཆེ་བ་སུ་ཡང་མེད། །ང་ལ་གསོལ་བ་འདེབས་ནུས་ན། །ང་ཡིས་འདྲེན་པར་མི་ནུས་མེད། །”ཅེས་སྒྲ་རྒྱན་ལས་རྐང་བ་བཞི་ཀའི་ཐོག་མ་ན་ཡོད་པའི་ཟུང་ལྡན་ལ་སྦྱར་ནས་བརྩམས་ཡོད་པ། འགྲོ་མགོན་འཕགས་པས《སྙན་ངག་མེ་ལོང》བོད་ལ་ཆ་ཚང་དུ་མ་འགྱུར་བའི་གོང་སྟེ་སྤྱི་ལོ1260ལོར་བརྩམས་པའི《ཐེག་ཆེན་གསལ་བ་ཡི་གེའི་མ་མོ་ལ་སྤེལ་བའི་རབ་བྱེད》ལས། ཀ་ལ་པིངྐའི་ང་རོའི་སྒྲ་དབྱངས་སྒོ་ངའི་ནང་དུ་བསྒྲགས་པའི་སྒྲ་ཡིས་རྣམ་པར་སྒྲོགས་པའི་འདབ་ཆགས་གཞན།།ཁ་དོག་དག་ཀྱང་ཟིལ་གྱིས་མནན་ནས་

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།