《གནའ་རྒྱ་ཚེ་ལོའི་བསླབ་བྱ》སྐོར་ལ་ཅུང་ཙམ་དཔྱད་པ།

རྩོམ་པ་པོ།:ས་དཀྱིལ·སངས་རྒྱས་ཚེ་རིང༌། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-23 10:19:00 ཀློག་གྲངས།:

གནའ་རྒྱ་ཚེ་ལོའི་བསླབ་བྱའི་སྐོར་ལ་དཔྱད་པ།
        ས་དཀྱིལ·སངས་རྒྱས་ཚེ་རིང༌།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་གནའ་རྒྱ་ཞེས་པའི་མིང་གི་ཐོགས་ཚུལ་དང༌། བསླབ་བྱ་འདི་རྩོམ་པའི་རྒྱུ་རྐྱེན། རྩོམ་སྟངས་ཀྱི་སྐོར། བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་སྐོར་གསལ་བོར་བརྗོད་ཡོད།
བརྡ་ཆད་གཙོ་བོ། གནའ་རྒྱ། ཚེ་ལོ། བསླབ་བྱ། བསམ་བློའི་ནང་དོན། སྒྱུ་རྩལ་ཁྱད་ཆོས།
དང་པོ། སྤྱི་བཤད་མདོར་བསྟན།
(1)རྩོམ་མཁན་གྱི་སྐྱེས་ཡུལ་གྱི་སྐོར།
        དེ་ཡང“གནའ་རྒྱ་ཚེ་ལོ”ཞེས་པའི་མི་སྣ་འདི་ནི“དུས་རབས་ཉི་ཤུ་བའི་དུས་འགོར་རེབ་གོང་མདོ་བ་འབྲོག་གི་ལྡོང་ངེ་ཚོ་བའི་ཕ་འོག་གནའ་རྒྱ་ནས་སྐྱེས”1པར་བཤད་ལ། གཞན་ཡང་དམངས་ཁྲོད་ངག་རྒྱུན་དུ“རབ་བྱུང་བཅུ་བཞི་པའི་སྨད་ཙམ་དུ་ཨ་མདོ་རེབ་གོང་མདོ་བ་འབྲོག་སྡེ་ལྡོང་ངེ་གནའ་རྒྱ་ཞེས་པའི་རུ་སྐོར་ཞིག་ཏུ་སྐྱེས”2ཞེས་བཀོད་ཡོད་པ་ལས། ཁོང་གི་སྐྱེས་ཡུལ་དེ་རེབ་གོང་མདོ་བ་རོང་འབྲོག་གཉིས་ལས་འབྲོག་ཕྱོགས་ཀྱི་ཡ་གྱལ་གནའ་རྒྱ་ཚོ་བ་ནས་སྐྱེས་པ་གསལ་བོར་བསྟན་ཡོད་པས། སྐྱེས་ཡུལ་གྱི་ཐད་ནས་ཡུལ་མིའི་ངག་རྒྱུན་དང་འབྲེལ་ཡོད་ཀྱི་དཔྱད་གཞི་རྣམས་དཀྱུས་གཅིག་ཏུ་མཐུན་འདུག རྒད་པོ་ཚེ་ལོ་ཁོང་ལ་རིགས་རྒྱུད་བྱུང་བའི་ལོ་རྒྱུས་དངོས་སུ་མ་རྙེད་མོད། ངག་རྒྱུན་དུ་བུ་མོ་ལུ་གུ་སྐྱིད་ཟེར་བ་ཞིག་ཡོད་པར་བཤད། ཁོང་གི་ཁྱིམ་རྒྱུད་ཀྱི་མི་རབས་གསུམ་པ་དང་བཞི་པ(ཚ་མོ་སྐར་མ་སྐྱིད་དང་དེའི་བུ་ཆུང་བཀྲ་ལོ)རྣམས་སྔར་གྱི་ཕ་མེས་ཀྱི་ཚོ་སྡེ་འདི་རུ་ད་ལྟའི་བར་དུ་འཚོ་བ་རོལ་གྱིན་ཡོད་པར་མ་ཟད། རྒད་པོ་ཚེ་ལོ་ཁོང་གིས་སྔོན་ཆད་དངོས་སུ་སྤྱད་མྱོང་བའི་ཁྱིམ་སྤྱོད་ཀྱི་ཡོ་ཆས་མི་ཉུང་བ་ཞིག་ཀྱང་ད་ལྟ་དངོས་སུ་མཇལ་ཆོས་སུ་སྣང༌།
        མདོ་བ་ཞེས་པའི་ཚོ་སྡེ་ཆེན་པོ་འདི་ནི་རེབ་གོང་གསེར་མོ་ལྗོངས་ཀྱི་ཤར་ལྷོའི་མཚམས་སུ་རོང་འབྲོག་གཉིས་ཀྱི་སྒོ་  ནས་གཞིས་ཆགས་ཤིང༌། ཚོ་སྡེ་འདིའི་མིང་གི་ཐོགས་ཚུལ་དང་རིགས་རུས་མཆེད་ཚུལ་གྱི་སྐོར་ལ།“ལུང་གསུམ་མདོར་ཆགས་པས་ན་མདོ་བ་ཞེས་པའི་མིང་ཐོགས་ཟེར། ཡུལ་གྱི་མཆེད་ཁུངས་ནི། གནའ་མིའི་ངག་སྒྲོས་ལ། རོང་འབྲོག་ཚོ་ལྔའི་ནང་ཚན་ཞོ་འོང་དཔྱིས་ནས་གྱེས་པར་བཤད”3པ་དང༌། སྡེ་འདིའི་འབྲོག་རུ་ནི་དཱ་ནུའི་གཞུང་ཞེས་པའི་ས་ཆར་གཞི་ཆགས་ཤིང༌། རྨ་ཕ་རིའི་མདོ་བ་གོང་འོག་སོགས་དང་བྱང་ཕྱོགས་ཙོང་ཁའི་ཚོ་སྡེ་མང་པོ་ཞིག་ཀྱང་འདི་ལས་མཆེད་པར་གྲགས། མདོ་བ་འབྲོག་སྡེ་འདིའི་མངའ་ཁོངས་སུ་རྒྱ་འདུ་དང༌། མཁར་སྐྱ། ཁྱི(ཆུ)རྔ། ཡོ་ལག ལྡོང་ངེ་བཅས་སྡེ་བ་ལྔ་  ཡོད་ཅིང༌། ཁ་དཔེར། “གཟའ་རྒྱ་གཟའ་རི་གཟའ་རྩེ་གསུམ། །མདོ་བ་མི་དར་ཀ་མེད་ཡིན། །ཁྲབ་ཆུ་ལྕགས་ཆུ་སྔོ་ཆུ་གསུམ། །མདོ་བ་མི་བཙན་ཀ་མེད་ཡིན། །”ཞེས་ཟེར་སྲོལ་འདུག་ལ།  རེབ་གོང་ས་ཆའི་ཤར་ཕྱོགས་སུ་གླིང་རྒྱ་སྡེ་བ་དང༌། ལྷོ་ཕྱོགས་སུ་མདོ་བ། བྱང་ཕྱོགས་སུ་རོང་བོ་བློན་ཆེ། ནུབ་ཕྱོགས་སུ་དམེ་ཤུལ་བཅས་རེབ་གོང་ནང་ལོགས་ཀྱི་ཕྱོགས་བཞིའི་སྒོ་སྲུང་བཞི་ལས་མདོ་བ་ནི་ལྷོ་ཕྱོགས་ཀྱི་སྒོ་སྲུང་དུ་གྲགས།
(༢)བསླབ་བྱ་འདི་རྩོམ་པའི་ལོ་རྒྱུས་རྒྱབ་ལྗོངས་སྐོར། 
        དེ་ཡང་བསླབ་བྱ་འདི་རྩོམ་ཐུབ་པའི་རྒྱུ་རྐྱེན་གྱི་སྐོར་ནས་བརྗོད་ན། ཁོང་གི་ཚེ་སྟོད་ལ་འབྲོག་ན་རྟ་ནོར་ལུག་གསུམ་གྱིས་ཕྱུག་ཅིང༌། རོང་ན་གྲོ་ནས་སྲན་གསུམ་གྱིས་བཀང་བའི་སྟོབས་འབྱོར་ལོངས་སྤྱོད་དབྱར་གྱི་མེ་ཏོག་བཞད་པ་ལྟར་འཛོམས་པ། ཚེ་སྨད་ལ་ཁྱིམ་ཕྱི་ནང་ཀུན་གྱི་རྒྱུ་ནོར་ལོངས་སྤྱོད་ཐམས་ཅད་མེ་ཏོག་སད་ཀྱིས་བཅོམས་པ་ལྟར་འཇིག་སྟེ་ སྤྲང་བོའི་ངང་ཚུལ་བཟུང་བར་མ་ཟད། བུ་དང་མནའ་མ་སོགས་ཀྱིས་ཀྱང་གཉོར་སྐྱོང་ལེགས་པོ་མ་བྱས་པའི་དངོས་ཡོད་ཀྱི་རྒྱུ་རྐྱེན་འདི་ལ་བརྟེན་ནས་འཇིག་རྟེན་འཁོར་བ་ལ་ཡིད་ཞེན་གཏིང་ནས་ལོག་ཅིང༌། མི་ཡུལ་གྱི་རྒྱུ་ནོར་ལོངས་སྤྱོད་འདི་རྩྭ་མགོའི་ཟིལ་བ་ལྟར་མི་རྟག་པ་ཡིན་པའི་ངེས་ཤེས་རྙེད་པས། རང་གི་སྡེ་བ་སྤྱིའི་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཐམས་ཅད་དང༌། སྒོས་སུ་འཇིག་རྟེན་འཁོར་བའི་ནང་གི་གང་ཟག་ཐམས་ཅད་ལ་གོ་བར་བྱ་བའི་བསླབ་བྱ་འདི་ངག་རྩོམ་གྱི་ལམ་ནས་བརྩམས་གྲུབ་བྱུང་བ་རེད།
        《གནའ་རྒྱ་ཚེ་ལོའི་བསླབ་བྱ》འདི་ནི་རྒད་པོ་ཚེ་ལོ་ཁོང་གི་མི་ཚེ་ལ་སྡོམ་ཚིག་བཀོད་པའི་དངོས་ཡོད་ཀྱི་གནས་ཚུལ་དངོས་དང་མཐུན་པ་ཞིག་སྟེ། ཁོང་གི་བསླབ་བྱའི་ནང་དུ“ང་རྒྱུ་ཐོག་འདི་ནས་ལྷུང་དོན་དེ། །རང་ཁ་ཚེགས་མེད་ལ་ལྷུང་ནི་ཡིན། །བུ་འཚོ་སྐྱོང་མེད་ལ་ཡལ་ནི་རེད། །”ཅེས་པ་ལས་ཁོང་གི་རྒྱུ་ནོར་ཐམས་ཅད་ཚུལ་ཇི་ལྟར་འཇིག་པ་གསལ་བོར་བསྟན་ཡོད་ཅིང༌། ངག་རྒྱུན་དུ། རྒད་པོ་ཚེ་ལོ་ཁོང་དང་དུས་མཉམ་ཡིན་པའི་རྒད་པོ་ཞིག་གིས“མགོ་ལུ་གུ་གནའ་རྒྱ་ཚེ་ལོ། །རྒྱུ་ལུ་གུ་མེད་ན་གྲགས་ཀི །གནམ་ཡ་ཀི་དྲང་ངེས་བསྟན་ན། །མ་ལུ་གུ་བཙོང་ན་རྒྱུ་རེད། །”4ཅེས་རྒད་པོ་ཚེ་ལོ་ལ་ཟུར་ཟ་བྱས་མྱོང་བར་གྲགས་པ་དང༌། ཟུར་ཟའི་ཚིགས་བཅད་འདི་ལས་གནའ་རྒྱ་ཚེ་ལོ་ཁོང་ལ་བུ་མོ་ལུ་གུ་སྐྱིད་ཟེར་བ་ ཞིག་ཡོད་པའང་དོན་གྱི་ཤུགས་ལས་རྟོགས་ཐུབ། ཁོང་གི་ཚེ་སྨད་དུ་རྒྱུ་ནོར་ཐམས་ཅད་ཟད་དེ་སྤྲང་བོ་ལྟ་བུར་གྱུར་པའི་དངོས་ཡོད་ཀྱི་སྣང་ཚུལ་དང༌།“མགོ་ལུ་གུ་གནའ་རྒྱ་ཚེ་ལོ”ཞེས་རྒད་པོ་ཚེ་ལོའི་ཕྱི་ཡི་གཟུགས་བྱད་ཀྱང་མངོན་སུམ་དུ་མཚོན་འདུག རྒད་པོ་ཀླུ་རྒྱལ་ཟེར་བ་ཞིག་གིས་ཀྱང“ཁྱོད་ཚེ་སྟོད་ཚེ་ལོ་མ་དར་རོ། །མ་རྒན་མོ་ཤི་ཡི་མ་དར་རོ། །”5ཞེས་དམའ་འབེབས་འཕྱ་དམོད་ཀྱི་གཏམ་སྨྲས་པ་འདི་ལས་གནའ་རྒྱ་ཚེ་ལོ་དར་རྒུད་བྱུང་བའི་རྒྱུ་རྐྱེན་རོབ་ཙམ་བསྟན་ཡོད་པར་མ་ཟད། ཁོང་གི་བཟའ་ཟླའང་སྔོན་དུ་འདས་ཚར་བ་མཚོན་ཡོད། སྐབས་དེའི་རྒད་པོ་ཚེ་ལོ་ཁོང་ཉམས་རྒུད་བྱུང་བའི་སྣང་ཚུལ་འདི་ལྟ་བུ་ལ་མཁས་དབང་དགེ་ཆོས་ཀྱི་གསུང་རྩོམ་དུ། “འབྱོར་ཚེ་ཉེ་བའི་དྲུང་ན་ཁུད་ཁུད་དུ་འགྲོ་ཞིང༌། །རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ། །”6ཞེས་གསུངས་པ་ནང་བཞིན་སྡེ་མི་ཀུན་གྱིས་བརྙས་བཅོས་དང་དམོད་གཏམ་ཚད་མེད་བོར་བར་གྲགས་པ་སོགས་ནི་རྒད་པོ་ཚེ་ལོ་ཁོང་གིས་རྨད་དུ་བྱུང་བའི་བསླབ་བྱ་འདི་འདྲ་ཞིག་འབྱུང་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཅེས་བརྗོད་ཆོག་པར་འདོད།  
(༣)བསླབ་བྱ་འདིའི་བརྒྱུད་སྤེལ་གྱི་སྐོར།
        རེབ་གོང་གི་འབྲེལ་ཡོད་ལོ་རྒྱུས་ལྟར་ན། གནའ་རྒྱ་ཚེ་ལོའི་བསླབ་བྱ་འདི་ནི་རྒད་པོ་ཚེ་ལོ་ཁོང་དགུང་ལོ་བརྒྱད་ཅུ་སྟེ་སྤྱི་ལོ1863ལོར་ཁོའི་ཉེ་འཁོར་གྱི་བོན་པོའི་སྔགས་དཔོན་ཞིག་ལ་རེ་བཅོལ་བྱས་ཏེ་ཡིག་ཐོག་ཏུ་ཕབ་ཅིང༌། ཡི་གེ་བ་ནི་མདོ་བ་སློབ་ཁུལ་གྱིས་བསྒྲིགས་པའི《སློབ་རའི་ཀློག་དེབ》ཞེས་པར།“བོན་ཕྲུག་ཞུང་བོ་སྐྱབས་ཟེར་བ་ཞིག་གིས་ཡིག་ཐོག་ཏུ་ཕབ”7ཅེསགསལ་བས། དེ་ལྟར་ན་བསླབ་བྱ་འདི་ལ་ད་ལྟའི་བར་དུ་ལོ་ངོ137ལྷག་གི་བརྒྱུད་སྤེལ་གྱི་ལོ་རྒྱུས་ལྡན་འདུག བསླབ་བྱ་འདིའི་བརྒྱུད་སྒྲོག་གི་ཐད་ནས། དུས་རབས་འདིའི་ལོ་རབས་བརྒྱད་ཅུ་ཡས་མས་སུ་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཐེངས་མང་པོར་བརྒྱུད་སྒྲོག་བྱས་པ་ནས་བཟུང༌། རིམ་བཞིན་བོད་ཡིག་གི་དཔེ་དེབ་དང༌།  དུས་དེབ། ཚགས་པར། དྲ་རྩོམ་སོགས་སུ་འདེམས་སྒྲིག་བྱས་ཤིང༌། ལྷག་པར་དུ་ཉིས་སྟོང་བརྒྱད་ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་བརྙན་ཕབ་རྩོམ་རིག་གི་ལམ་ནས་འོད་སྡེར་དུ་ཕབ་སྐྲུན་བྱས་པས། བསླབ་བྱ་འདིའི་བརྒྱུད་སྒྲོག་གི་གོམ་སྟབས་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
བསླབ་བྱ་འདི་ལ་ངག་རྩོམ་གཞན་དང་མི་མཚུངས་པའི་སྙན་འཇེབས་ཀྱི་དབྱངས་རྟ་སྙན་མོ་ཞིག་ཡོད་པ་འདི་ཡང་སྐབས་དེའི་ཡུལ་མི་རྣམས་ཀྱི་ཤེས་ཡོན་བློ་སྦྱོང་གི་ཚད་ལ་དམིགས་ནས་བྱུང་བ་ཞིག་ཡིན་པར་སེམས་ཏེ། ཕྱོགས་གཅིག་ནས་རྒད་པོ་ཚེ་ལོ་ཁོང་ནི་ཡི་གེ་ལ་བྱང་ཆ་མེད་པའམ་ཡང་ན་སྐབས་དེའི་ཡུལ་མིའི་ཁྲོད་དུ་ཡི་གེ་ཤེས་མཁན་དཀོན་པ་ལ་དམིགས་པ། ཕྱོགས་གཞན་ཞིག་ནས་བསླབ་བྱ་འདི་བརྒྱུད་སྒྲོག་གི་ནུས་པ་ཤུགས་ཆེར་འདོན་པའི་ཆེད་དུ་ངག་རྩོམ་གྱི་རྣམ་པ་དེའི་དགེ་མཚན་ལ་དམིགས་ནས་བརྩམས་པར་འདོད་པས། ངག་རྩོམ་གྱི་ལམ་ནས་དམངས་ཁྲོད་དུ་བརྒྱུད་སྒྲོག་བྱེད་པ་འདི་ལ་བརྒྱུད་སྒྲོག་གི་ཐབས་ཤེས་གཞན་དང་མི་མཚུངས་པའི་ནུས་པ་གལ་ཆེན་ཞིག་ཐོན་ཡོད། ངག་རྩོམ་འདིའི་དབྱངས་རྟའི་འགྱུར་ཁུག་གི་ཆ་ནས། སྐབས་དེར་རེབ་གོང་དམངས་ཁྲོད་དུ་དར་ཆེ་བའི《སྐལ་ལྡན་མགུར་མ》དང《ཞབས་དཀར་མགུར་མ》གཙོ་བྱས་པའི་མགུར་མའི་དབྱངས་འགྲོས་ལ་ལད་ཟློས་དང༌། མ་ཎིའི་དབྱངས་རྟ་སོགས་དམངས་ཁྲོད་ཀྱི་དབྱངས་རྟས་ཤུགས་རྐྱེན་ཇི་སྙེད་ཅིག་ཐེབས་ཡོད་པ་གདོན་མི་ཟའོ། །
        མདོར་ན། བསླབ་བྱ་འདིའི་ནང་དུ་ཡུལ་མི་རྒན་དར་གཞོན་གསུམ་ཀུན་ལ་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་ཀྱི་ལས་ལ་ལེགས་ཉེས་བླང་དོར་གྱི་ཚུལ་ཇི་ལྟར་འཇུག་དགོས་པ་ཁ་གསལ་གོ་བདེའི་སྒོ་ནས་བསྟན་ཡོད་པར་མ་ཟད། བརྗོད་དོན་ཡང་སྐབས་དེའི་བོད་སྤྱིའི་ཡུལ་ལུང་སོ་སོའི་སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་ཆེ་བས།《གནའ་རྒྱ་ཚེ་ལོའི་བསླབ་བྱ》ཞེས་མདོ་སྨད་རོང་འབྲོག་དམངས་ཁྲོད་དུ་ཐོག་མར་དར་སྲོལ་ཆེས་ཆེར་བྱུང་ཞིང༌། ཕྱིས་སུ་བརྒྱུད་སྒྲོག་གི་བྱེད་ཐབས་སྣ་མང་སྤྱད་དེ་ད་ལྟ་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ཡོངས་ལ་སྐད་གྲགས་ཤིན་ཏུ་ཆེ་བའི་བསླབ་བྱ་ཞིག་ཏུ་གྱུར་ཡོད།
གཉིས་པ། 《གནའ་རྒྱ་ཚེ་ལོའི་བསླབ་བྱ》ཞེས་པའི་མིང་གི་ཐོགས་ཚུལ་སྐོར།
        《གནའ་རྒྱ་ཚེ་ལོའི་བསླབ་བྱ》འདི་སྔར་ཡོད་པར་དུ་བསྐྲུན་པའི་ཚགས་པར་དང་དཔེ་དེབ། དུས་དེབ། སྦྱིན་ཤོག   འོད་སྡེར། དྲ་རྩོམ་སོགས་ཅི་རིགས་ཤིག་བྱུང་ཡོད་ལ། དེ་དག་གི་ནང་དུ“རྣམ་རྒྱལ་ཚེ་ལོའི་རྣམ་ཐར”ཞེས་འཁོད་འདུག དེ་ལྟར་ན“རྣམ་རྒྱལ་ཚེ་ལོའི་རྣམ་ཐར”ཞེས་བཏགས་པའི་མིང་འདི་ལ་གོ་འཛོལ་བྱུང་བའི་ནོར་འཁྲུལ་རིགས་གཉིས་བྱུང་ཡོད་དེ། “རྣམ་རྒྱལ”ཞེས་པ་རྒད་པོ་ཚེ་ལོའི་དངོས་མིང་གི་ཆ་ཤས་སུ་སྦྱར་བ་དང༌། “རྣམ་ཐར”ཞེས་པ་བརྩམས་ཆོས་འདིའི་རྩོམ་ལུས་དངོས་དང་མི་མཐུན་པ་དེ་རེད།
(1)“གནའ་རྒྱ་ཚེ་ལོ”ཞེས་བཏགས་པའི་རྒྱུ་མཚན།
        “རྣམ་རྒྱལ་ཚེ་ལོ”ཞེས་པ་ནི་མ་དག་རྒྱུན་འབྱམས་སུ་སོང་བའི་ཐ་སྙད་ཅིག་ཡིན་ལ། རེབ་གོང་གི་ཚོ་སྡེ་སོ་སོའི་ལོ་རྒྱུས་དང་འབྲེལ་ཡོད་དཔྱད་གཞི་ལྟར་ན། “གནའ་རྒྱ་ཚེ་ལོ”ཞེས་པའི་མིང་འདི་ཡིན་དགོས་ཏེ། རྒད་པོ་ཚེ་ལོ་ཁོང་གི་སྐྱེས་ཡུལ་གྱི་ཆ་ནས་རེབ་གོང་མདོ་བ་འབྲོག་གི་ལྡོང་ངེ་སྡེ་བའི“གནའ་རྒྱ”ཚོ་བ་ཞེས་པ་འདི་ཡིན་པ་དང༌། ཚེ་ལོ་ཟེར་བའང་ཁོང་གི་གཅེས་མིང་ཡིན་ལ། མིང་དངོས་ལ་དཀོན་མཆོག་ཚེ་འབུམ་ཟེར་འདུག་པས། རྒད་པོ་ཚེ་ལོའི་སྐྱེས་ཡུལ་གྱི་ཚོ་སྡེ་སྟོན་པའི་ཆེད་དུ། “གནའ་རྒྱ”ཞེས་ཚོ་བའི་མིང་དེ་ཉིད་ཁོང་གི་གཅེས་མིང་གི་ཕྱེད་དུ་སྦྱར་ནས“གནའ་རྒྱ་ཚེ་ལོ”ཞེས་འབོད་པར་གསལ། འདི་ལ་སྔར་ཡོད་བོད་ཀྱི་བསྟན་བཅོས་ལ་མིང་གདགས་ཚུལ་གྱི་ཆ་ནས་རིགས་མི་འདྲ་བ་འགའ་ཡོད་པ་ལས་སྐྱེས་ཁུངས་དང་རྩོམ་མཁན་གཉིས་ཀྱི་ཆ་ནས་བཏགས་པ་ཞིག་ཡིན་ཞེས་བརྗོད་ནའང་མི་ཆོག་པ་མེད། “གནའ་རྒྱ”ཞེས་ཚོ་བའི་མིང་དེ་ཐོག་མར་ངག་རྩོམ་འདི་ཡི་གེར་ཕབ་མཁན་གྱིས་ཁོང་གི་དངོས་མིང་ལ་སྦྱར་ཏེ“རྣམ་རྒྱལ་ཚེ་ལོ”ཞེས་བྲིས་པས། ཕྱིས་ཀྱི་བསླབ་བྱ་འདི་བསྡུ་སྒྲིག་བྱེད་མཁན་རྣམས་ཀྱང་དེའི་རྗེས་སུ་འབྲངས་ནས་མ་དག་པའི་མིང་གི་ འབྲི་སྲོལ་འདི་བྱུང་བར་སེམས།
(2)“བསླབ་བྱ”ཞེས་འདོགས་དགོས་དོན།
        དེ་ཡང“རྣམ་ཐར”ཞེས་བཏགས་ཡོད་པ་འདི་ལའང་སྐྱོན་གྱི་ཆ་ཞིག་མཐོང་སྟེ། 《བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག》ཅེས་པ་ལྟར་ན། བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་དབྱེ་བའི་སྐོར་ལ་ཡིད་ཀྱི་འགྱུར་བ་མཚོན་པའི་རིགས་དང༌། དོན་གྱི་བྱུང་བ་བརྗོད་པའི་རིགས། བླང་དོར་གྱི་གནས་འདོམས་པའི་རིགས་བཅས་རིགས་གསུམ་དུ་བསྟན་ཡོད། དེ་ལས་སྙན་ངག་དང་མགུར་མ་ནི་ཡིད་ཀྱི་འགྱུར་བ་མཚོན་པའི་རིགས་དང༌། བརྩམས་སྒྲུང་དང་རྣམ་ཐར། ཟློས་གར་བཅས་ནི་དོན་གྱི་བྱུང་བ་བརྗོད་པའི་རིགས། ལེགས་བཤད་དང་བསླབ་བྱ་ནི་བླང་དོར་གྱི་གནས་འདོམས་པའི་རིགས་སུ་བསྡུས་ཡོད་པས། འདི་ལས་སྐབས་སུ་བབས་པའི་  རྣམ་ཐར་དང་བསླབ་བྱ་གཉིས་ལ་མི་འདྲ་བའི་རྩ་བའི་ཁྱད་པར་ཡོད་པའང་ཤེས་ཐུབ།
        རྣམ་ཐར་དང་བསླབ་བྱ་གཉིས་ཀྱི་རྩོམ་ལུས་མི་འདྲ་བའི་ཚད་གཞིའི་སྐོར་ནས་རིགས་བསྒྲེས་ཀྱིས་རགས་ཙམ་གླེང་ན། རྣམ་ཐར་ཞེས་པ་ནི“གཙོ་བོ་སྐྱེས་བུ་དམ་པ་དངོས་ཡོད་ཅིག་གི་སྐུ་ཚེ་གང་བོའི་ཁྱད་པར་དུ་འཕགས་ཤིང་ངོ་མཚར་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནམ་ཕྱོགས་ཀྱི་མཛད་པ་ཇི་སྙེད་རྣམས་བཅད་ལྷུག་སྤེལ་མའི་སྒོ་ནས་སྒྱུ་རྩལ་གྱི་བྲོ་བ་དང་ བཅས་ཏེ་དྲང་པོར་བརྗོད་པའི་ངག་གི་རྒྱུན་ཅུང་ཟད་རིང་བོ་ཞིག་ལ་དགོས”8ཞེས་འབྱུང་བ་ལྟར། རྒད་པོ་ཚེ་ལོའི་དངོས་ཡོད་ཀྱི་ངག་རྒྱུན་བཤད་སྒྲོས་དང་སྦྱར་ནས་བཤད་ན། ཁོང་ནི་སྤྱིར་བཏང་གི་མི་ཕལ་བ་ཞིག་ཡིན་པའི་ཆ་ནས།   ཁོང་ལ་སྐྱེས་བུ་དམ་པ་ཞེས་སུ་ཞིག་གིས་ཀྱང་དེ་ལྟར་བརྗོད་མི་བཏུབ་པར་མ་ཟད། ངག་རྩོམ་གྱི་ནང་དོན་ལའང་ཁོང་  གི་ཟབ་མོ་ཆོས་ཕྱོགས་ཀྱི་མཛད་པ་ཞེས་སྟོན་རྒྱུ་དེ་བས་ཀྱང་མེད་པའི་ཁར། ཁོང་གི་ངག་རྩོམ་འདི་ལ“རྣམ་ཐར”ཞེས་པའི་ཆ་རྐྱེན་དང་ཚད་གཞིར་སླེབས་མེད་པ་དང་གཅིག གཞན་ཡང“བོད་ཀྱི་རྣམ་ཐར་ཕལ་ཆེ་བ་ནི་བླ་ཆེན་མཁན་ཆེན་རྣམས་ཀྱིས་ཆོས་ཕྱོགས་ཀྱི་གཞོལ་བའི་མཛད་པ་གཙོ་བོར་སྟོན་པ་ཞིག་ཡིན་པས། མི་སྣ་གཅིག་གི་ལོ་རྒྱུས་ཡིན་དུ་ཟིན་ཀྱང་འཇིག་རྟེན་གྱི་བྱ་བ་ཅི་བསྒྲུབས་ཀྱི་ལོ་རྒྱུས་ཡིན་ན། འདིར་བཤད་པའི་རྣམ་ཐར་ཞེས་པའི་རྩོམ་ལུས་ཀྱི་ཆ་རྐྱེན་ཡོངས་སུ་མ་ཚང་བས། རྣམ་ཐར་མཚན་ཉིད་པའི་གྲལ་ལ་མི་ཐེ”9ཞེས་བཀོད་པ་ལས་ཀྱང་ཁོང་གི་ངག་རྩོམ་དེ་ལ་རྣམ་ཐར་ཞེས་བཏགས་ན་དོན་དང་མི་མཚུངས་པ་ཞིག་ཡིན་པ་དང་གཉིས་བཅས་ཀྱིས་ངག་རྩོམ་དེ་རྣམ་ཐར་རྩོམ་རིག་གི་རིགས་སུ་མི་གཏོགས་པའི་བློ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེ་སྲིད།  
        བསླབ་བྱའི་རྩོམ་ལུས་ཀྱི་ངོས་ནས་བརྗོད་ན། “བསླབ་བྱ་ཞེས་པར་གོ་དོན་གཉིས་ཡོད་དེ། སྤྱིར་བཏང་དུ་བསླབ་བྱ་ཞེས་པ་ནི་བསླབ་པར་བྱ་བའམ་ཤེས་པར་བྱ་བའི་གནས་ལ་འཇུག་མོད། འོན་ཀྱང་སྐབས་འདིར་བཤད་པའི་བསླབ་བྱ་ཞེས་པ་ནི་སློབ་གསོའམ་ཁ་ཏའི་དོན་ཡིན་ལ། དེ་ཡང་དམ་པའི་ལྷ་ཆོས་སྐོར་གྱི་བླང་དོར་བྱེད་ཚུལ་གཙོ་བོར་བརྗོད་ཅིང༌། རྗོད་བྱེད་ཚིགས་བཅད་ཀྱི་ལམ་ནས་དྲངས་པའི་རྩོམ་ལུས་ཤིག་ཡིན”10ཞེས་བསླབ་བྱའི་རྩོམ་རིག་གི་ནང་དོན་དང་ཚད་གཞི་བསྟན་ཡོད། དེ་བཞིན་དུ་གནའ་རྒྱ་ཚེ་ལོའི་ངག་རྩོམ་དུའང་རྒད་པོ་ཚེ་ལོ་རང་གི་འཚོ་བའི་ཉམས་མྱོང་ཕྱོགས་སྡོམ་ གྱི་ཚུལ་དུ་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་སྤྱི་ལ་སློབ་གསོའམ་ཁ་ཏ་བྱེད་པ་གཙོར་བཟུང་བྱས་ཡོད་ལ། བྱ་ངན་སྤྱོད་ངན་གྱི་ལས་རྣམས་སྤངས་ཏེ་དམ་པའི་ལྷ་ཆོས་ལ་འཇུག་དགོས་པར་བསྟན་ཡོད་པ་ལས་གཞན། རྩོམ་ལུས་ཀྱང་ཚིགས་བཅད་ཀྱི་འབྲི་ཐབས་ཁོ་ན་སྤྱད་ཡོད་པས། བསླབ་བྱའི་རྩོམ་ཁོངས་སུ་བཞག་སྟེ《གནའ་རྒྱ་ཚེ་ལོའི་བསླབ་བྱ》ཞེས་བཏགས་ན། བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་དབྱེ་བ་བགར་ཚུལ་དང་མཐུན་ཞིང༌། བརྩམས་ཆོས་ ཀྱི་ནང་དོན་དང་ཁྱད་ཆོས་ཀྱི་ཆ་ནས་ཀྱང་བསླབ་བྱའི་རྩོམ་ཁོངས་སུ་འདུ་བས། ཁོ་བོའི་རྩོམ་ཡིག་གི་ཁ་བྱང་ལའང་དེ་  ལྟར་བཏགས་པ་ཡིན་ནོ། །
གསུམ་པ། བརྗོད་དོན་བྱེ་བྲག་ཏུ་བཤད་པ།
        《གནའ་རྒྱ་ཚེ་ལོའི་བསླབ་བྱ》འདིའི་བྱེ་བྲག་གི་ནང་དོན་སྐོར་ནས་རིགས་མི་འདྲ་བ་ཅུང་མང་མོད། གཙོ་ཆེ་བའི་དབང་དུ་ཕྱེ་ན་ཁག་བཅུ་གཅིག་ཏུ་དབྱེ་ཆོག་སྟེ།
(1)ཡུལ་མི་སྤྱི་ལ་གདམས་པ།
        འདིའི་ནང་དུ་འཇིག་རྟེན་འཁོར་བའི་ཡུལ་མི་སྤྱི་ལ་གདམས་པའི་ཚུལ་གྱིས་དལ་འབྱོར་གྱི་མི་ལུས་འདི་སྐྱེ་བ་སྔ་མའི་རང་ཉིད་ཀྱི་སྡུག་སྤངས་དགེ་སྒྲུབ་ཀྱི་ཚོགས་བསགས་ལས་བྱུང་བའི་དམ་པའི་ལྷ་ཆོས་ཀྱི་ལྟ་བ་དྲིལ་སྒྲོག་དང༌། མི་ལུས་ནི་རྙེད་དཀའ་ཞིང་མི་རྟག་པ་ཡིན་པ། སྐྱེ་འཆི་ནི་སུས་ཀྱང་ལྡོག་མི་ཐུབ་པའི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་པའི་གནས་ལུགས་གསལ་བར་བརྗོད་ཡོད།
(2) ཡུལ་གྱི་སྣོད་བཅུད་སྤྱིར་བསྟན་པ།
        འདིའི་ནང་དུ་འཇིག་རྟེན་ཁམས་ཀྱི་ཕྱིའི་སྣོད་བཅུད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་ཆགས་ཚུལ་སོགས་དཔེ་སྣ་ཚོགས་ཀྱི་སྒོ་ནས་ངོ་སྤྲོད་བྱས་ཡོད། སྒོས་སུ་རྗེས་རབས་པ་རྣམས་ལ་ཕ་ཡུལ་འདིའི་སྣོད་བཅུད་ཀྱི་བཀོད་པ་སྤྱིར་བསྟན་བྱས་ཏེ་དུས་ཡུན་རིང་བོར་འཚོ་གནས་བྱས་མྱོང་བའི་ཕ་གཞིས་དྲོན་མོ་འདིའི་དྲིན་ལན་མི་བརྗེད་པར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པར་བསྐུལ་ཅིང༌། འཆི་བའི་རང་བཞིན་བསྟན་ནས་འཇིག་རྟེན་མི་ཆོས་དང་འགལ་བའི་ལས་རྣམས་སྤངས་དགོས་པའི་མི་ཚེའི་ལྟ་ཚུལ་སྐོར་བསྟན་ཡོད།
(3)གཞོན་ནུ་སྤྱི་ལ་གདམས་པ།
        འདིའི་ནང་དུ་གཞོན་ནུ་སྤྱི་ལ་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་གཞོན་ནུ་ཡ་རབས་དང་མ་རབས་གཉིས་ཀྱི་སྐྱོན་ཡོན་བསྡུར་བའི་ཐབས་ལ་བརྟེན་ནས་མ་རབས་ཐ་ཤལ་ཅན་གྱི་ཕྱིའི་བྱ་སྤྱོད་ལ་ཟུར་ཟ་བྱས་ཏེ། གཞོན་ནུ་དག་གིས་དུས་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་ལ་ཡིད་གཟབ་བྱེད་དགོས་པ་དང༌། མཇུག་ཏུ་ཕ་མའི་དྲིན་ལན་འཇལ་བར་གདམས་པའི་འཇིག་རྟེན་མི་ཆོས་སྐོར་གྱི་བསླབ་བྱ་གནང་ཡོད།
(4)རྒན་པོ་སྤྱི་ལ་གདམས་པ།
        འདིའི་ནང་དུ་ལོ་ལོན་རྒན་པོ་སྤྱིའི་དངོས་ཡོད་ཀྱི་འཚོ་བ་དང་སྦྱར་ནས་རྒ་བའི་རང་བཞིན་གྱི་སྡུག་བསྔལ་བརྗོད་ཡོད་ཅིང༌། འཇིག་རྟེན་གྱི་བྱ་བ་གང་ཞིག་ཡིན་རུང་རང་ཉིད་གཞོན་དུས་སུ་མ་བསྒྲུབས་ན་ བགྲེས་དུས་སུ་འགྲུབ་དཀའ་བའི་གནས་ལུགས་བརྗོད་ཡོད།
(5)བུ་མོ་སྤྱི་ལ་གདམས་པ།
        འདིའི་ནང་དུ་བུ་མོ་རྣམས་ལ་འཛོམས་དགོས་པའི་ཡོན་ཏན་རྣམས་བརྗོད་ཡོད་དེ། བུ་མོ་ཞིག་ཡིན་ན་གཤིས་རྒྱུད་དར་དཀར་ལྟར་འཇམ་ལ་བལ་ཐིག་བཞིན་ལྷོད་པའི་ཡོན་ཏན་དང༌། སེམས་གཤིས་འོ་མ་ལྟར་དཀར་ཅིང་གཙང་ལ་དྲི་མ་མེད་པའི་ཡོན་ཏན། འགྲོ་འདུག་ཚུལ་དང་མཐུན་ཞིང་ལས་ལ་བརྩོན་པའི་ཡོན་ཏན། ཕ་མར་བཀུར་ཅིང་གཉེན་ཉེར་བྱམས་པའི་ཡོན་ཏན་སོགས་འཇིག་རྟེན་གྱི་མི་ཆོས་སྐྱོང་ཐབས་སྐོར་བརྗོད་ཡོད།
(6)ཁྱིམ་གྱི་བདག་མོ་སྤྱི་ལ་གདམས་པ།
        འདིའི་ནང་དུ་ཁྱིམ་གྱི་བདག་མོ་ཕལ་ཆེ་བའི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་མི་ལེགས་པའི་གཤིས་ལུགས་སྣ་ཚོགས་ལ་སུན་འབྱིན་བྱས་ཏེ། རང་ཁྱིམ་དུ་འོང་བའི་ཕྱི་མགྲོན་གང་ཞིག་ཡིན་རུང་དེ་ལ་གུས་ལུགས་དང་མགྲོན་གསོལ་ཇི་ལྟར་བྱེད་དགོས་ཚུལ་གྱི་སྐོར་བརྗོད་ཡོད།
(7)མནའ་མ་སྤྱི་ལ་གདམས་པ།
        འདིའི་ནང་དུ་མནའ་མ་སྤྱིའི་སྤྱིར་བཏང་གི་རང་གཤིས་དང་བྱ་སྤྱོད་དེ་སྐྱོན་ཡོན་གཉིས་སུ་བགར་ནས་བཟང་ལ་བསྟོད་བསྔགས་དང༌། ངན་ལ་དམའ་འབེབས་ཟུར་ཟའི་སྒོ་ནས་མནའ་མ་ཕལ་ཆེ་བ་ལ་ལྡན་པའི་གཤིས་ངན་རྣམས་རིང་དུ་དོར་ཏེ། ཡ་རབས་སྤྱོད་བཟང་གི་གོམས་གཤིས་བཟང་བོ་ཞིག་ཆགས་པར་སྐུལ་མ་གནང་ཡོད།
(8)ཚེ་ལོ་རང་གི་འཚོ་བའི་མྱོང་བརྗོད་ཀྱི་སྐོར།
        འདིའི་ནང་དུ་རྒད་པོ་ཚེ་ལོ་ཁོང་གི་ཚེ་སྟོད་དུ་རྒྱུ་ནོར་གྱི་ལོངས་སྤྱོད་དར་ནས་བདེ་སྐྱིད་ཀྱི་འཚོ་བ་ཇི་ལྟར་བསྐྱངས་ཚུལ་དང༌། ཚེ་སྨད་དུ་དབྱར་གྱི་མེ་ཏོག་སད་ཀྱིས་བཅོམས་པ་ལྟར་ལོངས་སྤྱོད་ཡོངས་རྫོགས་འཇིག་ནས་ཇི་ལྟར་ཟད་ཚུལ་སོགས་ལ་སྤྱི་སྡོམ་བྱས་ཤིང༌། རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་ཞེས་པའི་དཔེ་ལྟར་འཇིག་རྟེན་འཁོར་བ་ལ་ཡིད་སྐྱོ་བྱུང་སྟེ་དམ་པའི་ལྷ་ཆོས་ལ་ངེས་ཤེས་རྙེད་པའི་སྐོར་བརྗོད་ཡོད།
(9)དེང་དུས་ཀྱི་ཕོ་གསར་སྤྱི་ལ་གདམས་པ།
        འདིའི་ནང་དུ་ད་ལྟའི་ཕོ་གསར་རྣམས་ལ་ལོ་ན་བགྲེས་དུས་སུ་དབང་བོ་སྣ་ལྔའི་བྱེད་ནུས་ཐམས་ཅད་ཉམས་ནས་རང་ལུས་ཀྱང་རང་གིས་ལྕོག་མི་ནུས་པའི་གནས་ལུགས་དཔེ་རུ་བཀོད་དེ།  གཞོན་དུས་སུ་མི་ཚེ་དོན་མེད་གཏོང་བ་དང་ཉི་མ་འཁྱོལ་ཐབས་མི་བྱ་བར་རིག་པ་གཞོན་དུས་སུ་སློབ་དགོས་པའི་ཁ་ཏ་སློབ་གསོ་གནང་ཡོད།
(10)རྒན་པོ་སྤྱི་ལ་དམིགས་སུ་གདམས་པ།
        འདིའི་ནང་དུ་དགུང་ལོ་བརྒྱད་ཅུར་སོན་པའི་རྒན་པོ་རྣམས་ལ་རྒ་བའི་སྡུག་བསྔལ་གྱི་ངོ་བོ་བརྗོད་པ་བརྒྱུད་ནས་རྒྱུ་ནོར་ནི་མི་རྟག་པ་ཡིན་པ་དང༌། འཆི་བ་ལ་རང་དབང་མེད་པའི་གནས་ལུགས་སྐོར་བརྗོད་ཡོད།
(11)བཟའ་ཟླ་སྤྱི་ལ་གདམས་པ།
        འདིའི་ནང་དུ་འཇིག་རྟེན་འཁོར་བ་འདིའི་ཕུན་ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་ནི་རྟག་པ་མ་ཡིན་པར་སྐད་ཅིག་དེ་ཉིད་དུ་འགྱུར་འགྲོ་བའི་ཆོས་ཉིད་བརྗོད་དེ། ཁྱིམ་བཟའ་ཚང་འཛོམས་དུས་སུ་ ཕན་ཚུན་ལ་བྱམས་སྐྱོང་དང་འགྲིག་མཐུན་བྱེད་དགོས་པ་བསྟན་ཡོད་པར་མ་ཟད། མཇུག་མཐར་མ་གྱུར་སེམས་ཅན་ཐམས་ཅད་ཚེ་ཡི་བགྲོད་སྟངས་ལྟར་བྱང་ཕྱོགས་བདེ་བ་ཅན་ནས་སྐྱེ་བར་དགེ་བའི་སྨོན་ལམ་གྱིས་མཇུག་བསྡུས་པའོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།