བོད་སྐད་ཀྱི་སྦྱོར་བ་ལས་སྐད་ཆའི་ནང་གི་གནས་སྐབས་བཤད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-03 10:07:00 ཀློག་གྲངས།:
     སྤྱིར་སྐད་ཆའི་གནས་སྐབས་ལ་དབྱེ་སྒོ་སྣ་ཚོགས་དང་དབྱེ་བ་ཕྲ་རགས་མང་ཡང་། དེ་དག་མདོར་བསྡུས་ན་སྐད་ཆའི་ཕྱི་ནང་གི་གནས་སྐབས་གཉིས་ལས་མ་འདས་ཏེ།  ངག་སྦྱོར་གྱི་གནས་སྐབས་དང་ངག་སྦྱོར་འདས་པའི་གནས་སྐབས་དང་། སྐད་ཆའི་གནས་སྐབས་དང་སྐད་ཆ་ལས་འདས་པའི་གནས་སྐབས་སོགས་ནི་དོན་གཅིག་ལ་གཞོལ་བའོ། །འདིར་བཤད་པའི་སྐད་ཆའི་ནང་གི་གནས་སྐབས་ཞེས་པ་ནི་ཡིག་སྐད་ལ་ཆ་བཞག་ན།  ཚིག་གོང་འོག་དང་མིང་གི་སྔ་ཕྱི་ལ་གོ་བ་དང་། ཁ་སྐད་ལ་མཚོན་ན་གཏམ་གྱི་མགོ་རྔ་དང་།  མིང་དང་ཚིག་གི་སྔ་ཕྱི་སོགས་ལ་གོ་བ་ཡིན།  སྤྱིར་སྐད་རིགས་གང་ཡིན་རུང་།   མིང་ཚིག་ཡི་གེ་གསུམ་སྟེ་ཚོགས་གསུམ་མམ་དེང་རབས་སྐད་ཆ་རིག་པའི་ཁྲོད་དུ་བཤད་པའི་སྒྲ་གདངས་དང་།  མིང་། བརྡ་སྤྲོད་དང་དོན་བཅས་ཚང་དགོས་ལ།  བྱེ་བྲག་བོད་སྐད་ཀྱི་སྦྱོར་བ་ལ་ཡང་ཚང་དགོས་པ་ནི་སྨོས་མ་དགོས་ཤིང་། རང་ཅག་གི་དམ་པ་སྔ་མ་དག་གིས་དེང་རབས་སྐད་ཆ་རིག་པ་མ་དར་པའི་སྔོན་གྱི་བགྲང་བྱ་བརྒྱ་ཕྲག་དུ་མའི་སྔོན་དུ་ཚོགས་གསུམ་གྱི་རྣམ་གཞག་ལ་ངོས་འཛིན་དང་ཞིབ་འཇུག་གང་མང་བྱས་ཡོད།  སྐད་རིགས་ནི་མ་གཞི་ནས་སྐད་ཆའི་གནས་སྐབས་ཤིག་ཡིན་པས། སྐད་རིགས་རང་རང་ལ་ཐུན་མོང་མ་ཡིན་པའི་སྒྲ་གདངས་དང་།  མིང་།  བརྡ་སྤྲོད་སོགས་ཀྱི་ཁྱད་ཆོས་དང་སྦྱོར་སྟངས་ཡོད་ལ།བོད་སྐད་ཀྱི་སྒྲ་གདངས།  མིང་།  ཚིག་བརྡ་སྤྲོད་སོགས་ཀྱང་གནས་སྐབས་ལ་བརྟེན་ནས་བརྗོད་པ་དང་གནས་སྐབས་ལ་བལྟས་ཏེ་བརྗོད་དོན་ལ་གོ་བ་ལེན་པའམ་དོན་རྟོགས་པར་བྱ་བ་ཡིན་ཞིང་།   སྒྲ་གདངས་ཀྱི་མཐོ་དམའ་འམ་ལྕི་ཡང་གི་ཁྱད་པར་གྱིས་དོན་གྱི་ཁྱད་པར་དང་དབྱེ་བ་འབྱེད་ལ། དོན་གྱི་གནད་ལྕི་ཡང་གི་ཁྱད་པར་ཡང་ཚིག་གོང་འོག་འབྲེལ་བ་དང་ཚིག་གྲོགས་སྔ་ཕྱི་ལ་སྦྲེལ་ཏེ་བཀླགས་ན། ད་གཟོད་དོན་གོ་བ་བདེ་བླག་ཏུ་ལེན་ཐུབ་བོ། །ཡང་མིང་གདགས་པའམ་གཞུང་གཞན་ལ་བསྒྱུར་བ་སོགས་ཀྱི་བྱ་བ་ཡང་ གནས་སྐབས་ངེས་ཅན་ཞིག་ལ་བརྟེན་དགོས་ཏེ།  སྒྲ་སྦྱོར་བམ་པོ་གཉིས་པ་ལས།  སྐད་གཅིག་ལས་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག[1]ཅེས་གསུངས་པ་དང་། མིང་གཅིག་དོན་དུ་མར་འཇུག་པ་དང་དོན་གཅིག་ལ་མིང་དུ་མ་ཡོད་པའང་གནས་སྐབས་དག་ལ་བརྟེན་ནས་གོ་བ་ལེན་པ་དང་མིང་འདོགས་པ་ནི་གལ་ཆེ་ཞིང་།  དེ་ལས་གཞན་དུ་བྱ་ཚིག་ཡིན་ཡང་བྱ་བ་མི་སྟོན་པར། དངོས་པོའི་ཁྱད་ཆོས་སོགས་སྟོན་པའི་སྐབས་ཀྱང་ཡོད་པ་ནི་གནས་སྐབས་མི་འདྲ་བའི་ཁྱད་པར་ཡིན་པ་དང་། དེ་བཞིན་དུ་བརྡ་སྤྲོད་ཀྱི་སྒྲིག་གཞིའམ་རྣམ་པ་མཚུངས་ཀྱང་གནས་སྐབས་ཀྱི་དོན་ནི་ཚིག་གི་ཚོགས་པ་དང་།  བརྗོད་པ་ངེས་ཅན་ཞིག་གི་ཁྲོད་དུ་བཞག་ན་ད་གཟོད་གོ་བ་བསྐྱེད་རྒྱུ་ཡོད་ལ། ཚིག་གཞན་དག་གྱི་མགོ་རྔ་གང་ལའང་མ་འབྲེལ་པའི་ཚིག་རྐྱང་བ་ཞིག་རྒྱུན་ལྡན་གྱི་ངག་སྦྱོར་ཁྲོད་དུའང་མི་སྣང་ཞིང་། སྣང་ཡང་དོན་ཅི་ཡང་མི་སྟོན་པས་སྔ་ཕྱིའི་ཚིག་དང་བརྗོད་དོན་གསལ་བར་རྟོགས་མི་ཐུབ་ལ།  སྟབས་ཉེས་ན་གོ་བ་ལོག་འགྲེལ་བྱེད་པ་ཡང་ཐེ་མི་ཚོམ། ཚིག་གཅིག་ལའང་སྐད་ཆའི་མགོ་རྔ་དང་བརྗོད་བྱ།  བརྗོད་ཐབས་མི་འདྲ་བས་བསྟན་དོན་ཐ་དད་པ་སྣ་ཚོགས་འབྱུང་ཕྱིར། སྔོན་བྱོན་མཁས་པའི་གཏམ་ལ་ཡང་ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་གྲགས་ཤིང་།  ཚིག་གི་ཚོགས་པའམ་བརྗོད་པ་ནི་དོན་གྱི་ཆ་ནས་གཏན་ཚིགས་ཀྱི་འབྲེལ་པ་དང་བརྡ་སྤྲོད་ཀྱི་ཆ་ནས་སྒྲིག་གཞི་དང་དམ་པོར་སྦྲེལ་ཡོད་པས། བརྗོད་སྙིང་གཅིག་ལ་བརྟེན་ནས་ཚིག་གི་ཕྲེང་བ་སྤེལ་ཞིང་། བརྗོད་སྙིང་གིས་ཚིག་གི་ཕྲེང་བ་སྤེལ་བར་བཀག་རྒྱ་དང་ཤན་ཤུགས་ཐེབས་པ་སོགས་ནི་དོན་གྱི་སྐད་ཆའི་གནས་སྐབས་ཀྱི་བྱེད་ནུས་ཡིན་ནོ། །
     ད་ནི་སྐད་ཆའི་ནང་གི་གནས་སྐབས་ལས་བོད་སྐད་ཀྱི་མིང་གི་སྦྱོར་སྟངས་དང་།  ཚིག་གི་སྦྱོར་སྟངས།  ཚིག་ཚོགས་པའམ་བརྗོད་པ་བཅས་ཀྱི་སྦྱོར་སྟངས་རིམ་པར་བཤད་པར་བྱའོ། །
དོན་ཚན་དང་པོ།  མིང་གི་སྦྱོར་སྟངས་བཤད་པ།
     སྤྱིར་མིང་གི་མཚན་ཉིད་ལ་བོད་སྔ་རབས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་དོན་གྱི་ངོ་བོ་སྟོན་པ་ཞེས་བཀོད་ཡོད་མོད།  བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རུ། རང་གང་ལ་གདགས་བྱའི་ཡུལ་དེ་ཚུགས་ཐུབ་ཏུ་སྟོན་ཞིང་ཚིག་ཕྲད་ཀྱི་སྦྱར་གཞི་དང་ཚིག་གི་ཆ་ཤས་བྱེད་པའི་རྗོད་ཀྱི་སྒྲ[2]ཞེས་བཀོད་ཡོད་པ་ནི་བོད་སྐད་ཀྱི་བརྡ་སྤྲོད་པའི་ལུགས་དང་མཐུན་པའི་མིང་གི་མཚན་ཉིད་གསལ་བོ་ཞིག་ཡིནཔས།མཚན་གཞིའི་དཔེ་བརྗོད་ལ་འབྱོར་ཞིང་མཚོན་བྱ་དོན་གྱི་གོ་བ་ཡོངས་སུ་ལོན་པས་འདིར་ཡང་དེ་ལྟར་དུ་གོ་བ་བླངས་པ་ཡིན།  དེ་ཡང་བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་སུ། སྤྱིར་སྒྲ་དང་ཐ་སྙད་གང་ལ་ཡང་སྤྱིར་བཏང་གི་མཚོན་དོན་དང་།  གནས་སྐབས་ཀྱི་མཚོན་དོན་གཉིས་རེ་ཡོད་ལ།  སྤྱིར་བཏང་གི་མཚོན་དོན་དེ་དག་ཡིག་བརྡ་བཀྲོལ་ཚིག་མཛོད་ཀྱི་སྟེང་ནས་ཤེས་ཐུབ་ཀྱང་། གནས་སྐབས་ཀྱི་མཚོན་དོན་ནི་ཚིག་སྦྱོར་གྱི་སྟེང་ནས་ངེས་དགོས་པ་ཡིན།  དེ་ཡང་ཚིག་གོང་འོག་དང་ཚིག་གྲོགས། གནས་སྐབས་ཀྱི་བརྗོད་འདོད་ཀྱི་བློ་སོགས་ལ་བརྟེན་ནས་ཤེས་དགོས། [3]ཞེས་གསུངས་པ་བཞིན་མིང་གང་ཞིག་ཚིག་སྦྱོར་དངོས་ལ་ཞུགས་ཚེ།  ཚིག་གོང་འོག་དང་ཚིག་གྲོགས་སོགས་ཀྱིས་རམ་འདེགས་འོག་ད་གཟོད་བྱེ་བྲག་གི་གོ་བ་ཞིག་སྟེར་ངེས་ཡིན་ལ།  མིང་ནི་མ་གཞི་ནས་ཚིག་འགྲུབ་བྱེད་ཀྱི་རྒྱུ་ཡིན་ལ།  མིང་དུ་མ་འདུས་པ་ལས་ཚིག་གི་དོན་སྟོན་ཞིང་།  ཚིག་གི་དོན་ལ་བརྟེན་ནས་མིང་གི་གོ་བ་མ་ལོན་པ་ཁ་སྐོངས་ཐུབ་པས།  དེ་གཉིས་གཅིག་ལ་གཅིག་བརྟེན་གྱི་གཏན་ཚིགས་ཀྱི་འབྲེལ་བ་ཆགས་ཡོད། སྤྱིར་མིང་གི་གོ་བ་ནི་གོང་དུ་བཤད་པ་བཞིན་ཚིག་གོང་འོག་དང་ཚིག་གྲོགས།  བརྗོད་འདོད་ཀྱི་བློ་སོགས་ལས། གཞན་ཡང་།  ཡུལ་དུས།  གནས།  སྐད་ཆའི་སྦྱོར་བ་ལ་ཞུགས་པའི་གང་ཟག་གི་སེམས་ཁམས།  གནས་བབ།  ཐོབ་ཐང་སོགས་ཕྱི་ནང་གི་གནས་སྐབས་གང་རུང་ལ་བརྟེན་ནས་གོ་བ་ལེན་དགོས་ཀྱང་།  འདིར་དེ་དག་ལས་ཚིག་གྲོགས་ཀྱི་གནས་སྐབས་དང་།  སྒྲ་གདངས་གི་གནས་སྐབས།  ཚིག་སྦྱོར་གོང་འོག་གམ་བརྡ་སྤྲོད་བཅས་ཀྱི་ནང་གི་གནས་སྐབས་དག་ལོགས་སུ་བཀར་ཏེ་བཤད་ན།
དང་པོ། སྒྲ་གདངས་གི་གནས་སྐབས།
    སྒྲ་གདངས་ནི་མིག་གི་ཡུལ་དུ་བསྟན་དུ་མེད་པས་ངེས་པར་སྐད་ཆའི་གནས་སྐབས་ངེས་ཅན་ལ་བརྟེན་དགོས།  ཚད་མ་རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འགྲངས་ཕྱིར་ཞེས་གསུངས་པ་བཞིན། སྐད་ཆའི་གནས་སྐབས་དང་བྲལ་ན་སྒྲ་གདངས་ངེས་ཅན་ཞིག་གིས་མཚོན་པའི་དོན་ཅི་ཞིག་ཡིན་པ་རྟོགས་དཀའ་བས།  སྐད་ཆའི་གནས་སྐབས་ངེས་ཅན་ལ་བརྟེན་ནས་སྒྲ་གདངས་ཀྱི་འགྱུར་བ་ཕྲ་ཞིང་ཕྲ་བའི་དོན་གྱི་ཁྱད་པར་ཕྱེས་པ་ཡིན།རྒྱུན་ལྡན་གྱི་ངག་གི་སྦྱོར་བའི་ཁྲོད་དུ་ཐ་སྙད་གཅིག་ལ་གདངས་ཀྱི་འགྱུར་ཁུགས་སྣ་ཚོགས་འབྱུང་སྟེ།  ཡ་མཚར་བ་ལ་སྐད་གདངས་གྱེན་དུ་སྲིང་བ་སོགས་གནས་སྐབས་ལ་བརྟེན་པ་ཡིན།  གཞན་ཡང་།  སྒྲ་གདངས་ལྕི་ཡང་གི་གནས་སྐབས་མི་འདྲ་བའི་དབང་གིས་ཐ་སྙད་ཀྱི་དོན་ལ་འགྱུར་བ་འབྱུང་སྟེ། སྒྲུབ་པ།  བསླབ་པ།  བཤད་པ།  འཇུག་པ།  འབོད་པ། ལྟ་བ།  བསྟོད་པ།  མཚོན་པ།  འདོན་པ།  འབྱུང་བ་སོགས་ཚེག་བར་གཉིས་ཅན་གྱི་བྱ་བ་བརྗོད་པའི་མིང་འདི་རིགས་ཀྱི་ཕྱེད་སྔ་མ་སྒྲ་ལྕི་ཞིང་།  ཕྱེད་ཕྱི་མ་ཡང་བར་བཏོན་ན་བྱ་བ་སྟོན་པར་འགྱུར་ཅིང་།  ཕྱེད་ཕྱི་མའི་སྒྲ་ཕྱེད་སྔ་མ་ལས་ལྕི་ཞིང་གསལ་བར་བཏོན་ན། དངོས་པོའི་མིང་སྟོན་པའི་ཐ་སྙད་དུ་འགྱུར་བས། སྒྲ་གདངས་ཀྱི་ལྕི་ཡང་སོགས་ལ་བརྟེན་ནས་མིང་གི་དོན་ལ་གནས་སྐབས་ཀྱི་དོན་ཁྱད་པར་བ་རེ་ཡོད་དོ། །
གཉིས་པ།  ཚིག་གྲོགས་ཀྱི་གནས་སྐབས།
     མཁས་པ་འཇུག་པའི་སྒོ་རུ།  དེ་ལྟ་ན་ཡང་བརྗོད་འདོད་དང་། །ཤུགས་ཀྱིས་རྣམ་པར་དབྱེ་བའི་ཚིག  །དོན་གཅིག་ན་ཡང་སྒྲ་འགྱུར་བ། །མཐར་གནས་ཡི་གེའི་སྟོབས་ལས་འབྱུང་།།[4]ཞེས་གསུངས་ཤིང་།  དེའི་འགྲེལ་བ་ལས་གསལ་བར་བྱེད་པ་ནི། འོན་ཀྱང་བོད་ཀྱི་སྒྲ་ལ་གང་ཟག་གི་བརྗོད་འདོད་དང་།  དོན་གྱི་གནས་སྐབས་དང་།  ཚིག་གི་ཤུགས་ཀྱིས་དོན་གཅིག་ལའང་སྒྲ་ཐ་དད་དུ་འགྱུར་བ་ཕལ་ཆེར་མཐར་གནས་ཀྱི་ཡི་གེའི་སྟོངས་ལས་འབྱུང་སྟེ།  དཔེར་ན་དྲུག་པའི་སྒྲར་ཁྱད་མེད་ཀྱང་གཟུགས་ཀྱི་ཕུང་པོ།   ཚོར་བའི་ཕུང་པོ།  འདུ་བྱེད་ཀྱི་ཕུང་པོ་ཞེས་སྒྲ་ཐ་དད་དུ་འགྱུར་བ་ལྟ་བུའོ། །[5]ཞེས་པ་སོགས་དང་། བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རུ་མིང་གཅིག་ལ་ཚིག་གྲོགས་མི་འདྲ་བ་སྦྱར་བས་བསྟན་དོན་ཐ་དད་པ་བསྐྱེད་པ་སྟེ།  དངོས་གྲུབ། དངོས་འགལ།  དངོས་རྒྱུ།  དངོས་བཏགས་ལྟ་བུའོ[6]ཞེས་ཚིག་གྲོགས་ཀྱིས་གོ་བར་བྱེད་པ་དང་། ཡང་མིང་མི་ཉུང་བ་ཞིག་སྐད་ཆའི་གནས་སྐབས་མི་འདྲ་པའི་ནང་དུ་ངོ་བོ་གཅིག་ཏུ་མི་སྡོད་པར་དུ་མར་འགྱུར་བ་སྟེ།  ཤར་གྱི་ཕྱོགས་དང་བློ་ཁ་ཕྱོགས། །རྟ་ཡི་སྲབ་དང་འཐུག་མིན་སྲབ། །ཅེས་པ་ལས་ཕྱོགས་སྔ་མ་ཁྱད་གཞི་བརྗོད་པའི་མིང་དང་།  ཕྱི་མ་ཁྱད་ཆོས་བརྗོད་པའི་མིང་དུ་འགྱུར[7]ཞེས་བཀོད་ཡོད་པ་ལས་ཀྱང་།  ཚིག་གྲོགས་ཀྱི་གནས་སྐབས་ཀྱི་དབང་གིས་མིང་གི་བསྟན་དོན་ཐ་དད་པ་བསྐྱེད་ཅིང་།  མིང་གཅིག་ལ་བརྡ་སྤྲོད་ཀྱི་ནུས་པ་གཉིས་ཡན་ཡོད་པའི་ངོ་བོ་མི་འདྲ་བའི་དབྱེ་བ་དུ་མར་འགྱུར་འགྲོ་བའོ། །རང་རེའི་སྐད་ཆ་འདི་ལ་དུས་ཀྱི་འགྱུར་བ་མངོན་པར་གསལ་བ་དང་ལྡན་པས།  དུས་གསུམ་གྱི་དབྱེ་བ་མིང་རང་སྟེང་ནས་མཚོན་ཐུབ་པར་མ་ཟད།  དུས་མཚོན་བྱེད་ཀྱི་ཚིག་གྲོགས་སྐོར་ཞིག་ཡོད་ལ།  དེ་དག་བྱ་ཚིག་ཅི་རིགས་དང་བསྡེབས་ན་དུས་གསུམ་གྱི་དོན་མ་འདྲེས་པར་གསལ་བར་མཚོན་ཐུབ་སྟེ།  བྱ་ཚིག་གང་ཞིག་ཟིན།  ཚར།  གྱུར།   བྱས་སོ་སོགས་དང་བསྡེབས་ན་བྱས་ཟིན་འདས་པ་མཚོན་ཐུབ་པ་དང་།  བྱེད་ཀིན་ཡོད།  བྱེད་ཀྱིན་འདུག  བྱེད་བཞིན་མཆིས་ལྟ་བུ་སོགས་དང་བསྡེབས་ན་བྱེད་བཞིན་ད་ལྟ་བ་མཚོན་ཞིང་།  འགྱུར།  རྒྱུ།  བྱ་སོགས་དང་ལྡན་ཚེ་བྱ་འགྱུར་མ་འོངས་པ་མཚོན་པས་ཤིན་ཏུ་གསལ། བྱ་ཚིག་མིན་ཡང་། དུས་མཚོན་བྱེད་ཀྱི་ཚིག་གྲོགས་ལ་བརྟེན་ནས་བྱ་ཚིག་ཏུ་བསྒྱུར་ནུས་ཏེ།  ཁང་པ་མཛེས་དང་།  ངོ་ནག   བདེ་སྐྱིད་ལྡན་ལྟ་བུ་སོགས་ཀྱི་མཛེས་དང་། ནག ལྡན་རྣམས་ནི་ཁྱད་ཆོས་བརྗོད་པའི་མིང་དང་གསལ་བྱེད་ཀྱི་མིང་ཡིན་ཡང་།  ཁང་པ་མཛེས་པར་བྱེད།  ངོ་ནག་པར་བྱས།  བདེ་སྐྱིད་ལྡན་པར་བྱ་སོགས་ཚིག་གྲོགས་ཀྱི་དབང་གིས་བྱ་བ་སྟོན་པར་བྱས་པ་དང་།  ཡང་།  བྱ་བ་སྒྲུབ་པ།  ཡི་གེ་བསླབ་པ།  གཟུགས་ལ་ལྟ་བ།  སྐད་ཆ་བཤད་པ་སོགས་ཀྱི་སྒྲུབ་པ།  བསླབ་པ། ལྟ་བ།  བཤད་པ་སོགས་ནི་བྱ་བ་སྟོན་པའི་མིང་ཡིན་ཡང་།  སྒྲུབ་པ།  བསླབ་པ།  ལྟ་བ།  བཤད་པ་སོགས་དངོས་པོའི་མིང་ཙམ་སྟོན་པའི་ཐ་སྙད་དེ་བྱ་བ་སྟོན་པའི་ཐ་སྙད་མིན་པ་དང་།  ཡང་ཡི་གེ་བྲིས།  རིག་གནས་བསླབ།  མིག་གིས་ལྟ།  རྟ་ལ་ཞོན།  གནས་ནས་དབྱུང་སོགས་ཀྱི་བྲིས།  བསླབ།  ལྟ། ཞོན།  དབྱུང་སོགས་བྱ་བ་སྟོན་པའི་ཚིག་ཡིན་ཡང་། བྲིས་པའི་ཡི་གེ   བསླབ་པའི་རིག་གནས།  ལྟ་བའི་མིག   རྟ་ཞོན།  གནས་དབྱུང་སོགས་ཀྱི་བྲིས།  བསླབ།  ལྟ་བ།  རྟ་ཞོན། གནས་དབྱུང་སོགས་ནི་བྱ་བ་སྟོན་པའི་ཚིག་མིན་པ་སོགས་ནི་ཚིག་གྲོགས་གནས་སྐབས་ཀྱི་དབང་གིས་བྱས་སོ། །
གསུམ་པ།  ཚིག་ཏུ་ཞུགས་པའི་མིང་གི་གནས་སྐབས།
    བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་ལས།   སྤྱིར་བྱ་ཚིག་ཡིན་ཡང་།   གནས་སྐབས་ཀྱི་བརྗོད་བྱའི་ཁྱད་པར་དང་།  ཚིག་གོང་འོག་གི་འབྲེལ་བ་སོགས་ལས་བྱ་བ་སྟོན་མི་སྟོན་གྱི་ཁྱད་པར་ཡོད་དེ།  དཔེར་ན།   བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།  རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་པའི་ཤོ་ལོ་ཀ་འདིའི་ནང་ན།  བསླབ་པ།  འཛིན་པ།  སྨྲ་བ།  བརྗོད་པ།  སྦྱོར་བ།   བཤད་པར་བྱ་ཚིག་དྲུག་ཡོད་ཀྱང་།  འཛིན་དང་བཤད་པར་བྱ་གཉིས་ལས་གཞན་བཞི་ནི་དངོས་པོའི་མིང་ཙམ་ལས་བྱ་བ་བརྗོད་པའི་བྱ་ཚིག་མིན། [8] ཞེས་གསུངས་པ་བཞིན་མིང་རྣམས་ཚིག་ཏུ་ཞུགས་ཙ་ན།  ངོ་བོ་གཞན་དུ་འགྱུར་འགྲོ་བ་ཡང་གནས་སྐབས་ལ་བརྟེན་ནས་བྱུང་བ་དང་།  གཞན་ཡང་།  མིང་གི་ངོ་བོ་གཅིག་ཅིང་།  དོན་མཚུངས་པའམ་ཉེ་བའི་མིང་རྣམས་ཚིག་ཏུ་སྒྲུབ་དུས་ཚིག་དང་དོན་གྱི་ཉམས་ཀྱི་ཆ་ལ་ཁྱད་པར་ཆེན་པོ་འབྱུང་སྟེ།   བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རུ།   སྤྱིར་བཏང་དུ་དོན་གྱི་ཉམས་ནི་ཚིག་གིས་འབྱིན་ཅིང་།  ཚིག་གི་སྙན་ཆ་མིང་གིས་སྐྱེད་པའི་ཕྱིར་ན།  མིང་དུ་མ་འདུས་ནས་ཚིག་སྒྲུབ་པའི་སྐབས་སུ།  དོན་གྱི་དགོས་མཁོ་ལྟར་མིང་དོན་གདམ་གསེས་བྱེད་པ་ཐོག་མའི་འཇུག་སྒོ་ཉག་གཅིག་ཏུ་མཐོང་སྟེ།   རྒྱགས་པ་དང་ཚིམ་པ་དང་ངོམས་པ་དང་འགྲང་བ་རྣམས་ལ་སྤྱིར་བཏང་འདྲ་བའི་དོན་གྱི་ཆ་ཞིག་སྣང་ཡང་།  རྒྱགས་པ་ང་རྒྱལ་དང་།  འགྲང་བ་ཟས་ཀྱིས་ཚིམ་པའི་དོན་ལ་འཇུག་པས།  ཟས་གོས་གཉིས་ཀྱིས་ཡིད་ཀྱི་འདོད་པ་ཡོངས་སུ་གང་བའི་དོན་སྟོན་པ་ལ་ཚིམ་པ་དང་ངོམས་པ་གཉིས་ཀྱི་གང་རུང་ཞིག་སྦྱར་བས།  རྒྱགས་པ་ལ་ལྟོས་པས་ཚིག་གི་དཔངས་དམའ་ཞིང་།  འགྲང་བ་ལ་ལྟོས་པས་དོན་གྱི་ཁེངས་ཆེ་བ་ལྟ་བུ་ཡིན། [9] ཞེས་བཀོད་པ་ཡང་གནས་སྐབས་ལ་ལྟོས་ནས་མིང་དོན་གདམ་གསེས་གང་ལེགས་བྱས་ན་ཚིག་དོན་གྱི་ཉམས་མི་འདྲ་བ་སྟོན་པས་སོ།  །
བཞི་བ།  བརྡ་སྤྲོད་ཀྱི་གནས་སྐབས།
    མིང་གང་ཞིག་ལ་རྣམ་དབྱེའི་རྐྱེན་ནམ་ཕྲད་སྦྱར་པས་དོན་མི་འདྲ་བ་བསྐྱེད་པ་ནི་བརྡ་སྤྲོད་ཀྱི་གནས་སྐབས་ཡིན།  དེ་ཡང་སློབ་དཔོན་ཐོན་མི་མཆོག་གིས་ཞལ་ནས།  དེ་དག་ནང་གསེས་གང་འཇུག་པ། །མཐར་སྦྱར་འོག་མའི་མིང་དོན་ལས། །སྤྱི་འཇུག་ཡོད་དམ་བྱེད་པ་ཡོད།  །དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །ལས་བྱ་བླང་བྱ་བསྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །ཞེས་གསུངས་པ་ལྟར། མིང་གཅིག་ལ་རྣམ་དབྱེ་དང་ཚིག་ཕྲད་མི་འདྲ་བ་དུ་མ་བྱིན་པས་དོན་གྱི་ལྡོག་པ་མི་འདྲ་བ་སྟོན་པ་ནི་དཔེར་ན། སློབ་མ  སློབ་མར་བཤད།  སློབ་མས་ཉན།  སློབ་མར་འཛིན།  སློབ་མའི་སླད་དུ་ཚོགས།   སློབ་མ་ལས་བླངས།  སློབ་མའི་དཔེ་ཆ།   སློབ་མར་ཡོད།  ཀྱེ་སློབ་མ་ཞེས་པའི་ཆ་ཤས་སོ་སོའི་སློབ་མ་ཞེས་པའི་བསྟན་དོན་སོགས་མི་འདྲ་བ་བཞིན་ནོ།  །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།