༄༅། །རྡོག་གི་རུས་རྒྱུད་རྩད་ཞིབ། མོག་ཀྱཱ་བསོད་ནམས་རྒྱལ།
རྩོམ་པ་པོ།:མོག་ཀྱཱ་བསོད་ནམས་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-09-21 08:30:22
ཀློག་གྲངས།:
༄༅། །རྡོག་གི་རུས་རྒྱུད་རྩད་ཞིབ།
«རྡོག་རབས་གསལ་བའི་མེ་ལོང»གཙོར་བཟུང་བ།
མོག་ཀྱཱ་བསོད་ནམས་རྒྱལ།
མོག་ཀྱཱ་བསོད་ནམས་རྒྱལ།
ནང་དོན་གནད་བསྡུས། རྡོག་ཅེས་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ཐད་ལ་མཛད་རྗེས་ཆེ་བའི་རུས་རྒྱུད་ཆེན་པོ་ཞིག་ཡིན་མོད། ཕྱིས་བྱུང་ཆོས་འབྱུང་དང་ལོ་རྒྱུས་ཡིག་ཚང་ཕལ་མོ་ཆེར་རྡོག་དང་རྔོག་གཉིས་ཀྱི་རྣམ་དབྱེ་གསལ་པོ་མ་ཕྱེ་བས། རྡོག་རྒྱུད་ལས་བྱོན་པའི་སྐྱེས་ཆེན་ཁག་གི་མཛད་པ་ཐམས་ཅད་རྔོག་རྒྱུད་ལ་སྦྱར་ནས་ཆོས་སྤོང་གི་ནོར་འཁྲུལ་ཚབས་ཆེན་བསགས་ཤིང་། ཡིག་ཚང་ཞིབ་འཇུག་པ་མང་པོས་ཀྱང་འཁྲུལ་བ་དེ་ཉིད་བདེན་པར་བཟུང་སྟེ་མ་དག་རྒྱུན་འབྱམས་ཀྱི་བསྟན་བཅོས་རྩོམ་པ་མང་དུ་བྱུང་ཡོད། དོན་དངོས་ཐོག་«རྡོག་རབས་གསལ་བའི་མེ་ལོང་»གིས་གཙོས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཚད་ལྡན་མི་ཉུང་བའི་ནང་འཁོད་པ་ལྟར། རུས་རྒྱུད་དེ་ནི་ཐོག་མར་ཡུལ་རྒྱ་གར་ནས་མཆེད་པའི་བཤད་སྲོལ་ཞིག་བྱུང་ཞིང་། དེ་རྗེས་མདོ་སྨད་ཙོང་ཁའི་ཉེ་འཁོར་དུ་གཞིས་ཆགས་པ་དང་། ཕྱིས་སུ་རྡོག་ཡེ་ཤེས་འབྱུང་གནས་ཀྱིས་གཙོས་འཁོར་བརྒྱ་ཕྲག་ཅིག་དབུས་གཙང་དུ་ཕེབས་ནས་མི་རྒྱུད་འཕེལ་ཏེ་བོད་ཀྱི་ཆེ་བ་མི་དགུའི་ཡ་གྱལ་དུ་གྱུར་ལ། ཁྱད་པར་དུ་དཔལ་གསང་བ་འདུས་པར་མཛད་རྗེས་ཆེ་བས་འདུས་པ་རྡོག་ལུགས་ཞེས་པའི་ཆོས་སྐོར་དེ་ཉིད་ཀྱི་བདག་པོ་དང་རྒྱུད་པའི་ཕ་ཆོས་ལྟ་བུར་གྱུར་ཡོད།
གནད་ཚིག རྡོག་གི་མི་རྒྱུད། མཆེད་ཁུངས། གནས་གཞི། མཛད་འཕྲིན།
གླེང་སློང་བ།
དེ་ཡང་སྟོད་ན་འདར་རྡོག་འཁོན་གསུམ། སྨད་ན་ཁུ་རྔོག་འབྲོམ་གསུམ། བར་ན་སོ་ཟུར་གནུབས་གསུམ་ཞེས་བོད་ཀྱི་ཆེ་བ་མི་དགུའམ་ཇོ་སྲས་མི་དགུའི་ཡ་གྱལ་རྡོག་གི་རུས་རྒྱུད་ལས་སྐྱེས་ཆེན་གསེར་རིའི་ཕྲེང་བ་ཟམ་མ་ཆད་པར་བྱོན་པ་དང་། སྒོས་སུ་དཔལ་གསང་བ་འདུས་པའི་ཆོས་ལ་ནང་བྱན་ཆུད་ཅིང་གཞན་དྲིང་མི་འཇོག་པའི་མཁས་པ་ཤ་སྟག་འཁྲུངས་ཕྱིན་གསང་འདུས་རྡོག་ལ་ཐུག་ཅེས་ཀུན་ལ་གྲགས་ཤིང་ཆོས་སྐོར་དེ་ཉིད་རྒྱུད་པའི་ཕ་ཆོས་ལྟར་བུར་གྱུར་མོད། བོད་ཕྱི་རབས་པ་ཁ་ཅིག་གིས་རྡོག་དང་རྔོག་གི་རུས་རྒྱུད་ཀྱི་རྣམ་དབྱེ་མ་ཕྱེས་པར་རྡོག་ལས་འཁྲུངས་པའི་མཁས་པ་ཕལ་ཆེར་རྔོག་ཏུ་བསྒྱུར་བའི་ཆོས་སྤོང་གི་ལས་ངན་མང་དུ་བསགས་པ་ལས། རང་དང་སྐལ་བ་མཉམ་པའི་གཞོན་རབས་པ་མང་པོ་ཞིག་མགོ་རྨོངས་པར་བྱས། འདིར་འཁྲུལ་བ་དེ་ཉིད་སེལ་འདོད་ཀྱི་ཀུན་སློང་དག་མས་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཡིག་ཚང་ཚད་ལྡན་ཁག་ལ་ཁུངས་བཅོལ་ནས་རྡོག་གི་མི་རྒྱུད་སྐོར་ལ་རྩད་ཞིབ་རགས་ཙམ་བྱ་བ་ལ།


དང་པོ། རྡོག་གི་མི་རྒྱུད་ཀྱི་མཆེད་ཁུངས།
སྤྱིར་རང་རེའི་བོད་དུ་རྩ་བའི་རུས་ཆེན་བཞི་དང་མིའི་གདུང་དྲུག་ཅེས་རུས་ཚན་མི་འདྲ་བ་མང་དུ་མཆིས་ཤིང་། རུས་ཚན་དེ་དག་ལས་བོད་མི་བྱུང་བར་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེའི་བཞེད་པ་གཅིག་ཏུ་མཐུན་མོད། བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོར་རྡོག་གི་རུས་རྒྱུད་ནི་བོད་ཀྱི་རུས་ལས་མཆེད་པ་མ་ཡིན་ཏེ། “རྡོག་འདི་ནི་རྒྱ་གར་ནས་ཆད་པ་ཡིན་ཏེ། དེ་ཡང་རྩོད་དུས་ཀྱི་རྙེངས་(སྟེང་)ནས་རིང་ཞིག་ལོན་པ་ན། རྒྱ་གར་དུ་རྒྱལ་པོ་ཡུལ་འཁོར་སྐྱོང་གི་སྲས་གཡུལ་ངོར་བརྟན་པ་ཞེས་སོ། །དགྲ་ངན་ཞེས་ཀྱང་བྱ་བ་དཔུང་ཚོགས་བཅུ་གཉིས་སམ། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པར་དཔུང་ཚོགས་བཅོ་བརྒྱད་ཟེར་བ་དང་། རྒྱལ་པོ་སྐྱབས་སེང་གི་བུ་ལྔ། ཚ་བོ་དང་དྲུག ཁྱབ་འཇུག་དང་བདུན་གྱིས་བརྩམས་ནས། དགྲ་ངན་གུམ་པའི་ཚེ། དགྲ་ངན་གྱི་ཆབ་སྲིད་རྣམས་སྐྱབས་སེང་བུའི་མངའ་རིས་སུ་ཡོད་པ་ལ་རྒྱལ་པོ་རཱུ་པ་ཏི་ཞེས་བྱ་བ་དང་། བློན་པོ་རྡོག་གིས་མགོ་བྱས་མི་སྟོང་ཕྲག་གཉིས་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་གངས་ཅན་གྱི་གསེབ་ཏུ་བྲོས་པས་མི་འཕེལ་ལོ་”[1]ཞེས་རྒྱ་གར་གྱི་རྒྱལ་པོ་རཱུ་པ་ཏའི་བློན་པོ་རྡོག་གི་མི་རྒྱུད་ལས་བོད་དུ་ཐོག་མར་མཆེད་པར་བརྗོད་པ་དང་། “ཇོ་བོ་ཨ་ཏི་ཤ་བོད་དུ་བྱོན་དུས། རྡོག་བྱང་ཆུབ་འབྱུང་གནས་ཇོ་བོའི་དྲུང་དུ་ཆོས་ཉན་ལ་ཡོད་པའི་ཚེ་ཇོ་བོའི་ཞལ་ནས། ཁྱེད་ཀྱི་རིགས་རུས་རྣམས་ཇི་ལྟར་ལགས་གསུང་བ་ལ། བདག་གི་ཡུལ་རྒྱ་གར་ནས་ཆད་པ་དང་། རིགས་རྗེ་རིགས། རུས་རྡོག་ཟེར་བ་ལགས་ཞུས་པས། རྒྱལ་པོ་དགྲ་ངན་གྱི་བློན་པོ་རྡོག་ཅེས་པའི་གྲགས་པ་ད་དུང་ཡང་ཡོད་གསུངས་”[2]ཞེས་དང་། “ས་སྐྱ་པ་ཏཱ་ཨེན་(དབེན་)ཆོས་ཀྱི་རྒྱལ་མཚན་པའི་བན་ཚང་པ་རྡོག་ནམ་མཁའ་དཔལ་བཟང་པོས་མཛད་དུས། བུ་སྟོན་རིན་པོ་ཆེ་ས་སྐྱར་གདན་དྲངས་ནས་ཏ་ཨེན་(དབེན་)ཆོས་རྒྱལ་བ་ལ་ཆོས་བཀའ་མང་པོ་གནང་བའི་དུས་སུ། རྗེ་བུ་སྟོན་པའི་གསུང་གིས། བླ་མ་ནམ་མཁའ་དཔལ་བ་འདི། བོད་ཀྱི་ཇོ་སྲས་མི་དགུའི་གྱ་བ་ཡང་ཡིན། བོད་ཀྱི་ཤཱཀྱ་ཐུབ་པའི་མི་བརྒྱུད་ཡང་ཡིན་པས། འདི་གཡོག་གི་འོས་མ་ལགས་པས། རབ་ཏུ་སློབ་དཔོན་དུ་ཁུར་མཛད་དོ། །དེ་མིན་ནའང་ཁོང་གི་བློ་དང་མ་འགལ་བའི་མགོ་འདོན་མཛད་པ་ཞུ་གསུངས་པས། བརྒྱུད་པ་འདི་མཆོག་དུ་བསྔགས་སོ་”[3]ཞེས་རང་ཉིད་ཀྱི་རྒྱུད་པའི་ཆེ་བ་འདོན་པ་དང་ཁྱད་དུ་འཕགས་པར་བསྒྲུབ་འདོད་ཀྱི་བློ་བཅོས་དང་དོན་དངོས་ཡིན་མིན་ཤེས་དཀའ་ཡང་། རྡོག་གི་མི་རྒྱུད་འདི་རྒྱ་གར་ནས་མཆེད་པའི་འདོད་ཚུལ་ཞིག་སྔ་མོ་ནས་ཡོད་པར་འདུགདེ་ཡང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའང་རང་ས་ནས་བྱོན་པ་དང་རྒྱ་གར་རུ་པ་ཏི་ལས་བྱུང་བ་སོགས་བཞེད་པ་མི་མཐུན་པ་མང་དུ་མཆིས་པ་བཞིན་སིལ་བུའི་དུས་ཤིག་ནས་བཙན་པོ་དང་སྐྱེས་ཆེན་ཚོའི་གདུང་ཁུངས་རྒྱ་གར་དུ་གཏུགས་ཤིང་། བོད་ཀྱི་ཆོས་ཁུངས་ཙམ་མ་ཟད་མི་ཁུངས་ཀྱང་རྒྱ་གར་དུ་གཏུགས་པའི་སྲོལ་ལྟར། རྡོག་གི་རུས་རྒྱུད་ཀྱི་མཆེད་ཁུངས་ཀྱང་རྒྱ་གར་དུ་གཏུགས་པ་ཡིན་མིན་གང་ལྟར་རུས་རྒྱུད་འདི་དང་འབྲེལ་བའི་ཆོས་འབྱུང་ལོ་རྒྱུས་དང་རྣམ་ཐར་གདུང་རབས་རྣམས་སུ་དང་པོ་རྒྱ་གར་ནས་མཆེད་དེ་རིམ་གྱིས་རྒྱུད་པ་འཕེལ་བ་དང་། རྒྱ་གར་གྱི་རིགས་བཞི་ལས་རྗེ་ཇོ་བོ་བོད་དུ་ཕེབས་པའི་དུས་སུའང་རྒྱ་གར་དུ་རུས་དེའི་མི་རྒྱུད་བཞུགས་པ། བུ་སྟོན་ཐམས་ཅད་མཁྱེན་པ་ལྟ་བུའི་སྐྱེས་ཆེན་དག་གིས་ཀྱང་ཤཱཀྱ་རིགས་དང་རྒྱུད་པའི་མཆོག་ཏུ་བཀུར་ནས་གསུང་གི་གནང་བ་བསྩལ་བ་སོགས་རྡོག་ཅེས་པའི་རུས་རྒྱུད་ཀྱི་མཆེད་ཁུངས་དང་འབྲེལ་བའི་ལོ་རྒྱུས་མང་དུ་བཞུགས་པས། ཡང་སྙིང་གང་ལས་མཆེད་པའི་སྡོམ་ཚིག་འགོད་རྒྱུར་མུ་མཐུད་བརྟག་དཔྱད་ཞིབ་འཇུག་གནང་དགོས་སོ། །
གཉིས་པ། ཐོག་མའི་གཞི་ཆགས་ས་དང་ད་ལྟའི་ཁྱབ་ཁོངས།
རྡོག་གི་མི་རྒྱུད་རྒྱ་གར་ནས་མཆེད་དེ་བོད་ཀྱི་ཡུལ་ལུང་གང་དུ་གཞིས་ཆགས་པའི་ཚུལ་ལ་སྤྱི་དང་བྱེ་བྲག་གི་བཞེད་ལུགས་གཉིས་ཏེ། “རྡོག་གི་བརྒྱུད་པ་འདི་མར་ཁམས་ཤར་ཙོང་ཁའི་ཡུལ་དང་ཉེ་བ་ན་རྡོག་གི་སྡེ་ཆེ་བར་ཆགས་སོ་”[4]ཞེས་དང་། “རྡོག་ཡེ་ཤེས་སེང་གེ་ནི་འཁྲུངས་ཡུལ་ཁམས་པ་ཡིན་ལ། དབུས་གཙང་དུ་བྱོན་ནས་”[5]ཞེས་མཚམས་རེར་མར་ཁམས་ཤར་ཙོང་ཁའི་ཡུལ་ཞེས་མར་ཁམས་དང་ཤར་ཙོང་ཁའི་ཡུལ་གཉིས་མཉམ་དུ་སྦྱར་ནས་བོད་ཡུལ་སྤྱིའི་ཆ་ནས་ས་གནས་བྱེ་བྲག་པའི་ཚུལ་གྱིས་བསྟན་པ་དང་། ལན་རེར་ཁམས་པ་ཞེས་དབུས་ལས་རྒྱང་ཐག་རིང་པོའི་ས་མཐའ་ཙམ་མ་གཏོགས་སྔོན་མ་ལས་ཀྱང་ངོས་འཛིན་དཀའ་བར་བརྗོད། དེ་ཡང་ཤར་ཙོང་ཁའི་ཡུལ་ནི་ས་གནས་ཆུང་ཆུང་བྱེ་བྲག་པ་ཞིག་གཏན་ནས་མ་ཡིན་ཏེ། ཁྲི་འདུས་སྲོང་སྐབས་ཀྱི་དོན་ཆེན་གནད་བསྡུས་ལས། “ཁྱི་ལོ་ལ་བབ་སྟེ། བཙན་པོ་དབྱརད་བྱང་རོལདུ་གཤེགས། དགུན་བློན་ཆེན་ཕོ་ཁྲྀ་འབྲིང་གྱྀས། ཙོང་ཀ་ཆེ་ཆུང་དུ་དྲངསྟེ་”[6]ཞེས་ཙོང་ཁ་ལའང་ཆེ་ཆུང་གཉིས་ཡོད་པར་བཤད་ཅིང་། “ཨ་མདོའི་ཡུལ་སྤྱི་ལ་སྔ་མོའི་དུས་ན་བཙོང་ཁ་བདེ་ཁམས་སུ་གྲགས་ཤིང་། དེ་ལ་ཡང་ད་ལྟའི་ཟི་ལིང་ཕྱོགས་ཀྱི་ཡུལ་ཆ་འདི་ལ་བཙོང་ཁ་དང་། དེའི་ལྷག་མའི་ཡུལ་ལ་བཙོང་ཁ་ཆེན་པོར་འབོད་”[7]ཞེས་ཟི་ལིང་གི་ཡུལ་གྲུར་ཙོང་ཁ་ཆུང་བ་དང་དེ་ལས་ལྷག་མའི་ཉེ་འཁོར་སྤྱི་ལ་ཙོང་ཁ་ཆེ་བར་ངོས་འཛིན་དགོས་ཚུལ་བསྟན་པ་དང་། “ཙོང་ཁ་སྟེ་སྔ་མོའི་དུས་ལ་མཚོ་སྔོན་པོའི་ཤར་ཕྱོགས་རྨ་ཆུ་དང་ཙོང་ཆུ་ཟུང་གི་འབབ་རྒྱུད་སྤྱིའི་མིང་ཡིན་པ་དང་། ཕྱིས་ཙོང་ཆུའི་འབབ་རྒྱུད་ཙམ་ལ་ངོས་འཛིན་ལ། སྐུ་འབུམ་ཙམ་གྱི་ཉེ་མཐའ་ཙམ་ལས་མི་འདའ་བར་སེམས་མཁན་ཡང་མཆིས་”[8]ཞེས་དུས་ཀྱི་འགྱུར་བ་དང་བསྟུན་ནས་ཙོང་ཁའི་ས་གནས་ཀྱི་ངོས་འཛིན་ལའང་འགྱུར་བ་འབྱུང་བཞིན་པས། ལོ་རྒྱུས་སྨྲ་བ་དག་གི་འདོད་པའང་གཅིག་མཐུན་ཞིག་མིན། དེ་བཞིན་“ཁམས་དང་ཨ་མདོ་བསྡོམས་པའི་ཤར་ཕྱོགས་ཀྱི་ཡུལ་བྱིངས་ལ་ཁམས་ཞེས་གྲགས་ཤིང་། ཁམས་ནི་ས་མཐའ་ལ་བྱས་པ་སྟེ། མཐའི་རྒྱལ་ཕྲན་ལ་ཁམས་ཀྱི་རྒྱལ་ཕྲན་དུ་འབོད་པ་ལྟ་བུའོ་”[9]ཞེས་ཁམས་ཞེས་པའང་ས་གནས་བྱེ་བྲག་པ་ཞིག་ལ་མི་གོ་བས། རྡོག་གི་མི་རྒྱུད་གཞི་ཆགས་སའི་མར་ཁམས་ཤར་ཙོང་ཁའི་ཡུལ་ནི་རྣམ་པ་གཅིག་ཏུ་འདི་ཡིན་ཞེས་གསལ་པོར་སྟོན་དཀའ་བའི་ས་གནས་ཤིག་ཏུ་གྱུར་ལ། སྐབས་དེར་བྱོན་པའི་མདོ་སྟོད་སྨད་ཕྱོགས་ཀྱི་མཁས་པ་མང་པོའི་ལོ་རྒྱུས་སུའང་འཁྲུངས་ཡུལ་ཁམས་དང་ཁམས་ཀྱི་མཁས་པ་ཞེས་གཅིག་སྤྱོད་བྱས་པ་ལྟ་བུས་ཀྱང་མཚོན་ནོ། །
དེ་ལ་ཙོང་ཁ་རྒྱལ་རབས་ཀྱི་ལོ་རྒྱུས་སྨྲ་བ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས“མདོ་སྨད་ཀ་ཆུ་ས་ཆའི་ཚོ་དཔོན་རྡོག་ཡེ་ཤེས་ཟེར་བས་རྒྱལ་སྲས་ཆེན་པོ་ཙོང་ཁའི་ཡུལ་དུ་སྤྱན་དྲངས”[10]ཞེས་རྡོག་གི་མི་རྒྱུད་ནི་སྐབས་དེར་ཙོང་ཁའི་མངའ་ཁོངས་མདོ་སྨད་ཀ་ཆུ(河州)སྟེ་དེང་སྐབས་ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་ཡོད་པའི་ལིན་ཞ་(临夏)དང་བསང་ཆུའི(夏河)གཡས་གཡོན་དུ་ཡོད་ཅིང་གནས་དེ་གར་གཞིས་ཆགས་པ་དང་། “何郎业贤”ཞེས་པའི་ལོ་རྒྱུས་མི་སྣ་ཡང་རྡོག་ཡེ་ཤེས་སུ་འདོད་མོད། ལྟ་ཚུལ་དེ་ཉིད་བདེན་པར་འཛིན་དཀའ་སྟེ། རྩོམ་པ་པོས་སྔ་མའི་དཔྱད་རྩོམ་དུ“何郎业贤”ཟེར་བའི་མིང་དེ་ཉིད་དཔལ་ལྷ་ཡེ་ཤེས་དང་། ཕྱིས་སུ་«ཙོང་ཁ་རྒྱལ་རབས་ཞིབ་འཇུག་»ཏུ་རྡོག་ཡེ་ཤེས་སུ་སྒྲ་བསྒྱུར་དང་རིགས་འདེད་བྱས་ལ། དེ་ཡང་རྗེ་དམུ་དགེ་བསམ་གཏན་མཆོག་གིས“རྒྱལ་སྲིད་འབུལ་མཁན་ལིང་ཡེ་ཤན་“郎业贤”ཞེས་པ་དེ་རྡོག་ཡེ་ཤེས་ཡིན་ནམ་སྙམ་”[11]ཞེས་ཚོང་དཔོན་“郎业贤”དང་རྡོག་ཡེ་ཤེས་འབྱུང་གནས་གཉིས་ཀྱི་འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ཏེ། གང་ཟག་དེ་གཉིས་མི་སྣ་གཅིག་ཏུ་འདོད་པའི་ཐེ་ཚོམ་གྱི་རིགས་འདེད་འདི་ལ་ཁུངས་བཅོལ་ནས། ཀ་ཆུའི་ཚོ་དཔོན་ནམ་ཚོང་དཔོན་རྡོག་ཡེ་ཤེས་ཞེས་ཁ་ཚོན་བཅད་ཀྱང་ཡིད་ཆེས་བའི་ལུང་དང་རིགས་པ་མ་ཡིན་པས་རྗེས་སུ་འཇུག་པའི་འོས་མ་ཡིན་པ་དང་། “རྡོག་གི་མི་རྒྱུད་འདི་ནི་མདོ་སྨད་ཀྱི་རྔ་བ་དང་དམུ་དགེ་སོགས་སུའང་ཡོད་”[12]ཅེས་སི་ཁྲོན་ཞིང་ཆེན་གྱི་རྔ་བ་དང་དམུ་དགེ་སོགས་སུ་ད་ལྟའང་མི་རྒྱུད་དེ་ཉིད་ཡོད་པ་བཅས་ལ་གཞིགས་ཚེ། ཡང་སྙིང་ཤར་ཙོང་ཁའི་མངའ་ཁོངས་གང་ཞིག་ཡིན་མིན་ནི་མཐའ་གཅིག་ཏུ་འདིའོ་ཞེས་ཁ་ཚོན་གཅོད་མི་ནུས་པར་གྱུར།
སྤྱི་ལོ་དུས་རབས་བཅུ་གཅིག་པའི་སྐབས་སུ་རྡོག་ཡེ་ཤེས་འབྱུང་གནས་ཀྱིས་མདོ་སྨད་ཡུལ་གྱི་མངའ་ཐང་དང་ལོངས་སྤྱོད་ཐམས་ཅད་ཡལ་བར་དོར་ནས་རིག་གནས་དོན་གཉེར་གྱི་འདུན་པ་དྲག་པོས་ཀུན་ནས་བསླངས་ཏེ། “དབོན་པོ་ཡེ་ཤེས་སེང་གེ །དེའི་གཅུང་པོ་དབུ་མ་རཱ་ཛཱ། རྡོ་རྗེ་གྲགས་པ་ཡང་ཁུ་བོ་དབུས་གཙང་ལ་ཆོས་ལ་གཤེགས་ན་བདག་གསུམ་ཡང་ཕྱག་ཕྱིར་འགྲོ་བར་ཞུ་ཟེར་ནས། གཞན་པ་ཕྱག་ཕྱིར་འབྲང་མི་བརྒྱ་ཕྲག་མང་པོ་དང་། གསེར་དངུལ། གཡུ། གོས་དར་ཇ་ལ་སོགས་པ། མཛོ་རྟ་མང་པོ་དང་བཅས་ལམ་དུ་ཞུགས་པས། དབུས་ཀྱི་དྲང་སྲོང་སྲིན་པོ་རི་དང་། ཆུ་བོ་རིར་ཕྱག་ཕེབས་ནས་རབ་ཏུ་བྱུང་། ཐེག་པ་ཆེ་ཆུང་གི་ཆོས་རྣམས་ལ་སྦྱངས་པས་ཐོགས་མེད་དུ་མཁྱེན། ཕ་རོལ་གྱི་རྒོལ་བ་རྣམས་ཚར་བཅད། ཡང་དག་པའི་མཁས་པ་ཆེན་པོར་གྲུབ་”[13]ཅེས་འཁོར་བརྒྱ་ཕྲག་དང་བཅས་དབུས་གཙང་དུ་ཕེབས་པ་དང་། “དེ་ཡང་རྡོག་ཡེ་ཤེས་སེང་གེ །དེའི་སྲས་ཉི་མ་སེང་གེ །དེའི་གཅུང་པོ་དབུ་མར། དེའི་དཔོན་པོ་རྡོར་སེང་དང་བཞིས་ཁམས་ནས་འོངས་ནས་རྟ་ནག་སྒྲོ་མོན་ཅན་དུ་བབས་”[14]ཞེས་མི་རྒྱུད་འདི་ཁམས་ནས་ཡར་ཕེབས་ཏེ་གཙང་རྟ་ནག་ཏུ་གཞིས་ཆགས་ཚུལ་གསལ་བ་དང་། དེ་ནས་འགོས་ལོ་ཙཱ་བ་དང་མཇལ་ནས་གསང་བ་འདུས་པའི་ཆོས་ཞུས། རྒྱུད་ཉན། མན་ངག་ལ་ནན་ཏན་ཆེར་མཛད་པས། མན་ངག་གི་གདུང་མ་ཐེག་པར་གྲགས། “དེ་ནས་དབུ་མར་དང་རྡོར་སེང་གཉིས་ཀྱིས་དབུས་ཀྱི་སྲིན་པོ་རིར་འདུལ་བ་བསླབས་ཏེ་”[15]ནང་པའི་ཆོས་གཞུང་ལ་སློབ་གཉེར་རྡོ་རུས་ཐུག་པ་མཛད་ནས་མཁས་པའི་གྲགས་པ་ཐོབ་ཅིང་སོ་སོས་གནས་གཞི་བཟུང་ཞིང་། རིམ་གྱིས་མི་རྒྱུད་འཕེལ་བ་ལས“རྡོག་གི་རིགས་ཚན་ཁྲོམ་མདའ་ཤེལ་གྲོང་ལུམ་པ་ལ་སོགས་པ་མཐའ་ཡས་པ་”[16]བྱུང་སྟེ་དུས་རབས་བཅོ་ལྔ་པའི་སྐབས་སུ་ཁྲོམ་མདའ་དང་ཤེལ་གྲོང་། ལུམ་པ་སོགས་ཀྱི་ཡུལ་ཕྱོགས་དེ་གར་རྡོག་གི་རིགས་ཚན་མང་དུ་མཆེད། འདི་ལས་མཚོན་ཐུབ་པ་ནི། རྡོག་གི་མི་རྒྱུད་འདི་སིལ་བུའི་དུས་སྟོད་ཙམ་ལ་མདོ་སྨད་ཙོང་ཁའི་ཡུལ་གྲུར་གནས་བཅས་ཡོད་པ་ལ། དེའི་ནང་ནས་སྐོར་ཞིག་སློབ་གཉེར་གྱི་ཕྱིར་དབུས་གཙང་དུ་མི་རྒྱུད་སྤོས་ནས་ཡོང་བ་དང་། རིམ་གྱིས་དབུས་གཙང་གཉིས་སུ་རྡོག་གི་མི་རྒྱུད་འདི་མཆེད་གྱེས་བྱུང་། ད་ལྟའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དང་ངམ་རིང་རྫོང་གི་ས་མཚམས་སུ་བཞུགས་པའི་རྡོག་གཞུང་ཞེས་པའི་ས་ཆ་དེའང་དོན་དངོས་སུ་རྡོག་གི་མི་རྒྱུད་ཕྱི་མ་དང་འབྲེལ་བ་ཡོད་དམ་སྙམ་མོད། ཁ་གསལ་རྒྱུ་ཆ་མ་རྙེད་པས་དེའི་སྐོར་ལ་ལོ་རྒྱུས་སྨྲ་བ་ཚོས་མུ་མཐུད་ཞིབ་འཇུག་བྱེད་དགོས་སོ། །
གསུམ་པ། དུས་རབས༡༡ནས༡༥བར་བྱོན་པའི་རྡོག་གི་མི་རྒྱུད་གྲགས་ཆེན་ཁག་ཅིག
དེ་ལྟར་རྡོག་གི་མི་རྒྱུད་རྒྱ་གར་ལས་མདོ་སྨད་ཙོང་ཁའི་ཉེ་འགྲམ་དུ་མཆེད་པ་དང་། སྤྱི་ལོ་དུས་རབས་བཅུ་གཅིག་པའི་ཡས་མས་སུ་ཡར་དབུས་གཙང་དུ་སྤོས་པ་ལས། མདོ་སྔགས་གཉིས་ལ་མཁྱེན་རྒྱ་ཆེ་བའི་མཁས་ཆེན་མང་དུ་བྱོན་ཞིང་། དགོན་པ་ཕྱག་འདེབས་དང་གནས་གཞི་བཟུང་ནས་བསྟན་བཅོས་མཛད་པ་སོགས་ཀུན་གྱིས་ཁས་ལེན་པའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་པར་བརྟེན། སྟོད་ན་འདར་རྡོག་འཁོན་གསུམ་ཞེས་བོད་ཀྱི་ཆེ་བ་མི་དགུའི་ཡ་གྱལ་དུ་བགྲངས་ཤིང་། འདུས་པ་རྡོག་ལུགས་དང་གསང་འདུས་རྡོག་ལ་ཐུག་ཅེས་ཀུན་གྱིས་ཚད་མར་འཛིན་པའི་མཛད་པ་དེ་ཉིད་བྱུང་། དེ་ཡང་རྡོག་ཡེ་ཤེས་འབྱུང་གནས་ནི་ཇོ་བོ་རྗེ་དང་དུས་མཉམ་ཡིན་ཞིང་། «རྡོག་རབས་གསལ་བའི་མེ་ལོང་»གི་མཛད་པ་པོ་ནམ་མཁའ་བསོད་ནམས་ནི་རྡོག་དཀོན་མཆོག་དཔལ་བཟང་མཆོག་གི་དངོས་སློབ་སྟེ་སྤྱི་ལོ་དུས་རབས་༡༥པའི་དུས་དཀྱིལ་ཙམ་དུ་བྱོན་པ་སོགས་དུས་རབས་༡༡པ་ནས་དུས་རབས་༡༥པའི་བར་རྡོག་གི་མི་རྒྱུད་ལས་མཁས་པ་ཕྲེང་བའི་རྒྱུད་དུ་བྱོན། དེར་བརྟེན། འདིར་དགོས་པར་གཞིགས་ནས་རྡོག་གི་མི་རྒྱུད་ལས་བྱུང་བའི་དམ་པ་ཁག་ཅིག་གི་རྣམ་ཐར་དང་མཛད་འཕྲིན་དམིགས་བཀར་གྱིས་བསྡུས་ནས་འགོད་པར་བྱ་བ་ལ།
རྡོག་ཡེ་ཤེས་འབྱུང་གནས། འཁྲུངས་ཡུལ་མདོ་ཁམས་དང་ཕྱིས་དབུས་སུ་ཕེབས་ནས་དབུས་ཀྱི་དྲང་སྲོང་སྲིན་པོ་རི་དང་ཆུ་བོ་རིར་རབ་ཏུ་བྱུང་སྟེ་ཐེག་པ་ཆེ་ཆུང་རིས་སུ་མ་ཆད་པ་དང་། སྒོས་སུ་རྒྱུད་སྡེ་བཞི་སོགས་གསང་སྔགས་ཀྱི་ཆོས་མཐའ་དག་ལའང་དབང་འབྱོར་པས་ཁམས་གསུམ་གྱི་སྟོན་པ་དང་ཀུན་གྱིས་གཙུག་རྒྱན་ལྟ་བུར་བཀུར་ཅིང་། “རྡོག་ཡེ་ཤེས་འབྱུང་གནས་ཀྱིས་སྤང་དཀར་ལྷ་ལུང་བརྩིགས་ཏེ་”[17]ཞེས་གནས་གཞི་ཡང་བརྩིགས་པར་བཤད་ལ། ཇོ་བོ་རྗེའི་དྲུང་ཆོས་གསན་ནས་ཕན་ཚུན་གསུང་གླེང་མཛད་པའི་རྣམ་ཐར་རྨད་དུ་བྱུང་ངོ་། །
རྡོག་རྡོ་རྗེ་གྲགས་པ། འཁྲུངས་ཡུལ་མདོ་ཁམས་ཡིན་ཞིང་དབུས་གཙང་དུ་བྱོན། བོད་ཀྱི་བླ་ཆེན་མི་བཞིའི་ཡ་གྱལ་མཁས་བཙུན་གྲགས་པ་བཟང་པོའི་དྲུང་རབ་ཏུ་བྱུང་། འདུལ་བ་དང་དབུ་ཕར་སོགས་ལ་སྦྱངས་བ་མཛད། ཕྱིས་གཙང་དུ་བྱོན་ནས་འཇད་དུ་དགོན་པ་གད་ཕུར་ཕྱག་བཏབ། དེ་ལ་ཀུན་དགའ་ཚེ་དབང་དོན་གྲུབ་ཀྱིས“རྡོག་སྟོན་ཆེན་པོ་ཡེ་ཤེས་སེང་གེ་ལ་སྲས་གཉིས་ཡོད་པའི། སྲས་སྐུ་གཞོན་པ་དབུ་དམར་བས། དབུས་ཀྱི་སྲིན་པོ་རིར་འདུལ་བ་མཐར་ཕྱིན་བསླབས། སླར་འགོས་ལོ་ཙཱ་བ་ལ་ཡང་ཆོས་ཟབ་མོ་རྣམས་བསན། ཁྱད་པར་ཡབ་རྡོག་སྟོན་ཡེ་ཤེས་སེང་གེ་ལ་ཆོས་བུམ་པ་གང་བྱོ་གསན་ནས། བཞད་གར་ཕུར་གྱི་དགོན་པ་བཏབ་ནས་མདོ་སྔགས་ཀྱི་འཆད་ཉན་བཙུགས་”[18]ཞེས་བཞད་གར་ཕུར་གྱི་དགོན་པ་ནི་རྡོག་སྟོན་ཆེན་པོའི་སྲས་ཆུང་བ་དབུ་དམར་བས་ཕྱག་བཏབ་པར་བཞེད་མོད། བུ་སྟོན་རིན་པོ་ཆེའི་«གསང་འདུས་ཆོས་འབྱུང་»དུ་དབུ་དམར་བས་འཇད་གད་ཕུར་བཟུང་ཞེས་གསལ་བ་ནམ་མཁའ་བསོད་ནམས་ཀྱིས་མཛད་པའི་«རྡོག་རབས་གསལ་བའི་མེ་ལོང་»དང་བསྡུར་ནས་དཔགས་ཚེ། འཇད་གར་ཕུར་གྱི་དགོན་པ་ནི་རྡོག་ཡེ་ཤེས་འབྱུང་གནས་ཀྱི་དབོན་པོ་རྡོ་རྗེ་གྲགས་པས་ཕྱག་བཏབ་པར་འདོད་དོ། །འདུལ་བ་འཛིན་པ་ཀུན་གྱི་རྒྱན་དུ་གྱུར་ཏེ་བོད་ཀྱི་དགྲ་བཅོམ་པར་ཡང་གྲགས། ཕྱིས་འཇད་ཤར་ཕྱོགས་ཀྱི་དགོན་པ་གདོང་ཁྲོད་ཕྱག་བཏབ་པ་ཡིན་ལ། གསང་སྔགས་ཀྱི་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས་སྐུ་གཤེགས།
དབུ་མ་རལ་པ། བླ་མ་འདི་ལ་མཚན་མི་འདྲ་བ་བཞི་ཙམ་བྱུང་སྟེ། དབུ་མ་རཱ་ཛཱ་དང་དབུ་མ་རལ་པ། དབུ་དམར་བ། དབུ་མར་བཅས་ཡོད་པར། གཅིག་ན་གང་ཟག་གཅིག་ལ་མཚན་གྱི་འབྲི་ལུགས་བཞི་ཡོད་པས་དང་། ཡང་ན་གང་ཟག་སོ་སོ་བ་ཡིན་ཡང་སྲིད། རྡོག་རབས་སུ“དབོན་པོ་ཡེ་ཤེས་སེང་གེ །དེའི་གཅུང་པོ་དབུ་མ་རཱ་ཛཱ་དང་། རྡོ་རྗེ་གྲགས་པ་”[19]ཞེས་ཁོང་གི་མཚན་ལ་དབུ་མ་རཱ་ཛཱ་དང་རྡོག་ཡེ་ཤེས་སེང་གེའི་གཅུང་པོ་ཡིན་པར་བརྗོད་པ་དང་། “བླ་མ་དེ་ཉིད་ཀྱི་གཅུང་པོ་དབུ་མ་རལ་པའི་རྣམ་ཐར་ནི་”[20]ཞེས་རྡོག་ཡེ་ཤེས་འབྱུང་གནས་ཀྱི་དབོན་པོ་རྡོ་རྗེ་གྲགས་པའི་གཅུང་པོའམ་མཚན་གྱི་འབྲི་ལུགས་དབུ་མ་རལ་པ་ཡིན་པར་བཤད་པ། “རྡོག་སྟོན་ཆེན་པོ་ཡེ་ཤེས་སེང་གེ་ལ་སྲས་གཉིས་ཡོད་པའི། སྲས་སྐུ་གཞོན་པ་དབུ་དམར་བས་”[21]ཞེས་དབུ་དམར་བ་རྡོག་ཡེ་ཤེས་སེང་གེའི་སྲས་ཆུང་བར་བརྗོད་པ་སོགས་བཞེད་པ་མི་མཐུན་ཡང་། དོན་ལ་དབུ་དམར་བ་ཁོང་རྡོག་ཡེ་ཤེས་སེང་གེའི་སྲས་ཆུང་བ་ཡིན་པར་འདོད་དེ། ཀུན་དགའ་ཚེ་དབང་དོན་གྲུབ་ཀྱི་«བཞད་ཀྱི་བཤད་ལུང་»དང་བུ་སྟོན་རིན་པོ་ཆེའི་«གསང་འདུས་ཆོས་འབྱུང་»ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་«གསང་འདུས་ཆོས་འབྱུང་»གསུམ་གྱི་དགོངས་པའང་དེ་ལྟར་ཡིན་པས་རྟོགས་ནུས་ལ། འཇད་ཀྱི་ཕྱོགས་སུ་དམ་ཆོས་དར་བའི་རྟེན་འབྲེལ་དུ་གསུང་རབ་པོ་ཏི་བརྒྱ་ཙམ་དང་མཆོད་རྟེན་བརྒྱ་རྩ་བཞེངས་ནས་དབོན་པོ་གདན་སར་བཞག་སྟེ་སྐུ་གཤེགས།
རྡོག་ཡེ་ཤེས་སེང་གེ །འཁྲུངས་ཡུལ་ཁམས་དང་ཕྱིས་དབུས་སུ་ཕེབས་ནས་མར་སྟོན་སེང་གེ་རྒྱལ་མཚན་[22]ལ་གསང་བ་འདུས་པའི་ཆོས་རྣམས་ཞུས། མཁྱེན་པའི་སྟོབས་ཀྱིས་མར་སྟོན་ལ་སློབ་མ་རྒྱུ་སྐར་ལྟར་ཡོད་པའི་ནང་མཆོག་ཏུ་གྱུར་པ་ཉི་ཟླ་ཟུང་གཅིག་ལས་རྡོག་ཉི་མ་དང་ཤོལ་ཟླ་བ་ཞེས་གྲགས་པ་སྟེ། མང་ར་བ་སེང་གེ་རྒྱལ་མཚན་ཁམས་ནས་བྱོན་ཏེ“འཇད་དུ་བཞུགས་ཡོད་པ་ལ་ཁམས་ནས་རྡོག་ཡེ་ཤེས་སེང་གེ་ཆོས་ཞུ་བ་ལ་བྱོན། སྐུ་ཉེ་བར་དགོངས་ནས་རྡོག་ལ་དགེས་པོ་མཛད་དེ་དབང་རྒྱུད་གདམས་པ་མ་ལུས་པ་གནང་། རྡོག་ཤེས་རབ་ཆེ་བས་བླ་མས་གསུངས་པའི་ཆོས་རྣམས་མི་ཟིན་པ་མི་སྲིད། འདིས་སྟོང་ཐུན་འབྲིང་པོ་རིམ་ལྔའི་སྒྲོན་མ་བྱ་བ་མཛད་”[23]ཅེས་མང་ར་བ་བསྟེན་ནས་དབང་རྒྱུད་གདམངས་ངག་གི་མཛོད་དུ་གྱུར། “འགོས་ལོ་ཙཱ་བ་ཁུག་པ་ལྷས་ལ་ཆིག་སྒྲིལ་མཛད་ནས་གསང་འདུས་ཀྱི་རྒྱུད་བཤད་དང་མན་ངག་སོགས་གཞན་ཡང་རྒྱུད་མཐའ་དག་ལ་སྦྱངས་པས་འགོས་ཀྱི་སློབ་མའི་མཆོག །བཞད་ཀྱི་རྡོག་སྟོན་ཆེན་པོར་གྲགས་པ་དེས། བླ་མ་འགོས་ཀྱི་གསུང་དངོས་ལ་བརྟེན་ནས་གསང་བ་འདུས་པའི་སྟོང་ཐུན་ཆུང་བ་གཅིག་དང་། སྒྲོན་གསལ་གྱི་འགྲེལ་བཤད་མཛད། བཞད་ཆུ་སྟོད་དགོན་གནས་བཏབ་”[24]པ་དང་། དེ་ལ་བོད་ཡུལ་དུ་རྡོག་གི་དགོན་གནས་སུ་བརྗོད། མཁས་པའི་གྲགས་པ་ཤིན་ཏུ་ཆེ་བས་གསང་འདུས་རྡོག་ལ་ཐུག་ཅེས་གྲགས། རྭ་ལོ་རྡོ་རྗེ་གྲགས་པར་གཤིན་རྗེའི་ཆོས་སྐོར་རྣམས་ཞུས་ནས་ཡིག་ཆ་མཛད། བཞད་དགའ་ལྡན་དང་དོལ་དུ་མེ་ཏོག་མཛེས་ལྡན་གྱི་དགོན་པ་བྱ་བ་བཏབ། མར་སྟོན་སྐུ་གཤེགས་རྗེས་རམ་སྟེངས་ཀྱི་གདན་ས་མཛད།
རྡོག་ཉི་མ་སེང་གེ །འདི་བ་གོང་སྨོས་རྡོག་ཡེ་ཤེས་སེང་གེའི་སྲས་ཡིན་ཞིང་། བ་རི་ལོ་ཙྪ་བའི་(༡༠༤༠ལོ་ནས་༡༡༡༡ལོ་བར་)དྲུང་རབ་ཏུ་བྱུང་། ཡབ་ལ་གསང་འདུས་ཀྱི་རྒྱུད་འགྲེལ་མན་ངག་རྣམས་མ་ལུས་པར་ཞུས་ནས་ཉམས་ཁྲིད་བསྐྱངས་པས་གདམས་པའི་གནད་ཐམས་ཅད་ཐུགས་སུ་ཆུད། «ཟབ་མོའི་འགྲེལ་པ་རྡོག་གི་ཊིཀ་ཆེན་»དུ་གྲགས་པ་དང་། «འཐོར་བ་བསྡུས་པའི་བསྡུས་དོན། «ཐེག་པའི་སྟོང་ཐུན་ཆེ་ཆུང་» «རིམ་ལྔའི་གསལ་བཤད» «ཐིམ་པ་བཞི་པ» «རྣམ་གཞག་རིམ་པའི་གསལ་བཤད» «བསླབ་པ་རིམ་པ་དགུའི་གསལ་བྱེད་ཀྱི་མན་ངག་»སོགས་ཀུན་གྱི་མིག་རྐྱེན་དུ་མཛད་པ་དང་། “འདིས་ཛམྦྷ་ལ་འགྲུབ་པས་འབྱོར་བ་ཆེ། འཕགས་ལུགས་ཀྱི་གཞུང་རྣམས་ལ་ས་བཅད། ཊཱིཀྐ། ཁྱད་པར་རྒྱུད་ཀྱི་སྟོང་ཐུན་ཆུང་བ་བྱ་བ་དང་། སྒྲོན་གསལ་གྱི་འགྲེལ་བཤད་སྒྲོན་ཆུང་དུ་གྲགས་པ་རྣམས་མཛད། རྡོག་གི་ཡིག་ཆ་རྣམས་སྒོ་རུམ་དཔེ་ཁང་ན་བཞུགས་པ་ལ་ངོར་ཆེན་གྱིས་གཟིགས་པས་ཉི་མ་སེང་གེའི་བསྟན་བཅོས་རྣམས་ལེགས་པ་འདུག་གསུངས་”[25]ཞེས་དཔལ་གསང་བ་འདུས་པའི་སྐོར་གྱི་བསྟན་བཅོས་མང་དུ་བཞུགས། མཁས་པ་ཤཱཀྱ་ཐུབ་པ་དང་འདྲ་བས་རྡོག་ཤཱཀྱ་མུ་ནེར་གྲགས། «རྡོག་གི་བསྟན་བཅོས་གཟེ་མ་རྭ་མགོ་»མཛད། དྲག་རྟག །རྡོག་གྲོང་། ཞུ་རི། འཐེབ་རི། ཁྱེལ། ཁྱུང་དཀར། དོལ། བ་ཚ་ལྷས། གྲོ་སྐོར། དགེ་ལུང་། ཆོས་ལུང་གི་མགོ་བྱས་པའི་གཙུག་ལག་ཁང་བཅུ་གསུམ་བཞེངས། དབྱར་དོལ་གྱི་མེ་ཏོག་མཛེས་ལྡན་དང་། སྟོན་རྡོག་གྲོང་། རམ་སྡིངས། དགུན་དྲག་རྟག །དཔྱིད་དགེ་ལུང་རྣམས་སུ་བཞུགས། འབྲིང་མཚམས་ནས་ཞང་། ཡར་ལུང་ནས་ཁུ། ཁ་རག་ནས་སྙོས། སྨན་ལུང་ནས་དཔྱལ། རོང་ནས་སྟོན་ཆེན་འབུམ་སྐྱབས་སོགས་བོད་ན་ཆེ་བའི་མི་བཞི་ལ་སོགས་དབུས་གཙང་ཁམས་གསུམ་གྱི་གྲྭ་པ་མང་དུ་འདུས། མཐར་དགུང་ལོ་དྲུག་ཅུའི་སྟེང་སྐུ་གཤེགས།
རྡོག་ཨརྱ་དེ་ཝ། འདི་པ་རྡོག་ཉི་མ་སེང་གེའི་སྲས་ཏེ་ཡུམ་བྲེ་ཁ་མན་ཁང་གི་ཇོ་མོ་ཞེས་པ་དང་། གཞོན་ནུའི་སྐབས་སྦས་བའི་ཚུལ་གྱིས་ཁམས་སུ་བཏང་། ཕྱིས་ཡར་དབུས་གཙང་དུ་བྱོན་ནས་ཡབ་ལ་གསང་བ་འདུས་པ་ཆ་ལག་ཚང་བར་གསན། དགེ་བསྙེན་བསྒྲུབ་ནས་སྔགས་པའི་ཆ་ལུགས་མཛད་དེ་མཚན་འཕགས་པ་སྐྱབས་སུ་བཏགས། སྐྱེ་གཟུགས་ལེགས་ལ་མཁྱེན་པ་དང་ལྡན་པས་རྒྱ་གར་གྱི་འཕགས་པ་ལྷ་དང་འདྲའོ་ཟེར་ནས་ཨརྱ་དེ་ཝར་གྲགས། མི་འབུམ་ཚོའི་གསེབ་ན་ལེགས་པས་རྡོག་འབུམ་ལེགས་ཞེས་ཀྱང་བརྗོད། རྡོག་གྲོང་གི་གནས་སར་བཏབ་ཅིང་གཙུག་ལག་ཁང་ཆེན་མོ་གཅིག་བཞེངས། «སྒྲོན་གསལ་གྱི་ཊཱིཀྐ་བདུད་རྩིས་ཚིམ་བྱེད་»དང་། «ཊཱིཀ་མོ་ཆེའི་ས་བཅད།» «རྒྱུད་ཀྱི་དཀའ་བའི་གནས་ལ་འགྲེལ་པ་»སོགས་འདུས་པའི་ཡིག་ཆ་མང་དུ་མཛད། ཞང་སྟོན་རྡོ་རྗེ་གྲགས་པ། ཆག་ལོ་ཙྪ་བ་(༡༡༩༧ལོ་ནས་༡༢༦༤ལོ་བར)ལ་སོགས་དབུས་གཙང་གི་དགེ་བའི་བཤེས་གཉེན་དུ་མ་འདུས། ས་པཎ་མཆོག་གིས་གདན་དྲངས་ནས་བསྙེན་བཀུར་གཟབ་པར་གནང་། “ཆོས་རྗེ་ས་པཎ་གྱི་ཞབས་ལ་ཡང་གཏུགས་ནས་ས་སྐྱ་པའི་ཆོས་མང་པོ་གསན། ས་སྐྱར་འདུས་པ་ལ་སོགས་པའི་འཆད་ཉན་མཛད། ས་པཎ་གྱི་སློབ་མ་ཞང་བྱ་རུ་བར་གྲགས་པ་དེ་འདི་ཡིན་གསུངས་”[26]པ་དང་། “ཡར་ཀླུང་པ་རྒྱལ་ཚ་ལུང་གི་དབང་ཕྱུག །ཞང་བྱ་རུ་བ་ཨཱརྱ་དེ་ཝ། ལོང་བུ་བ་བསོད་ནམས་རིན་ཆེན། སླང་ར་བ་ཀུན་དགའ་རྒྱལ་མཚན་དེ་སྦས་པའི་རྣལ་འབྱོར་པ་ཆེན་པོ་བཞི་”[27]ཞེས་ཕྱིས་སུ་རྗེ་ས་པཎ་མཆོག་གི་སྲས་ཀྱི་ཐུ་བོར་གྱུར་། མདོ་བྲག་ཏུ་བྱོན་ནས་དབང་དང་བཀའ་ཆོས་མང་དུ་གནང་ཞིང་། རྒྱ་བོད་གཉིས་སུ་གྲགས་པ་ཆེ་ལ་མཐར་དྲག་རྟག་དགའ་ལྡན་གྱི་གནས་སུ་དགུང་ལོ་སོ་གཉིས་བཞེས་པ་(༡༢༦༠ལོ་)སྤྲེལ་ཟླའི་ཚེས་བཅུ་ལ་སྐུ་གཤེགས།
བླ་མ་འདི་ལ་སྲས་གསུམ་ཡོད་པའི་ཡུམ་དོ་ཆུ་བའི་སྲས་མོ་དང་། སྲས་གསུམ་གྱིས་གསང་འདུས་ལ་སློབ་གཉེར་མཛད། གཅེན་པོ་ནམ་མཁའ་གྲགས་ཀྱིས་དྲག་རྟག །རྡོག་གྲོང་། གྲོ་སྐོར་རྣམས་བཟུང་། བར་པས་ཕ་ཚ་ལྷས། རོང་སྐོར། གྲེམ་མཛེར་རྣམས་བཟུང་། ཆུང་པས་དགེ་ལུང་། སྨོན་མོ་ལུང་། ཤར་ཕྱོགས་གཞིས་རྣམས་བཟུང་ནས་སྲེབས་སེ་བས་ཡུལ་དགོན་རྣམས་མ་ཤོར་བར་བྱས།
རྡོག་ཆོས་ཀྱི་དབང་ཕྱུག །སློབ་དཔོན་ནམ་མཁའ་གྲགས་ཀྱི་སྲས་གཅིག་པུར་གྲགས་ཤིང་། ཡབ་གྲོངས་པ་སྔ་བས་མེས་པོའི་སློབ་མ་ཞང་སྟོན་རྣམ་རྒྱལ་གྲགས་པས་མདོ་བྲག་ཏུ་སྤྱན་དྲངས་ནས་འབྲི་ཀློག་བསླབ། གསང་འདུས་རྡོག་ལུགས་དང་ཡེ་ཤེས་ཞབས་ལུགས་སོགས་མང་དུ་བསླབས་ཏེ་མཁས་པ་ཆེན་པོར་གྱུར། དམྱལ་པ་ཉི་མ་ཤེས་རབ་དང་ལྕེས་སྒོམ་ཞིག་པོ་གཉིས་ལ་ཆོས་མང་དུ་ཞུས། མཁས་བཙུན་ཆེན་པོར་གྱུར་ནས་དྲག་རྟག་ཏུ་བཞུགས་གནས་མཛད། «བཤད་རྒྱུད་བཞིའི་བསྡུས་དོན» «རྒྱུད་ཕྱི་མ» «མདོར་བྱས» «རིམ་ལྔ་སེམས་ཀྱི་སྒྲིབ་སྦྱོང་» «ནག་པོའི་གཏོར་ཆོག» «གསང་འདུས་བསྙེན་བསྒྲུབ་ཀྱི་ཡིག་ཆ» «རིམ་ལྔ་སྦྱོར་དྲུག་ཏུ་བཤད་པ་»སོགས་ཡིག་ཆ་མཛད། ཁྱད་པར་གསང་འདུས་ལ་ཤིན་ཏུ་མཁས་པས་རྡོག་འདུས་པའི་སྒྲོན་མེར་གྲགས། མཐར་དགུང་ལོ་བཞི་བཅུའི་སྟེང་སྐུ་གཤེགས།
གཟི་བརྗིད་རིན་ཆེན། འདི་པ་རྡོག་ཆོས་ཀྱི་དབང་ཕྱུག་གི་སྲས་ཡིན་ཞིང་། ཡུམ་ཤས་ཀྱི་ལྕང་ར་སྲས་མོ་ཞེས་གྲགས། གཞོན་ནུའི་དུས་ལ་གསང་འདུས་བསླབས། སྐུ་ཚེའི་སྟོད་དུ་དཔོན་མོ་ཆོས་འབུམ་བྱ་བ་ཁབ་ཏུ་བཞེས་ཏེ་སྲས་གསུམ་འཁྲུངས། ས་སྐྱ་པ་འགྲོ་མགོན་འཕགས་པའི་(༡༢༣༥ལོ་ནས་༡༢༨༠ལོ་བར་)ཕྱི་ལ་བྱོན་པ་དང་འབྲེ་ཚོ་ཧྲིལ་པོའི་བདག་མཛད། འཇད་དུ་ཇོ་མོ་ཉེ་གནས་ལ་གནང་ནས་བསྙེན་པར་རྫོགས། མཁས་བཙུན་གཞོན་ནུ་རིན་ཆེན་ལས་ཡབ་མེས་ཀྱི་ཆོས་རྣམས་ཐུགས་སུ་ཆུད། ས་སྐྱར་བླ་མ་འཕགས་པའི་དྲུང་ས་སྐྱ་པའི་ཆོས་མང་དུ་ཞུས། རིན་པོ་ཆེ་སངས་རྒྱས་འབུམ། དམ་པ་རི་ཁྲོད་ལ་སོགས་དབུས་གཙང་གི་དགེ་བཤེས་མང་དུ་འདུས། མཐར་དགུང་ལོ་ཞེ་གསུམ་སྟེང་སྐུ་གཤེགས།
བླ་མ་དེ་ཉིད་ལ་སྲས་གསུམ་ཡོད་པའི་ཆེ་བ་སློབ་དཔོན་རིན་ཚུལ། བར་པ་རིན་ཆེན་བཟང་པོ། ཆུང་བ་ནམ་མཁའ་བློ་གྲོས། ཆེ་ཆུང་གཉིས་ཀྱིས་གསང་འདུས་ཀྱི་བཤད་གསར་རེ་མཛད།
རྡོག་རིན་ཆེན་བཟང་པོ། གཟི་བརྗིད་རིན་ཆེན་གྱི་སྲས་བར་པ་རྡོག་རིན་ཆེན་བཟང་པོའི་ཡུམ་ལྷ་སྲས་ཆོས་འབུམ་ཡིན་ཞིང་། དགུང་ལོ་བཅུ་པར་འཇམ་དབྱངས་འཁོན་སྟོན་ལ་རབ་ཏུ་བྱུང་། ཡབ་ལ་གསང་འདུས་ཀྱི་དབང་ལུང་མན་ངག་ཁྲིད་རྣམས་ཞུས། མངོན་པ་མཛོད་ལ་གྲྭ་སྐོར་མཛད། ས་སྐྱ་ཤར་པའི་རྒྱ་ཚོ་གཅིག་བཟུང་ཞིང་ས་སྐྱ་པའི་ཆོས་སྐོར་ཕྱག་ལེན་དང་བཅས་པར་མཁས་པར་མཛད། རྒྱ་ཡུལ་དུ་བྱོན་ནས་ཏི་ཤྲཱི་ཆེན་པོར་གྱུར་ཏེ་སེམས་ཅན་མང་པོའི་སྲོག་སྐྱབས། བོད་དུ་ཕེབས་ནས་བོ་དོང་ཨེ་དང་བསམ་གླིང་། འཇད་རྩང་པོ་བྱང་ཕྱོགས་སུའང་གསེར་དངུལ་གཉིས་ཀྱི་མཚོན་པའི་འགྱེད་དང་། ཁྱད་པར་རང་གི་དགོན་པ་དྲག་རྟག་སོགས་སུ་འགྱེད་སྟོབས་ཆེན་མཛད། མཐར་མེ་ཕོ་འབྲུག་གི་ལོ་(༡༢༥༦ལོ་)སྟེ་དགུང་ལོ་དྲུག་ཅུ་པར་སྐུ་གཤེགས།
རྡོག་ཀུན་དགའ་རིན་ཆེན། རྡོག་རིན་ཆེན་བཟང་པོའི་གཅེན་པོ་སློབ་དཔོན་རིན་ཚུལ་གྱི་སྲས་དང་དགེ་བསྙེན་གྱི་བསླབ་པ་བཞེས། ཁུ་བོ་རིན་ཆེན་བཟང་པོ་ལ་གསང་འདུས་ཀྱི་དབང་རྒྱུད་མན་ངག་རྣམས་ཞུས། མཚན་ཨཱརྱ་རིན་ཆེན་དུ་བཏགས། ཇོ་མོ་དར་སྡིངས་པ་གཤེན་གྱི་སྲས་མོ་ཞིག་ཁབ་ཏུ་བཞེས་ནས་རྡོག་ནམ་མཁའ་དཔལ་བ་འཁྲུངས་ཤིང་རིང་པོ་མ་ལོན་པར་ཇོ་མོ་རྡོ་རྗེ་ཁྱེ་འདྲེན་གྲོངས། ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་(༡༢༤༣ལོ་ནས་༡༣༡༣ལོ་བར་)ཀྱི་དབོན་མོ་ལྷ་མོ་བྱ་བ་བསུས་ཏེ་སྲས་འགའ་འཁྲུངས། ཕྱིས་རབ་ཏུ་བྱུང་བའི་མཚན་ཀུན་དགའ་རིན་ཆེན་དུ་གསོལ། ཀུན་སྤངས་ནམ་མཁའ་གྲགས་ལ་སྦྱོར་དྲུག་གི་ཉམས་ཁྲིད་དང་། འཇམ་དབྱངས་འཁོན་སྟོན་ལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་དབང་བཀའ་རྣམས་ཞུས། མཐར་དགུང་ལོ་དྲུག་ཅུ་རེ་ལྔའི་ཐོག་སྐུ་གཤེགས།
གདུང་སྲས་གཤེན་དབོན་པོ་རྡོག་ནམ་མཁའ་དཔལ་བཟང་དང་། ཇོ་ནང་ཀུན་སྤངས་དབོན་པོ་ནམ་མཁའ་བྱང་ཆུབ། ནམ་མཁའ་སེང་གེ །བླ་མ་གྲགས་པ་རྒྱལ་མཚན་དང་བཞི་བྱུང་བའི་ཆེ་ཆུང་གཉིས་ཀྱིས་ཆོས་བརྒྱུད་བཟུང་ཞིང་། བར་པ་གཉིས་ལ་གཞིས་དང་རྫས་སོ་སོར་ཕོག་ནས་འཇིག་རྟེན་གྱི་བྱ་བ་མཛད།
རྡོག་ནམ་མཁའ་དཔལ་བཟང་། ཡུམ་རྡོ་རྗེ་ཁྱེ་འདྲེན་ལ་ཤིང་མོ་ཡོས་ཀྱི་ལོར་(༡༣༡༥ལོ་)སྐུ་འཁྲུངས་ཤིང་མཚན་མགོན་པོ་རྡོ་རྗེར་བཏགས། དགུང་ལོ་བཅུ་གསུམ་བཞེས་པའི་བར་ཀློག་རྩིས་ལྷ་རིས་སོགས་ལ་མཁས་པར་སྦྱངས། དགང་ལོ་བཅུ་བཞི་པར་འཇམ་དབྱངས་དོན་ཡོད་རྒྱལ་མཚན་(༡༣༡༠ལོ་ནས་༡༣༤༤ལོ་བར་)ལ་དགེ་བསྙེན་ཞུས། ཡབ་ལས་གསང་བ་འདུས་པའི་དབང་རྒྱུད་མན་ངག་རྣམས་ལ་སློབ་གཉེར་མཛད། ས་སྐྱར་བྱོན་ནས་དགུང་ལོ་བཅོ་བརྒྱད་པར་འཇམ་དབྱངས་དོན་ཡོད་པས་མཁན་པོ་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པས་(༡༣༡༢ལོ་ནས་༡༣༧༥ལོ་བར་)སློབ་དཔོན། བླ་མ་དོན་ཡོད་པས་གསང་སྟོན་བཅས་མཛད་དེ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ལ་བྱས་ཏེ་མཚན་ནམ་མཁའ་དཔལ་བཟང་པོར་གསོལ། རང་གི་བྲང་ཁང་སྐྱེ་འཕྲང་དུ་བཞུགས་ནས་ཚད་མ་དང་བརྟག་གཉིས་ལ་སློབ་གཉེར་མཛད། བླ་མ་རྒྱང་རོ་པ། བུ་སྟོན་རིན་ཆེན་གྲུབ་(༡༢༩༠ལོ་ནས་༡༣༦༤ལོ་བར་)། རྒྱལ་སྲས་ཐོགས་མེད་(༡༢༩༥ལོ་ནས་༡༣༦༩ལོ་བར་)། ལོ་ཆེན་བྱང་ཆུབ་རྩེ་མོ་(༡༣༠༣ལོ་ནས་༡༣༨༠ལོ་བར་)། ལོ་ཙཱ་བ་བློ་གྲོས་བརྟན་པ(༡༢༧༦ལོ་ནས་༡༣༤༢ལོ་བར་)སོགས་ལས་བཀའ་ཆོས་དང་དབང་ལུང་མན་ངག་མང་དུ་ཞུས། ཧོར་དམག་གི་གནོད་པ་བཟློག །གནུབས་སེང་གེ །ཨེ་པ་འཇམ་དབྱངས་དཀར་པོ། གད་ཕུར་མཁན་པོ་གོང་འོག་གཉིས་སོགས་བུ་སློབ་མང་དུ་བྱོན། «གསང་འདུས་ཀྱི་སྒྲུབ་ཐབས» «དཀྱིལ་ཆོག» «ཆོས་དབང་མའི་ཟུར་འདེབས» «ཐིག་རྩ» «ལྷན་སྐྱེས་ཀྱི་མངོན་རྟོགས» «དགྲ་ནག་གི་མངོན་རྟོགས» «ཨ་སྤྱི་མའི་མཆོད་གཏོར» «དགྲ་ནག་གི་ལྷན་སྐྱེས» «ཡང་གསང་གི་སྤྲིན་གཞུང་དབང་ཆོག་བསྟོད་པ» «ལྷས་སྒྲུབས་ཀྱི་ཁོག་ཕུབས» «རྩ་པའི་འགྲེལ་པ» «རྫོགས་རིམ་གྱི་ཁྲིད་ཡིག» «ཞི་ཁྲོའི་ཕྲིན་གཞུང་།» «ཡབ་ཡུམ་རྐྱང་སྒྲུབ» «རྡོག་རབས་བདུད་རྩིའི་ཐིགས་པ» «བླ་མ་བརྒྱུད་པའི་གསོལ་འདེབས་ཡང་དག»སོགས་གསུང་རྩོམ་མང་དུ་བཞུགས།
རྡོག་གྲགས་པ་རྒྱལ་མཚན། ཡབ་ཀུན་དགའ་རིན་ཆེན་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་ལྕགས་ཕོ་འབྲུག་གི་ལོ་(༡༣༤༠ལོ)ཟླ་བཅུ་པའི་ཚེས་བཅུ་ལ་སྐུ་འཁྲུངས་ཤིང་མཚན་རྒྱལ་མཚན་བཟང་པོར་གསོལ། དགུང་ལོ་བརྒྱད་པར་གཅེན་པོ་ནམ་མཁའ་དཔལ་བཟང་པོའི་དྲུང་དུ་གསང་འདུས་ཀྱི་ཆོས་སྐོར་ཆ་ཚང་ཞུས་ནས་རྒྱུད་འགྲེལ་ལ་སློབ་གཉེར་མཛད་པས་མཁས་པར་གྱུར། ཉམས་དབྱངས་ཀྱི་མགུར་མ་མཛད། དགུང་ལོ་བཅུ་བདུན་པ་ལ་བོ་དོང་ཨེར། ལོ་ཆེན་བྱང་ཆུབ་རྩེ་མོ། ཆོས་རྗེ་བསོད་ནམས་རྒྱལ་མཚན་པ། འཇམ་དབྱངས་དཀར་པོ་སོགས་ལས་རབ་ཏུ་བྱུང་སྟེ་མཚན་གྲགས་པ་རྒྱལ་མཚན་དུ་གསོལ། ཆོས་གྲྭ་དེ་གར་མཚན་ཉིད་ཀྱི་སྐོར་དང་གསང་སྔགས་ལ་སྦྱངས་པས་ཐོགས་མེད་དུ་མཁྱེན། ཆ་རྐྱེན་ཞན་པར་འཚོ་ཆས་དང་གཞུང་འཛིན་སུ་བྱུང་ལ་གནང་སྦྱིན་རྟག་པར་མཛད་པ། དགུང་ལོ་ཉེར་བརྒྱད་ལ་རྒྱས་སྲས་ཐོགས་མེད། ལོ་ཆེན་བྱང་ཆུབ་རྩེ་མོ། གཅེན་པོ་ནམ་མཁའ་དཔལ་བཟང་པོ། འཇམ་དཀར་དང་བཅས་པ་ལས་བསྙེན་པར་རྫོགས། བུ་སྟོན་རིན་པོ་ཆེ་ལ་སྔགས་ཕྱི་ནང་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། མུས་སད་པ་དཔལ་ལྡན་སེང་གེ་སོགས་ལས་ཆོས་རྒྱ་ཆེར་ཞུས། གསང་བ་འདུས་པའི་འགྲེལ་པ་སོགས་ཡིག་ཆ་མཛད། མཐར་ཕག་ལོའི་(༡༣༧༡ལོ་)ཟླ་བ་བདུན་པའི་ཚེས་བཅུ་བདུན་ཉིན་སྐུ་གཤེགས།
ནམ་མཁའ་བྱང་ཆུབ་པ། ཡབ་ཀུན་དགའ་རིན་ཆེན་དང་ཡུམ་ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་དབོན་མོ་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་རྡོག་གྲགས་པ་རྒྱལ་མཚན་པའི་སྐུ་གཅེན་ཡིན། སྲས་གཅིག་དང་སྲས་མོ་བཞི་བྱུང་བའི་སྲས་པོ་དགེ་བཤེས་དཔལ་ལྡན་རྒྱལ་མཚན་བྱང་པ་ཏ་དབེན་པའི་བན་ཚང་མཛད། མང་དཀར་གྱི་མི་དཔོན་ལོ་སུམ་ཅུ་སོ་བརྒྱད་བྱས། དེ་ལ་སྲས་པོ་ལྔ་དང་སྲས་མོ་གཉིས་བྱུང་། སྲས་ཆེ་བ་མཁན་པོ་སངས་རྒྱས་བཟང་པོ། དེ་འོག་ཚུལ་རྒྱལ། དེ་འོག་རྡོར་རས་ནི་བདག་པོ་འཇམས་དབྱངས་པའི་དྲུང་སྐོར་དང་མཛོད་པ་མཛད། དེ་འོག་གཞོན་ནུ་པས་དྲུང་སྐོར་དང་། ཕྱིས་སུ་སི་ཏུ་རྣམ་རྒྱལ་གྲགས་པའི་གསོལ་གཟིམ་གཡོག་མཛད། ནམ་མཁའ་སེང་གེ་བས་ཏ་དབེན་རིན་པོ་ཆེའི་གསོལ་བྱ་བ་དང་དར་ཚོ་སོགས་ཀྱི་བདག་མཛད། དེ་ཉིད་ལ་སྲས་གཅིག་ཡོད་པ་དགེ་བསྙེན་སེང་གེ་རྒྱན། གསང་འདུས་ལ་བཤད་གསར་མཛད་ནས་སློབ་དཔོན་དུ་སྟོན་པས་སློབ་དཔོན་དགེ་མར་གྲགས། སྐུ་བགྲེས་ནས་རབ་ཏུ་བྱུང་པའི་མཚན་ནམ་མཁའ་སངས་རྒྱས་སུ་གསོལ། དགུང་ལོ་དགུ་བཅུ་གོ་ལྔའི་སྟེང་སྐུ་གཤེགས།
རྡོག་འཇམ་དཔལ་བཤེས་གཉེན། ཡབ་དགེ་བསྙེན་སེང་གེ་རྒྱལ་མཚན་དང་ཡུམ་མི་ཕྱུག་བསོད་ནམས་གྲགས་བྱ་བའི་དབོན་མོ་དཔོན་མོ་རྡོ་རྗེ་སྲི་འཇོམས་གཉིས་ཀྱི་སྲས་སུ་ཁྱི་ལོར་(༡༣༩༤ལོ་)འཁྲུངས། མཚན་འཇམ་དབྱངས་རྒྱལ་མཚན་དུ་བཏགས། དགུང་ལོ་བཅུ་གཉིས་པ་ལ་སྟ་ཟུར་ཆོས་སྡེར་སངས་རྒྱས་བཤེས་གཉེན་པས་མཁན་པོ་དང་ཆོས་རྗེ་རིན་གྲུབ་པས་སློབ་དཔོན་མཛད། བདག་པོ་འཇམ་དབྱངས་ནམ་མཁའ་རིན་ཆེན་པས་ཆེ་བ་ལ་འཇམ་དཔལ་བཤེས་གཉེན་དང་། ཆུང་བ་ལ་རིན་ཆེན་བཤེས་གཉེན་དུ་མཚན་བཏགས་ནས་སྐུ་མཆེད་གཉིས་དུས་གཅིག་ལ་རབ་བྱུང་མཛད། ཡབ་ལས་གསང་བ་འདུས་པའི་དབང་དང་རྒྱུད་འགྲེལ་ལ་སློབ་གཉེར་མཛད། བྲག་རྟག་བྲང་ཁང་དུ་བཞུགས་ནས་རྒྱུད་སྡེ་བཞིའི་ཕྱག་ལེན་ལ་འབད་པ་བསྐྱེད། རྒྱ་གར་པཎ་ཆེན་ཤ་རི་བུ་ཊ། ཆོས་རྗེ་སངས་རྒྱས་བཤེས་གཉེན། ཐམས་ཅད་མཁྱེན་པ་ཕྱོགས་ལས་རྣམ་རྒྱལ་(༡༣༧༥ལོ་ནས་༡༤༥༡ལོ་བར་)། སེམས་དཔའ་ཆེན་པོ་རྒྱལ་མཆོག་པ་སོགས་ལས་དབང་ལུང་མན་ངག་མཐའ་ཡས་པ་གསན། སྟ་ཟུར་ཆོས་སྡེའི་མཁན་པོ་མཛད། དེ་ནས་དགུང་ལོ་དོན་བདུན་པར་སྟག་ལོ་(༡༤༧༠ལོ་)ཧོར་ཟླ་བདུན་པའི་ཚེས་གསུམ་སྐུ་གཤེགས།
རྡོག་རིན་ཆེན་བཤེས་གཉེན། ཡབ་དགེ་བསྙེན་སེང་གེ་རྒྱལ་མཚན་དང་ཡུམ་མི་ཕྱུག་བསོད་ནམས་གྲགས་བྱ་བའི་དབོན་མོ་དཔོན་མོ་རྡོ་རྗེ་སྲི་འཇོམས་གཉིས་ཀྱི་སྲས་སུ་ཡོས་ལོར་(༡༣༩༩ལོ་)འཁྲུངས། སྐུ་གཞོན་དུས་རིགས་ལྡན་རྣམ་རྒྱལ་གྲགས་པའི་བན་ཚང་མཛད། གསང་སྔགས་གསར་རྙིང་དང་དུས་འཁོར་ལ་སྦྱངས་བ་བྱས། རྒྱ་གར་པཎ་ཆེན་མ་ཧཱ་ཐ་ཝིར་ལ་སོགས་པའི་པཎ་ཆེན་གསུམ་གཙོ་བྱས་པའི་མཁས་གྲུབ་དུ་མ་ལས་ཕྱི་ནང་གི་ཆོས་ཞུས། རྒྱ་མ་བ་ཡོན་ཏན་འོད། ཕྱོགས་ལས་རྣམ་རྒྱལ། ཨཱ་ནན་ད་མ་ཏི་སོགས་མདོར་ན་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་ལས་བློ་སྦྱོང་དང་བླ་མེད། དྲག་པོའི་ཆོས་སྐོར་དང་ལས་ཚོགས་སོགས་མང་དུ་གསན། ཆོས་རྒྱལ་ཆེན་པོའི་བཀའ་ལས་བཟང་ལྡན་སྟེར་རྒྱུས་ཀྱི་མཁན་པོ་མཛད་དེ་སྐུ་ཚེ་མཐར་ཕྱིན།
ཧོར་སྟོན་སངས་རྒྱས་བཟང་པོ། འདི་པ་མང་མཁར་མི་དཔོན་དཔལ་གྱི་སྲས་ཡིན་ཞིང་། ཡུམ་ཁྲི་དཔོན་རྒྱལ་མཚན་འོད་ཟེར་གྱི་ཚ་མོ་དཔོན་མོ་བཙུན་ནེ་ཡིན་ལ་ས་མོ་སྦྲུལ་གྱི་ལོར་(༡༣༨༩ལོ་)དཔལ་གྱི་དྲག་སྟག་ཏུ་འཁྲུངས། དགུང་ལོ་བཅུ་པར་ས་སྐྱ་གུང་པ་གྲགས་པ་བཤེས་གཉེན་གྱིས་མཁན་པོ་དང་། དཀར་ཅོག་མཁན་པོ་སྔ་མ་གྲགས་པ་རིན་ཆེན་གྱིས་སློབ་དཔོན་མཛད་དེ། དད་པའི་དགེ་འདུན་མང་པོ་དང་བཅས་རབ་ཏུ་བྱུང་སྟེ་མཚན་སངས་རྒྱས་བཟང་པོར་གསོལ། ལོ་མང་པོར་གྲྭ་ས་འགྲིམས་ནས་མཚན་ཉིད་སྦྱངས། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས་པའི་དྲུང་དུ་ལོ་མང་བཞུགས་ནས་གསང་སྔགས་སྐོར་གྱི་དབང་རྒྱུད་མན་ངག་མ་ལུས་པར་ཞུས། ཕྱི་མཚན་ཉིད་དང་ནང་གསང་སྔགས་ཀྱི་ཡོན་ཏན་དང་ཕྱག་རྒྱ་ཆེན་པོ་གདེང་དང་ལྡན་ཀྱང་ཅི་ཡང་མི་མཁྱེན་པ་ལྟར་བཞུགས། དགུང་ལོ་དྲུག་ཅུ་རེ་བདུན་པ་ཕག་ལོའི་(༡༤༥༥ལོ་)ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་སྐུ་གཤེགས།
རྡོག་ཤེས་རབ་དབང་ཕྱུག །ཡབ་ཏའི་སི་ཏུ་རྣམ་རྒྱལ་གྲགས་པའི་གསོལ་གཟིམ་གཡོག་སོགས་མཛད་པའི་གསོལ་དཔོན་ཤཱཀྱ་རྒྱལ་མཚན་དང་། ཡུམ་གཉགས་ཛྙཱ་ན་ཀུ་མ་རའི་བརྒྱུད་པ་རྡོ་རྗེ་དབྱིངས་ཕྱུག་མ་གཉིས་ཀྱི་སྲས་སུ་མདོག་ལྷུན་སྡིངས་ཀྱི་རྫོང་འཛིན་པའི་དུས་སྐུ་འཁྲུངས། དགུང་ལོ་བདུན་པར་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ལས་རབ་ཏུ་བྱུང་སྟེ་མཚན་ཤེས་རབ་དབང་ཕྱུག་ཏུ་གསོལ། སྟ་ཟུར་དུ་ཁུ་བོའི་དྲུང་ལས་གསང་འདུས་ཀྱཻ་རྡོར་བླ་མེད་ཀྱི་སྐོར་དང་། བླ་མ་ཀུན་རིག་དོན་ཞགས་པ་ལས་ལག་ལེན་སྐོར་བསླབས། དགུང་ལོ་བཅོ་བརྒྱད་པར་དཔལ་སྡིངས་གྲྭ་ཚང་དུ་བྱོན་ནས་མཚན་ཉིད་སྦྱངས། ས་སྐྱར་རྣམ་འགྲེལ་གྲྭ་སྐོར་མཛད། ངམ་རིངས་སུ་བྱོན་ནས་རྗེ་ཨཱ་ནན་ཏ་པ་ལ་ཡུན་རིང་གཏུགས་ཏེ་དམར་ནག་འཇིགས་གསུམ་ལ་མཁས་པར་སྦྱངས་པས་ང་ལ་སློབ་མ་མང་དུ་བྱུང་ཡང་བླ་མ་ཤེར་དབང་ལས་ཡོན་ཏན་གྲགས་པ་མ་བྱུང་གསུངས། ཐམས་ཅད་མཁྱེན་པ་ཕྱོགས་ལས་རྣམ་རྒྱལ་ལ་དབང་རྒྱུད་མན་ངག་མང་དུ་ཞུས།
ཧོར་སོག་བསོད་ནམས་རྒྱལ་མཚན། རྡོག་ཤེས་རབ་དབང་ཕྱུག་གི་གཅུང་པོ་སྟེ། སྐུ་ཚེའི་སྟོད་དུ་སེང་གེའི་རྩེར་དྲུང་སྐོར་དང་གསོལ་བཟུང་། དེའི་གཅུང་པོ་ཆོས་སྒོ་གདན་ས་པ་ནམ་མཁའ་དཔལ་འབྱོར་བས་ཀྱང་སྐུ་ཚེའི་སྟོད་ལ་ཆོས་སྒོ་བཟུང་། དབང་སྒྲུབ་སྙུང་གནས་ཁྲིད་སོགས་བསྐྱངས་ནས་བུ་སློབ་དང་ཡོན་བདག་རྣམས་ཀྱི་འགྲོ་དོན་རྒྱ་ཆེར་མཛད། དེ་ནས་གཡས་རུ་བྱང་ན་ཡབ་ཡུམ་ཁུ་བོ་རྣམས་སྐུ་བགྲེས་པའི་ཞབས་ཏོག་དགོས་པས་སྟོད་ཕྱོགས་ལ་བྱོན་ནས་ཕྱག་ཕྱི་ཞབས་ཏོག་བཀུར་བསྟི་མཛད། ཕྱིས་སུ་ཐུགས་དམ་འབའ་ཞིག་མཛད་དེ་བདེ་བར་གཤེགས།
རིན་ཆེན་དཔལ་བཟང་། འདི་པ་ཧོར་སོག་བསོད་ནམས་རྒྱལ་མཚན་པའི་གཅུང་པོ་ཡིན་ཞིང་། སྡེ་པའི་བྱ་བ་དང་ཡོང་ཕེར་ཤིན་ཏུ་ཆེ་བས་ངམ་རིང་མཛོད་པ་དང་རྩེ་ལྔར་བཞུགས་ནས་བཟང་ལྡན་གྱི་གཉེར་པ། ཆོས་སྡེ་ཆེན་པོར་ཞབས་ཏོག་དཔག་མེད་མཛད།
ཆོས་སྒོ་རབ་འབྱམས་པ་དཀོན་མཆོག་དཔལ་བཟང་། བླ་མ་ཤེར་དབང་པའི་དབོན་པོ་སྟེ། ཡབ་ཧོར་སོག་བསོད་ནམས་རྒྱལ་མཚན་དང་ཡུམ་སྒྲོལ་མ་སྐྱབས་གཉིས་ལ་སྲས་སྐུ་མཆེད་གསུམ་འཁྲུངས་པའི་ཆེ་བ་ནམ་མཁའ་རིན་ཆེན་དང་། བར་པ་ནམ་མཁའ་དཔལ་འབྱོར།[28]ཆུང་བ་ར་ཁྱི་ཕག་བཅས་ཡོད་པར། ནམ་མཁའ་རིན་ཆེན་རབ་བྱུང་ཞེས་པ་མེ་ཡོས་(༡༤༤༧ལོ་)ལོར་འཇད་དར་ཚོར་སྐུ་འཁྲུངས། དགུང་ལོ་དྲུག་བདུན་ཙམ་ལ་རབ་ཏུ་བྱུང་། ཞང་པོའི་དགོན་པ་མདོག་སྨད་ཅ་རིར་བཀའ་བཅུ་པ་དབྱིག་གཉེན་སློབ་དཔོན་དུ་བསྟེན་ནས་རྣམ་འགྲེལ་ལ་སློབ་གཉེར་མཛད། ས་སྐྱར་གྲྭ་སྐོར་གནང་། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། དགེ་སློང་བློ་གྲོས་རིན་ཆེན། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་(༡༤༢༩ལོ་ནས་༡༤༨༩ལོ་བར་)སོགས་ཀྱི་དྲུང་ཆོས་བཀའ་མང་དུ་གསན། དེ་ནས་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་པས་མཁན་པོ་དང་། དགེ་སློང་བློ་རིན་པས་སློབ་དཔོན། གོ་བོ་རབ་འབྱམས་པས་གསང་སྟོན། དགེ་སློང་གི་དགེ་འདུན་རྒྱ་མཚོའི་དབུས་སུ་བསྙེན་པར་རྫོགས་ཏེ་མཁན་པོའི་མཚན་ལས་དཀོན་མཆོག་དཔལ་བཟང་དུ་གསོལ། ཇོ་ནང་མཁན་པོ་དཀོན་མཆོག་རྒྱལ་མཚན་པ་དང་སློབ་དཔོན་ཤངས་པ་བློ་རིན་པ་སོགས་ལས་སྔགས་མཚན་ཉིད་ཀྱི་བཀའ་ཆོས་མང་དུ་གསན། བླ་མ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་བ་(༡༤༡༡ལོ་ནས་༡༤༨༥ལོ་བར་)ལས་སློབ་གཉེར་རྡོ་རུས་ཐུག་པ་མཛད་པས། ཆོས་རྗེས་ཡོན་ཏན་སྤྱོད་པའི་སྙིང་རུས་ཟེར་ཙ་ན་འཇད་པ་ཆོས་མཛད་ཀྱི་འདི་འདྲ་དགོས་ཞེས་ཡང་ཡང་བསྔགས་པ་བརྗོད། ཞ་ལུ་གསེར་ཁང་གི་ཆོས་གྲྭ་ཆེན་པོར་རབ་འབྱམས་དང་ས་སྐྱར་རྣམ་འགྲེལ་གྱི་གྲྭ་སྐོར་མཛད་ཅིང་། འཇད་དུ་ཕེབས་ནས་ཆོས་སྒོའི་གདན་ས་ལོ་གཅིག་གནང་། དེ་ནས་ཆོས་རྗེ་བསོད་ནམས་ཡེ་ཤེས་ལ་འདུལ་བ་སོགས་ཀྱི་གསན་སྦྱོངས་གནང་བ་དང་། བོ་དོང་འགྲོ་སྨོན་ཅན་དུ་པཎ་ཆེན་ཆོས་རིན་པ་ལ་སྦྱོར་དྲུག་སོགས་ཆོས་མང་པོ་ཞུས། ཆོས་སྒོ་བླ་བྲང་ཞིག་གསོ་མཛད་དེ་སྔར་ཡོད་ཀྱི་དགེ་རྒྱུན་རྣམས་སྤར་ཆ། བདེ་ཀྱཻ་གསང་གསུམ། དགུ་གཏོར་སོགས་ཀྱི་བསྒྲུབ་མཆོད་སྟོབས་ཆེ་བ་བཙུགས། མི་རྣམས་ཀྱིས་མི་ཆེན་གྱི་སྲས་གཅིག་ལ་ཆོས་སྒོ་རབ་འབྱམས་པ་འདི་འདྲ་བའི་མཁས་བཙུན་བཟང་གསུམ་འཛོམས་པ་ཞེས་སྙན་པ་བརྗོད། ཕྱིས་དགུང་ལོ་བཞི་བཅུ་ཞེ་བཞི་པ་ཁྱི་ལོའི་(༡༤༩༠ལོ་)དབྱར་ཟླ་ར་བ་སྒྲོན་གྱི་ཟླ་བའི་ཚེས་བཅོ་བརྒྱད་ལ་སྐུ་གཤེགས།
རྡོག་གི་མི་རྒྱུད་ཀྱི་མཛད་འཕྲིན་བསྡུས་པ།

གོང་དུ་བཀོད་པ་དག་ནི་ནམ་མཁའ་བསོད་ནམས་ཀྱིས་མཛད་པའི་«རྡོག་རབས་གསལ་བའི་མེ་ལོང་»གཙོར་བྱས་ཤིང་ཆོས་འབྱུང་ཡིག་ཚང་གཞན་ལས་ཟུར་རྒྱན་སྤྲོས་ཏེ། རྡོག་གི་རུས་རྒྱུད་ལས་ནང་པའི་ལྟ་གྲུབ་སྤྱི་དང་སྒོས་སུ་དཔལ་གསང་བ་འདུས་པའི་ཆོས་སྐོར་ལ་ཕྱག་རྗེས་ཆེ་བའི་མཁས་ཆེན་ཁག་ཅིག་དམིགས་སུ་བདམས་ནས་བཀོད་པ་ཡིན་ལ། དེ་དག་གི་འཁྲུངས་འདས་དང་འབྲེལ་བའི་ལོ་ཚིགས་ཁག་ནི་ཁོང་རྣམ་པའི་སློབ་དཔོན་དང་བུ་སློབ་དག་གི་རྣམ་ཐར་ལོ་ཚིགས་ཕན་ཚུན་ཞིབ་བསྡུར་དང་། དུས་མཉམ་པའི་མཁས་པ་གཞན་གྱི་ལོ་རྒྱུས་ལས་ཁ་སྐོང་བྱས་པ་ཡིན། དེ་ཡང་རྡོག་ཡེ་ཤེས་འབྱུང་གནས་ནས་ཆོས་སྒོ་རབ་འབྱམས་པ་དཀོན་མཆོག་དཔལ་བཟང་བར་གྱི་མཁས་ཆེན་ཉི་ཤུ་ལྷག་གི་མཛད་པ་འཕྲིན་ལས་ཀྱི་ལོ་རྒྱུས་མདོར་བསྡུས་ཙམ་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་ཅིང་། དེའི་རྗེས་སུ་བྱུང་བའི་མི་རྒྱུད་དག་གི་ལོ་རྒྱུས་ཡིག་ཆར་མཇལ་རྒྱུ་ཤིན་ཏུ་དཀོན་སྟབས་རེ་ཞིག་འགོད་ཐབས་མ་བྱུང་བ་ལས་འདི་ལས་གཞན་པའི་མཛད་འཕྲིན་གཞན་མེད་པ་མ་ཡིན་པ་ཤེས་པར་བྱའོ། །
བཞི་པ། “རྡོག”དང“རྔོག”གཉིས་ཀྱི་འཁྲུལ་སེལ།སྤྱིར་རྡོག་དང་རྔོག་གཉིས་ནི་རུས་རྒྱུད་ཆེན་པོ་གཉིས་ཡིན་ཞིང་སོ་སོའི་རྒྱུད་པ་ལས་ལོ་ཙཱ་བ་དང་མཁས་ཆེན་མང་དུ་བྱོན་མོད། ཕྱིས་སུ་ལོ་རྒྱུས་དང་བསྟན་བཅོས་རྩོམ་པ་ཁ་ཅིག་དང་། རྩོམ་སྒྲིག་པ་ཁ་ཤས་ཀྱིས་ཡིད་གཟབ་དང་ཤེས་པས་མ་ལྕོགས་པར་དེ་གཉིས་གཅིག་ཏུ་འཁྲུལ་ནས་རྡོག་ཡོད་ཚད་རྔོག་ཏུ་སྦྱར་བའི་སོར་མོའི་ཟློས་གར་མང་དུ་འཁྲབ་པ་སྟེ། “ཀླུ་མེས་དང་སུམ་པས་དང་པོ་དབས་ཀྱི་གཡུ་སྒྲོན་ལྷ་ཁང་དམར་དུ་བྱོན། དེར་མཁན་བུ་༤་བྱུང་པ་ནི། རྡོག་བྱང་ཆུབ་འབྱུང་གནས། རྣ་ནམ་རྡོ་རྗེ་དབང་ཕྱུག །གྲུམ་མེར་ཚུལ་ཁྲིམས་འབྱུང་གནས། གླན་ཡེ་ཤེས་ཤེས་རབ་བོ། དེ་རྣམས་ལ་ཀླུ་མེས་ཀྱི་བུ་༤་ཞེས་གྲགས་སོ་”[29]ཞེས་ཀླུ་མེས་ཀྱི་མཁན་བུ་བཞིའི་གྲས་ཀྱི་རྡོག་བྱང་ཆུབ་འབྱུང་གནས་ཀྱང་ཕྱིས་བྱུང་ཆོས་འབྱུང་ཁ་ཤས་སུ་རྔོག་བྱང་ཆུབ་འབྱུང་གནས་ཞེས་ཡོངས་སུ་འཁྲུལ་བ་ལྟ་བུའི་དཔེ་ཧ་ཅང་མང་ངོ་། །
དོན་དུ་བསྟན་པ་ཕྱི་དར་ནས་བཟུང་རྡོག་གི་མི་རྒྱུད་ཀྱིས་གནས་གཞི་བཟུང་ཞིང་ཆོས་རྒྱུད་སྤེལ་བའི་ལོ་རྒྱུས་ཧ་ཅང་མང་བ་སྟེ། ཡེར་པའི་“བ་རང་ཕྱིས་རྒྱ་ཆེར་སྐྱེད་ནས་རྡོག་གིས་བཟུང་། དེ་ནས་རྡོག་གིས་འཕན་ཡུལ་གྱི་བྲག་རྒྱ་བཏབ། གཡུ་སྒྲོ་ཁང་དམར་དང་༣་བཟུང་པས། རྡོག་གི་སྐོར་༣་དུ་གྲགས། དེ་ནས་བཟད་དུ་བྱོན་ཏེ་གུར་ཐུང་འབྱུང་གནས་རྡོ་རྗེ་དང་དཔོན་སློབ་༢ཀྱིས་ལྷིང་པའི་གནས་བཏབ། དེ་ནས་ཡར་བྱོན་ནས་གཞུའི་ཀུན་དགའ་ར་བ་བཏབ་”[30]ཞེས་བྲག་ཡེར་པའི་བ་རང་དང་འཕན་ཡུལ་གྱི་བྲག་རྒྱ། གཡུ་སྒྲོ་ཁང་དམར་གྱི་གནས་གཞི་རྣམས་རྡོག་གིས་བཟུང་སྟེ་རྡོག་གི་སྐོར་གསུམ་ཞེས་ཀུན་ལ་གྲགས་པ་ལྟ་བུ་དང་། རྡོག་གི་མཁན་བུ་ར་མང་ཤེས་རབ་རྒྱལ་མཚན་དང་བེ་སོ་ཀེར་བ་སོགས་ཀྱིས་ཡུལ་ལུང་མང་པོར་དགོན་པ་ཕྱག་བཏབ་ཅིང་གནས་གཞི་བཟུང་བ་ལྟ་བུའི་དཔེ་ཡང་མང་མོད། «སྔོན་གྱི་གཏམ་མེ་ཏོག་ཕྲེང་བའི་»ལྕགས་པར་མ་ལྟ་བུར་རྡོག་རྣམས་རྔོག་ཏུ་བཅོས་ནས་བསྒྲིགས་པ་ལ། དེང་གི་མཁས་པ་ཚོས་དེ་ཉིད་བདེན་པར་བཟུང་སྟེ་རྔོག་གི་མཛད་འཕྲིན་གླེང་བའི་གཏམ་མང་དུ་ཐོས། དོན་ལ། “དེ་རྣམས་ཐམས་ཅད་རྡོག་ལས་རྒྱུད་པས། དགུ་མེས་རྡོག་སྐོར་ཞེས་གྲགས་སོ་”[31]ཞེས་དང་། “སྤྱིར་དགུ་མེས་ལ་ཀ་བ་༤ གདུང་༢ ཕྱམ་བཅོ་བརྒྱད། གྲལ་མ་སུམ་བཅུ་རྩ༢། ལྷོའི་སྒོ་གླེགས་དང་། བྱང་གི་སྒོ་གླེགས་ཟེར་བ་ལགས། གདུང་༢ནི། བསླུ་མེས་དང་སུམ་པ་༢་སོ། ཀ་བ་༤་ནི། རྡོག སྣ་ནམ། ཀླན། གྲུམ་མེར་རོ་”[32]ཞེས་«སྔོན་གྱི་གཏམ་མེ་ཏོག་ཕྲེང་བའི་»མ་ཡིག་བྲིས་མར་དགུ་མེས་རྡོག་སྐོར་ཞེས་ཐོན་ཞིང་། དགུ་མེས་ཀྱི་ཀ་བ་བཞིའི་གྲས་སུའང་རྡོག་བཞུགས་པ་སོགས་ཤིན་ཏུ་གསལ་བས་གང་ཡིན་ཁ་ཚོན་གཅོད་སླའོ། །
དེ་བཞིན། “རྡོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པ་བ་རང་བརྩིགས། སྨད་ཀྱི་ལ་མཆེད་པ་གཟད་ཀྱི་ལྡིང་པ་དང་ཆུ་ཤུལ་གྱི་ན་བོ་དང་། སྦུ་སྡེ་ལྷོ་གོང་དང་། ཡོལ་ཐང་། ལབ་སོ་དང་། གྲལ་མ་ཐང་དང་། ཁ་རག་སོ་གཅིག་རྣམས་བརྩིགས། དེ་ནས་གཙང་དུ་གཞུའི་ཀུན་དགའ་ར་བ་དང་ཚ་མིག་བརྩིགས། སྐྱིད་ཤོད་དུ་རྡོག་དང་སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་གཡུ་སྒྲོ་ཁང་དམར་བརྩིགས་ཏེ་དེ་དག་ལས་མཆེད་པ་ལ་རྡོག་ཚོ་སྐོར་ཟེར་”[33]ཞེས་རྡོག་ཡེ་ཤེས་འབྱུང་གནས་མཆོག་གིས་དབུས་གཙང་ཕྱོགས་སུ་གནས་གཞི་མང་དུ་བཏབ་ནས་བསྟན་པ་ཕྱི་དར་ལ་ཕྱག་རྗེས་དང་སྐུ་དྲིན་ཤིན་ཏུ་ཆེན་པོ་བཞག་པ་ཆོས་འབྱུང་སྔ་མ་རྣམས་སུ་གསལ་པོར་བཞུགས་ལ། སྤྱི་ལོ་༡༤༧༦ལོར་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་«དེབ་སྔོན་»ལས་ཀྱང་ནེའུ་པཎྜིཏའི་ཆོས་འབྱུང་ཁྲོད་ཀྱི་ཚིག་རིས་ཇི་བཞིན་རྡོག་གི་ལོ་རྒྱུས་ཤིན་ཏུ་གསལ་མོད། «དེབ་སྔོན་»ལྕགས་པར་མ་ལས“གླན་རྔོག་སྣ་ནམ་དང་གསུམ་གྲུ་མེར་དང་བཞི་ལ་ཀ་བ་བཞིར་གྲགས་དགེ་བཤེས་ཀླུ་སུམ་གཉིས་ལ་གདུང་གཉིས་སུ་གྲགས་སོ། །ཁུ་དང་རིང་གཉིས་ལ་ལྷོའི་སྒོ་གླེགས་དང་། བྱང་གི་སྒོ་གླེགས་ཟེར་”[34]ཞེས་རྡོག་ཡིག་ཐམས་ཅད་རྔོག་ཡིག་ཏུ་བཅོས་ཏེ་རྡོག་གི་མཛད་པ་འཕྲིན་ལས་ཡོད་ཚད་རྔོག་ཏུ་སྦྱར་བ་དང་། འགོས་ཁུག་པ་ལྷས་བཙས་ཀྱི་མཁྱེན་རྒྱ་ཆེ་བའི་སློབ་མ་མཆོག་ནི“མང་ར་སེང་གེ་རྒྱལ་མཚན། རྔོག་དབུས་པ་གེ་སེར། དབ་མི་བྱང་ཆུབ་རྒྱལ་མཚན། ལྷོ་པ་རྡོ་རྗེ་སྙིང་པོ་”[35]ཞེས་རྡོག་ལ་རྔོག་དང་། “མང་ར་སེང་གེ་རྒྱལ་མཚན་གྱིས་རྔོག་ཡེ་ཤེས་ལ་བཤད། དེས་རྔོག་ཉི་མ་སེང་གེ་ལ་བཤད་དེ། ཉི་མ་སེང་གེ་འདི་ནི་མཁས་པའི་གྲགས་པ་ཆེ་བས། དགེ་བའི་བཤེས་གཉེན་མཁས་པ་ཤིན་ཏུ་མང་བར་འདུས་སྟེ། རྩ་རྒྱུད་ཀྱི་ཊཱི་ཀ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་བརྩམས་ནས་འདུས་པའི་བསྟན་པ་སྤེལ་ལོ། །དེས་གླན་རྩང་ཚ་ཉི་མ་ལྕམ་ལ་བཤད་དེ། ཉི་མ་ལྕམ་གྱིས་རྒྱུད་ཀྱི་ཊཱི་ཀ་ཆེ་མོ་ཞིག་ཀྱང་མཛད་པར་སྣང་ངོ་། །ཉི་མ་ལྕམ་གྱིས་རྔོག་ཨཱརྱ་དེ་བ་ལ་བཤད། །འདིས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་ཡང་གཏུགས། ཨཱརྱ་དེ་བས་རྟག་པ་རིན་ཆེན་གྲགས་ལ་བཤད་”[36]ཅེས་རྡོག་ཡེ་ཤེས་སེང་གེ་ལ་རྔོག་ཡེ་ཤེས་སེང་གེ་དང་། དེའི་སྲས་རྡོག་ཉི་མ་སེང་གེའམ་རྡོག་ཤཱཀྱ་མུ་ནེར་རྔོག་ཉི་མ་སེང་གེ །དེའི་སྲས་རྡོག་ཨཱརྱ་དེ་བར་རྔོག་ཨཱརྱ་དེ་བ་བཅས་ཡོངས་སུ་ནོར་བར་བྱས་པ་ལྟ་བུ་ཡིན་ལ། «གསང་བདེ་འཇིག་གསུམ་གྱི་ཆོས་འབྱུང་»དུ་མར་སྟོན་སེང་གེ་རྒྱལ་མཚན“དེ་ཉིད་ལ་གདུང་མ་བཞི་འམ་བརྒྱད་ཀྱི་ནང་ཚན་རྔོག་ཆེན་པོ་ཡེ་ཤེས་སེང་གེ་ཞེས་བྱ་བས་གསང་བ་འདུས་པ་འཕགས་སྐོར་ཕལ་ཆེ་བ་གསན་ཅིང་། ཁྱད་པར་འགོས་ལོ་ཆེན་པོ་ལ་ཡོངས་སུ་རྫོགས་པར་གསན་ནས་དར་བར་མཛད་པ་ལ་ཕྱིས་སུ་འདུས་པ་རྔོག་ལུགས་སུ་གྲགས་”[37]ཞེས་རྡོག་ཡིག་རྔོག་ཡིག་ཏུ་བཅོས་ཡོད་ལ། “མཚན་དངོས་རྔོག་ཨཱརྱ་དེ་ཝ་ཞེས་བྱ་བ་ཡིན་ལ། འདི་གོང་དུ་འགོས་རྔོག་པའི་བླ་མ་གོང་མ་རྣམས་སྒྲུབ་ཐབས་ཀྱི་བཤད་པ་རྒྱུན་དུ་མཛད་པས་བསྐྱེད་རིམ་བསྒོམ་པ་ཞར་ལ་འབྱུང་བས་དཀྱིལ་མཆོག་བརྩམས་པ་ཡང་མེད་ཅིང་། རིམ་ལྔའི་ཁྲིད་དམིགས་རྒྱུན་དུ་སོ་སོར་བསྒོམ་པ་མ་གཏོགས། མང་པོ་ཚོགས་ནས་སྒྲུབ་མཆོད་མཛད་པའི་ཕྱག་སྲོལ་ཡང་མེད་པ་ལ། ཨཱརྱ་དེ་ཝ་ས་པཎ་གྱི་སློབ་མར་གྱུར་ཆད་ནས་ས་སྐྱ་པ་ཕྱག་ལེན་བདེ་བའི་སྤྱན་ཟློས་བཟང་པོ་དེ་ཁོང་གིས་རྟོགས་ནས། འདུས་པའི་དཀྱིལ་ཆོག་དང་། མཆོད་ཕྲེང་སོགས་ཡིག་ཆ་མང་པོ་མཛད་ནས་གསང་བ་འདུས་པའི་སྒྲུབ་མཆོད་བཙུགས་”[38]ཞེས་རྡོག་ཨཱརྱ་དེ་ཝའང་རྔོག་ཨཱརྱ་དེ་ཝར་བྱས། དེ་བཞིན«སྟག་ལུང་ཆོས་འབྱུང་»དུ“འགོས་ལ་སློབ་མའི་གཙོ་བོ་མང་ར། རྔོག །ངབ་མི། ལྷོ་པ། དམྱལ་པ། དབུས་པ་སྟེ་དྲུག”[39]ཅེས་རྡོག་ཡེ་ཤེས་སེང་གེ་དེ་ཉིད་རྔོག་ཡེ་ཤེས་སེང་གེར་འཁྲུལ་ནས་རྡོག་ལུགས་རྔོག་ལུགས་སུ་བསྒྱུར་ཡོད་པ་དང་། «བསྟན་རྩིས་གསལ་བའི་ཉིན་བྱེད་»ལས་ཀྱང“རྔོག་གི་གཟེ་མ་ར་མགོ་ལས། མ་མོའི་བརྒྱུད་ལུང་དཀྲུགས་པ་ལས། །ག་ཡ་དྷ་རའི་གསེར་ཆོས་བྱུང་”[40]ཞེས་རྡོག་ཉི་མ་སེང་གེའམ་རྡོག་ཤཱཀྱ་མུ་ནེས་མཛད་པའི་«རྡོག་གི་བསྟན་བཅོས་གཟེ་མ་རྭ་མགོ་»ལ་རྔོག་གི་གཟེ་མ་རྭ་མགོ་སོགས་རྡོག་ཚང་གི་མཛད་པ་འཕྲིན་ལས་ཐམས་ཅད་རྔོག་ཚང་དུ་བྱས་ཡོད་པ་ལ། རྗེ་དམུ་དགེ་ཚང་གིས། “རྡོག་གི་ཡེ་གེ་དབུ་ཅན་འབྲི་ཚེ་ད་དང་ང་གཉིས་ནོར་ནས། རྡོག་ཉི་མ་སེང་གེས་མཛད་པའི་གཟེ་མ་ར་མགོ་ལ་རྔོག་གི་གཟེ་མ་ར་མགོ་དང་། རྡོག་ཨར་ཡ་དེ་བ་ལ་རྔོག་ཨར་ཡ་དེ་བ་ཞེས་བྲིས་པ་དང་། འདོན་པ་མང་ལ་”[41]ཞེས་རྡོག་རྔོག་གཉིས་འཁྲུལ་སེལ་གནང་བ་ལྟར་ཡིད་ལ་བྱེད་དགོས་སོ། །
གཞན། རྡོག་བྱང་ཆུབ་འབྱུང་གནས་ཀྱི་མཚན་དང་«རྡོག་གི་བསྟན་བཅོས་གཟེ་མ་གསུམ་མགོ་»ཡི་མཛད་པ་པོ་རྡོག་ལྦ་བ་ཅན་རྡོག་རབས་སུ་མ་གསལ་བའི་རྒྱུ་མཚན། རྡོག་རྡོ་རྗེ་སེང་གེ་དང་རྡོར་སེང་དུ་འབོད་པ་གང་ཟག་གཅིག་ཡིན་མིན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་«བསྟན་རྩིས་གསལ་བའི་ཉིན་བྱེད་»ལས་རྔོག་གེ་སར་དང་། འབྲུག་པ་པདྨ་དཀར་པོའི་«འབྲུག་པའི་ཆོས་འབྱུང་»ལས་བརྡོག་གེ་ས་ར། འགོས་ལོའི་«དེབ་སྔོན་»ལས་རྔོག་དབུས་པ་གེ་སེར་དང་རྔོག་གེ་སེར་དུ་འབོད་པ་སོགས་དོན་ལ་རྡོག་ཡེ་ཤེས་སེང་གེ་ཡིན་མིན། དཔའ་བོ་གཙུག་ལག་ཕྲེང་པའི་«ཆོས་འབྱུང་མཁས་པའི་དགའ་སྟོན་»ལས་ཀརྨ་རང་བྱུང་རྡོ་རྗེའི་སློབ་མ་རྡོག་བསམ་རིན་ཞེས་པ་རྡོག་གི་མི་རྒྱུད་གང་ཡིན་མིན། རྡོག་གི་མི་རྒྱུད་ཀྱིས་གསར་དུ་བཞེངས་ཤིང་གདན་ས་དང་མཁན་པོ་གནང་བའི་དགོན་པའམ་མཛད་པའི་བསྟན་བཅོས་སོགས་ད་ལྟ་བཞུགས་མིན། རྡོག་གི་མི་རྒྱུད་ཕྱི་མ་དག་དེང་སྐབས་ཡུལ་ལུང་གང་དུ་ཁྱབ་ཡོད་པ་སོགས་རྡོག་དང་འབྲེལ་བའི་ལོ་རྒྱུས་སྐོར་ལ་ད་དུང་དཔྱད་བྱར་ལུས་པ་ཤིན་ཏུ་མང་མོད། དེ་རྣམས་ཕྱིས་སུ་དཔྱད་རྩོམ་གཞན་དུ་གླེང་རྩིས་ཡིན་ནོ། །
མཇུག་བསྡུ་བ།
གོང་དུ་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཡིག་ཚང་ཚད་ལྡན་ལས་འཕྲོས་ཏེ་རྡོག་གི་མི་རྒྱུད་སྐོར་ལ་དཔྱད་ཞིབ་རགས་ཙམ་བྱས་ཡོད་པར། རྡོག་གི་མི་རྒྱུད་ནི་བོད་ཀྱི་རིག་གཞུང་སྤྱི་དང་སྒོས་སུ་དཔལ་གསང་བ་འདུས་པའི་ཆོས་སྐོར་ལ་མཛད་རྗེས་བླ་ལྷག་བཞག་པའི་མི་རྒྱུད་ཅིག་ཡིན་ཞིང་། དེ་ཡང་ད་ལྟའི་གཞོན་རབས་པ་རྣམས་ཀྱིས་རྡོག་གི་མི་རྒྱུད་ཐད་ངེས་ཤེས་ཕྲན་ཙམ་འཇོག་པ་དང་རྡོག་དང་རྔོག་གཉིས་མི་ནོར་བའི་ཕྱིར་དུ། རྡོག་གི་མི་རྒྱུད་ཀྱི་མཆེད་ཁུངས་དང་མཛད་འཕྲིན། དོགས་གནས་སོགས་དམིགས་སུ་གླེང་བའི་ཁུལ་བགྱིས་པ་འདི་ཅུང་དོན་དངོས་དང་མཐུན་པར་འདོད་དེ། མཁས་པ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་དང་། ནེའུ་པཎྜིཏ་གྲགས་པ་སྨོན་ལམ་བློ་གྲོས། ཨ་མེས་ངག་དབང་ཀུན་དགའ་བསོད་ནམས། རྡོག་རབས་ཀྱི་མཛད་པོ་ནམ་མཁའ་བསོད་ནམས། «བཞད་ཀྱི་ལུང་བཤད་»ཀྱི་མཛད་པོ་ཀུན་དགའ་ཚེ་དབང་དོན་གྲུབ་སོགས་ནི་གཅིག་ནས་རྡོག་གི་མཛད་འཕྲིན་རྒྱས་པའི་དུས་སྐབས་ཀྱི་མཁས་ཆེན་ཤ་སྟག་ཡིན་པ་དང་། གཉིས་ནས་ས་གནས་ཀྱི་ལོ་རྒྱུས་སྨྲ་བར་སོང་ཕྱིན་རང་ཡུལ་རང་ལ་རྒྱུས་ཆེ་བ། གསུམ་ནས་མཁས་པ་ཁ་ཅིག་ནི་རྡོག་གི་མི་རྒྱུད་ཀྱི་སློབ་དཔོན་མཛད་མྱོང་པ། བཞི་ནས་མི་སྣ་ཁ་ཅིག་ནི་རྡོག་གི་མི་རྒྱུད་ཕྱི་མའི་དངོས་སློབ་གནང་མྱོང་བས་ཕྱིར་རོ། །གཞན་ཡིག་ཚང་ཞིབ་འཇུག་གི་བགྱི་བ་དོན་དུ་གཉེར་མཁན་ཞིག་ཡིན་ཕྱིན་མ་ཡིག་དངོས་ལ་བལྟ་བའམ་དེ་དང་གོ་བསྡུར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་སྟེ། དེ་ལྟ་མིན་ཚེ་«སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་»ཡི་དཔེ་ལས་མ་འདས་ལ། མཐར་རྩོམ་གྱི་མགོ་མཇུག་བར་གསུམ་དུ་ནོར་འཁྲུལ་གྱི་ཆ་ནི་ཡོད་སྲིད་པས་གཟུར་གནས་མཁྱེན་ལྡན་ཚོས་ནོར་བ་ཡོ་བསྲང་གི་དགོངས་འཆར་ལྷུག་སྩོལ་གནང་རྒྱུ་དང་། རྩོམ་ཐུང་འདི་ཉིད་མ་གཞི་ནས་རྡོག་གི་རུས་རྒྱུད་སྐོར་གྱི་ཐོག་མའི་གླེང་སློང་ལྟ་བུ་ལགས་པས། ན་མཉམ་ཞིབ་འཇུག་པ་དག་གིས་མུ་མཐུད་རྩད་ཞིབ་གཏིང་ཟབ་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་པ་ལགས་སོ།། །། ལུང་འདྲེན་དཔྱད་ཡིག
[1][2][3][13][19][20]«བོད་ཀྱི་གདུང་རབས་དང་རྣམ་ཐར་ཐུང་ངུ་ཁག་དྲུག་»ལས་ནམ་མཁའ་བསོད་ནམས་ཀྱིས་མཛད་པའི་«རྡོག་རབས་གསལ་བའི་མེ་ལོང་།»བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤ་༡༤༡ ༡༤༣ ༡༤༣ནས༡༤༤ ༡༤༢ནས༡༤༣ ༢༠༦ ༡༤༢ ༡༤༤བཅས་ན་གསལ།
[4]«འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱི་གསུང་འབུམ་»ལས་ནམ་མཁའ་བསོད་ནམས་ཀྱིས་མཛད་པའི་«རྡོག་རབས་གསལ་བའི་མེ་ལོང་།»བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༢༠ལོ། ཤ་༥༩༧ན་གསལ།
[5][18][21][24]ཀུན་དགའ་ཚེ་དབང་དོན་གྲུབ་ཀྱིས་མཛད། འཇད་པ་དཔལ་ལྡན་ཚེ་རིང་གིས་བསྡུ་སྒྲིག་བྱས།«བཞད་ཀྱི་ལུང་བཤད་རྣམ་དཔྱོད་སྨྲ་བའི་སྒོ་འབྱེད་མཁས་པའི་དགའ་སྟོན་བཞུགས་སོ། །»བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤ་༥༢ ༥༦ ༥༦ ༥༢བཅས་ན་གསལ།
[6][8]གཉའ་གོང་དཀོན་མཆོག་ཚེ་བརྟན། «བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་འཁྲོལ་བར་བྱས་པ་རབ་གསལ་མེ་ལོང་།»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤ་༧༥ ༣༡༡ན་གསལ།
[7][9]དགེ་འདུན་ཆོས་འཕེལ། «དེབ་ཐེར་དཀར་པོ།» མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོ། ཤ་༩ནས༡༠ ༩བཅས་ན་གསལ།
[10]ཚེ་བརྟན་རྡོ་རྗེ། «ཙོང་ཁ་རྒྱལ་རབས་ཞིབ་འཇུག»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོ། ཤ་༣༢ན་གསལ།
[11][12][41]དམུ་དགེ་བསམ་གཏན། «རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་གསུང་འབུམ་པོད་དྲུག་པ་བཞུགས་སོ། །» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོ། ཤ་༥༠༠ན་གསལ།
[14][15][37][38]ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་སོགས། «གསང་འདུས་ཆོས་འབྱུང་ཆོས་ཀུན་གསལ་བའི་ཉིན་བྱེད།» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༥ལོ། ཤ་༡༠༩ ༡༠༩ ༢༦༢ ༥༢༧བཅས་ན་གསལ།
[17][33]བུ་སྟོན་རིན་ཆེན་གྲུབ། «བུ་སྟོན་ཆོས་འབྱུང་།»ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ལོ། ཤ་༡༩༦ ༢༥༦ནས༢༥༧བཅས་ན་གསལ།
[22]མཚན་གཞན་ལ་མང་ར་བ་སེང་གེ་རྒྱལ་མཚན་དང་མངའ་རིས་པ་སེང་གེ་རྒྱལ་མཚན་ཟེར་ཞིང་འགོས་ཁུག་པ་ལྷས་བཙས་མཆོག་གི་དངོས་སློབ་ཡིན།
[23][25][26]འགྲོ་མགོན་འཕགས་པ་སོགས། «གསང་འདུས་པ་ཡེ་ཤེས་ཞབས་ཀྱི་རྣམ་ཐར་དང་བརྒྱུད་རིམ་སོགས་བཞུགས། །» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོ། ཤ་༡༢༥ ༡༢༥ ༡༢༥བཅས་ན་གསལ།
[27][40]མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། འདར་སྟོད་དགྲ་འདུལ་དབང་པོ། «བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོའི། ཤ༡༥༡ནས་༡༥༢ ༩༤བཅས་ན་གསལ།
[28]འདི་པས་གཡས་རུ་བྱང་པ་ཏའི་སི་ཏུ་ནམ་མཁའ་ལེགས་པའི་གསོལ་དཔོན་མཛད། གཞིས་ཁ་རིན་སྤུངས་པ་དོན་གྲུབ་རྡོ་རྗེ་དང་དོན་ཡོད་རྡོ་རྗེ་སོགས་ཀྱི་དྲུང་གསེར་ཡིག་ལ་ཡུན་རིང་དུ་བྱོན་པས་བྱང་པའི་སྙིང་མིར་གསུངས།
[29][30][31][32]ནེའུ་པཎྜིཏ་གྲགས་པ་སྨོན་ལམ་བློ་གྲོས། «སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ཞེས་བྱ་བ་ནེའུ་པཎྜིཏས་མཛད་པ་བཞུགས། །» དབུ་མེད་ལག་བྲིས། སྣ་ཐུང་། ལྡེབ་༡༦༨ ༡༦༩ ༡༧༠ ༡༧༢བཅས་ན་གསལ།
[34][35][36]འགོས་ལོ་གཞོན་ནུ་དཔལ། «དེབ་ཐེར་སྔོན་པོ།»སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོ། ཤ་༡༠༢ ༤༤༢ ༤༤༣ནས༤༤༤བཅས་ན་གསལ།
[39]སྟག་ལུང་པ་ངག་དབང་རྣམ་རྒྱལ། «སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ་བཞུགས། །» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤ་༢༦༢ན་གསལ།
རྩོམ་པ་པོ་ངོ་སྤྲོད།
མོག་ཀྱཱ་བསོད་ནམས་རྒྱལ། མཚོ་སྔོན་གཅན་ཚ་རུ་སྐྱེས། ཡིག་ཚང་རིག་པའི་འབུམ་རམས་པ། སྔ་ཕྱིར«བོད་ལྗོངས་ཞིབ་འཇུག །»དང«བོད་ལྗོངས་སློབ་ཆེན་རིག་དེབ།» «མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།» «མཚོ་སྔོན་སྤྱི་ཚོགས་ཚན་རིག» «བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག །» «མཚོ་སྔོན་དགེ་ཐོན་སློབ་ཆེན་རིག་གཞུང་དུས་དེབ།» «རྩེར་སྙེག །» «མདོ་སྨད་ཞིབ་འཇུག །»སོགས་སུ་དཔྱད་རྩོམ་སྤེལ། 2020ལོར་ཆེད་དེབ་«ཟངས་རིའི་གནས་ཆེན་ཁག་གི་ལོ་རྒྱུས་ཞིབ་འཇུག །»ཅེས་པ་པར་དུ་སྐྲུན། ད་ལྟ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རིག་གནས་དང་ཡུལ་སྐོར་ཅུད(རིག་དངོས་ཅུད)དུ་རིག་དངོས་སྲུང་སྐྱོབ་དང་རིག་དངོས་ཞིབ་འཇུག་གི་ལས་ཀ་གནང་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཡིག་དཔེ་རྙིང་གི་སྐོར་ཡིན།
རྩོམ་ཁུངས། ༢༠༢༢ལོའི«བོད་ལྗོངས་ཞིབ་འཇུག»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号