བོད་སོག་མཆོད་ཡོན་བར་གྱི་འགལ་འབྲེལ་སྐོར་བཤད་པ།

རྩོམ་པ་པོ།:རྒྱལ་མོ་འབྲུག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-27 16:31:00 ཀློག་གྲངས།:
          དེའང་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་སྤྱི་ལོ1705ལ་ལྷ་བཟང་ཧན་ནས་ཚུར་རྒོལ་གྱི་སྦྱོར་བ་ཐོག་མར་བཤམས་ཏེ་ཟླ་ལྔ་བའི་ནང་སོག་དམག་ཁག་གཉིས་སུ་བགོས་ནས་རང་དང་དཔུང་དམག་ཁག་གཅིག་ཤར་ལམ་བརྒྱུད་འཕན་པོ་ནས་ཡོང་བ་དང་།  བཙུན་མོ་ཚེ་རིང་བཀྲ་ཤིས་དང་དཔུང་དམག་ཁག་གཅིག་བྱང་ལམ་བརྒྱུད་སྟོད་ལུང་ནས་ཡོང་སྟེ་ལྷ་སར་དཔུང་འཇུག་བྱས་ལ།  དེའི་ཚེ་གདན་སའི་བླ་མ་དང་རྒྱུད་གྲྭའི་སློབ་དཔོན།  པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་སོགས་ཤད་བསྐྱོད་ཀྱིས་ལྷ་བཟང་ཧན་ལ་དམག་འཁྲུག་བཤོལ་ཐབས་སྔ་རྗེས་མཛད་ཀྱང་དོན་སྨིན་མ་བྱུང་བར་བརྟེན།  སྡེ་སྲིད་གོང་དཀར་དུ་ཕེབས་རྒྱུ་དང་གཞུང་ས་ལྷ་བཟང་ཧན་ལ་སྤྲོད་རྒྱུ་བྱས་ཐོག་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བྲེལ་སྟབས་ཀྱིས་གོང་དཀར་དུ་ཕེབས་བྱུང་།  ཡང་སྐབས་དེར་བོད་གཞུང་ཕྱོགས་དབུས་གཙང་གི་བོད་དམག་རྣམས་བསྡུ་རུབ་ཀྱིས་བཀག་འགོག་བྱེད་རྩིས་བྱས་ཀྱང་འཐབ་ནུས་གང་ཡང་མ་ཐོན་པར་སོག་དམག་རྣམས་ལྷ་སར་ལྷགས།  དེའི་ཚེ་བཙུན་མོས་སྣེ་ཁྲིད་པའི་ཤར་དམག་རྣམས་སྟོད་ལུང་སྣང་རྩེར་འབྱོར་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གོང་དཀར་དུ་ཡོད་ཚུལ་ཐོས་འཕྲལ་སོག་དམག་ཧྲག་བསྡུས་ཁག་གཅིག་བཏང་སྟེ་སྡེ་སྲིད་འཛིན་བཟུང་གིས་དམག་སར་ཁྲིད་ཡོང་སྟེ་བཙུན་མོ་གདུག་རྩུབ་ཅན་དེས་མགུལ་བཅད་ནས་སྐུ་བཀྲོངས་པར་བཤད་ལ།  འདིའང་བོད་སོག་མཆོད་ཡོན་གཉིས་སྲིད་དབང་འཕྲོག་རེས་ཀྱི་བྱུང་རིམ་ནང་མཐར་དྲག་ཤུགས་ལ་བརྟེན་ནས་བོད་ཀྱི་སྡེ་སྲིད་བཀྲོས་ཏེ་སོག་རྒྱལ་ལྷ་བཟང་ཧན་གྱིས་སྲིད་དབང་ཡོངས་རྫོགས་བད་འཛིན་བྱས་ཐུབ་པ་ཡིན་ནོ།། 
          དེ་ནས་ལྷ་བཟང་ཧན་གྱིས་ཡོངས་སུ་ལོ་ངོ་བཅུ་གཉིས་རིང་བོད་དབུས་གཙང་གཉིས་ལ་སྒེར་ལུང་གིས་དབང་སྒྱུར་བྱས་པ་ཡིན་ལ།  དེའི་སྐབས་སྲིད་འཛིན་མི་སྣ་གཙོ་གྲས་བློན་པོའམ་མདུན་ན་འདོན་བྱམས་པ་གླང་པ་དང་།  བཀའ་བློན་བུ་ཆུང་།  ཚེ་བརྟན་རྡོ་རྗེ་བྱ་བ་སོགས་དང་མཐའ་དབུས་དམག་དཔོན་ཕོ་ལྷ་བ་དང་ཁང་ཆེན་པ་བཅས་ཡོད་ཚུལ་བཀོད་འདུག་ལ།  ཡང་ལྷ་བཟང་ཧན་གྱིས་བོད་ལ་ཕྱོགས་ཡོངས་ནས་དབང་བསྒྱུར་བྱེད་དགོས་ན་གཙོ་བོ་ཆོས་ལུགས་ལ་བརྟེན་དགོས་པ་ཤེས་ཏེ་སྔ་གཞུག་ཏུ་སེ་རའི་ཚོགས་ཆེན་འདུ་ཁང་གསར་རྒྱག་དང་སྔགས་པ་གྲྭ་ཚང་གསར་འཛུགས་ཀྱི་མཐུན་རྐྱེན་སོགས་སྒྲུབ་པར་བཤད།  སྐབས་ཤིག་གཙང་ཕྱོགས་ལྷ་རྒྱུད་ཀྱི་ཡུལ་གྲུ་སྲད་རིན་ཆེན་རྩེ་བྱ་བའི་ས་ཁུལ་རྣམས་འབྲས་ལྗོངས་རྒྱལ་པོས་བདག་ཐོབ་བྱེད་པ་དེ་དྲག་ཤུགས་ཀྱིས་ཕྱིར་བླངས་ཏེ་ཕོ་ལྷ་བའི་ཕ་གཞིས་སུ་སྤྲད་པ་དང་འབྲུག་ཡུལ་དུའང་དཔུང་དྲངས་ཤིང་།  སྟོད་ཕྱོགས་སུ་ཁང་ཆེན་པ་བསོད་ནམས་རྒྱལ་པོ་མངའ་རིས་སྤྱི་ཁྱབ་ཏུ་བསྐོས་ནས་སྐོར་གསུམ་གྱི་ཡུལ་སྡེ་སྐྱོང་བ་སོགས་མཐའ་མཚམས་བདེ་སྲུང་གི་ལས་ཀ་འགའ་དང་ཆོས་སྲིད་ལས་དོན་མ་ཉམས་ཙམ་བཅས་སྒྲུབ་པ་ཡིན་འདུག་གོ།
          དེ་ལྟར་ལྷ་བཟང་ཧན་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ཏེ་བོད་ཀྱི་ཆབ་སྲིད་དབང་ཆ་ཚང་མ་འཕྲོག་ཚར་ནའང་།  འོན་ཏེ་སྡེ་སྲིད་ཀྱིས་ངོས་འཛིན་ཞུས་པའི་རྒྱལ་དབང་ལྔ་བའི་ཡང་སྲིད་དྲུག་པ་ཆེན་པོ་ཞལ་བཞུགས་ཡོད་པ་ནི་རང་གིས་སྲིད་དབང་འཛིན་པར་ཉེན་ཁ་ཡོང་བའི་རྒྱུར་འགྱུར་བ་ཤེས་ཏེ།  ཐོག་མར་མཆོག་སྤྲུལ་རིན་པོ་ཆེའི་མཛད་སྤྱོད་ལོག་མཐོང་ཡོད་པ་བེད་སྤྱད་དེ་སྐྱོན་འདོགས་སྣ་ཚོགས་བྱས་པར་བརྟེན།  པེ་ཅིན་དུ་མི་སྣ་ཆེད་གཏོང་གིས་གོང་མ་ཁང་ཞི་རྒྱལ་པོར་སྡེ་སྲིད་དང་བཅས་པར་ངན་ཞུ་མང་པོ་བྱས་མཐར་རྒྱལ་དབང་ལྔ་བའི་ཡང་སྲིད་དྲུག་པ་ཆེན་པོས་སྡོམ་ཁྲིམས་མི་སྲུང་བས་ཁྲི་ལས་འབེབས་དགོས་ཚུལ་སོགས་ཞུས་པར་གྲགས་ཤིང་།  གང་ལྟར་མི་རིང་བར་ཚངས་དབྱངས་རྒྱ་མཚོ་རྒྱལ་བའི་ཁྲི་ལས་ཕབ་སྟེ་པེ་ཅིན་དུ་སྐྱེལ་དགོས་པའི་བཀའ་ལུང་ཡོད་ཚུལ་གྱིས་རེ་ཞིག་པོ་ཏ་ལ་ནས་ལྷ་ཀླུ་དགའ་ཚལ་དུ་བཞུགས་ཐོག    རབ་བྱུང་བཅུ་གཉིས་པའི་མེ་ཁྱི་སྤྱི་ལོ1706ལ་པེ་ཅིན་སྐྱེལ་ཕེབས་བྱས་སྐབས་ལམ་བར་ནས་འབྲས་སྤུངས་གྲྭ་མང་གིས་འཕྲོག་སྟེ་དགོན་ནང་དུ་གདན་དྲངས་བར་བརྟེན།  སོག་དམག་གིས་འབྲས་སྤུངས་སྐོར་བ་སོགས་བཙན་ཐབས་ཁོ་ནས་སྨད་ཕྱོགས་སུ་ཕེབས་ལམ་མཚོ་སྔོན་པོའི་ཉེ་འཁོར་ཀུན་དགའ་ནོར་ཞེས་པའི་ས་ཆར།  རྒྱལ་དབང་དྲུག་པ་མཆོག་དགུང་གྲངས་ཉེར་ལྔའི་སྟེང་སྐུ་གཤེགས་པར་གྱུར་པ་ནི་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་དང་རྣམ་ཐར་ཁུངས་བཙུན་དག་ཏུ་འབྱུང་བ་བཞིན་རྒྱལ་མཆོག་དྲུག་པ་རིན་པོ་ཆེ་མཐར་གངས་ཅན་བསྟན་འགྲོའི་དོན་དུ་ལྷ་བཟང་ཧན་གྱིས་བོད་སྲིད་འཕྲོག་པའི་འཐབ་རྩོད་ཀྱི་ཁྲོད་དུ་ཞིང་བརྗེ་པ་ཡིན་འདུག་ལ།  ཡང་གསང་རྣམ་ཞེས་པའི་རྣམ་ཐར་གྱི་ཡི་གེར་རྒྱལ་དབང་མཚོ་སྔོན་ནས་རྫུ་འཕྲུལ་གྱིས་ཕེབས་ཏེ་མདོ་དབུས་ཁམས་གསུམ་དང་སོག་ཡུལ།  རྒྱ་ནག་རི་བོ་རྩེ་ལྔ།  རྒྱ་གར།  བལ་ཡུལ་ལ་སོགས་པའི་ཡུལ་གྲུ་མང་པོར་ཞབས་བཅགས་མཐར་དགུང་གྲངས་དྲུག་བཅུ་བརྒལ་ཏེ་སོག་པོའི་ཨ་ལག་ཤར་སྐུ་འདས་ཚུལ་དང་མདོ་སྨད་དཔའ་རིས་ཕྱོགས་སུ་དགོན་སྡེ་བཏབ་ཚུལ་གྱི་ལོ་རྒྱུས་སོགས་འབྱུང་ལ།  དེ་དེང་དུས་མཁས་པ་ལ་ལས་གཙིགས་སུ་བཟུང་སྟེ་དཔྱད་བརྗོད་གནང་འདུག་ནའང་སོ་སོའི་ཞེན་བརྩིས་ཆེ་བའི་རེ་སྨོན་ཙམ་ལས་དོན་དངོས་ལོ་རྒྱུས་དང་སྐབས་དེའི་གནས་ཚུལ་བཅས་ལ་མཚོན་ན་དེ་འདྲ་ཡོད་མི་སྲིད་པ་དང་།  ཁྱད་པར་བོད་འབངས་ཀུན་གྱིས་གོང་སྨྲས་ལོ་རྒྱུས་ལ་ཡིད་ཆེས་ཀྱིས་རྒྱལ་བའི་སྐུ་འཕྲེང་ཕྱི་མ་རིམ་བྱོན་ངོས་འཛིན་ཞུ་བཞིན་འདུག་པས་ལོ་རྒྱུས་སྨྲ་བ་དག་གིས་བདམས་པ་བཞིན་ཡོངས་གྲགས་ཀྱི་བཤད་ཚུལ་ལྟར་འཆད་ན་འོས་པར་མཐོང་ངོ་།།
          དེ་ལྟར་རྒྱལ་དབང་དྲུག་པ་ཆེན་པོ་སྨད་ཕེབས་ཀྱི་ལམ་དུ་ཆས་ནས་སྐུ་འདས་པར་བརྟེན་བོད་གངས་ཅན་པ་རྣམས་སྐྱབས་མེད་མགོ་རྗེན་གྱི་གནས་སུ་ལྷུང་ལ་ལྷ་བཟང་ཧན་གྱིས་ཀྱང་རྒྱལ་བའི་ཡང་སྲིད་ལ་བརྟེན་ནས་རང་གི་ཆབ་སྲིད་སྲ་བརྟན་གཏོང་དགོས་པ་མཐོང་སྟེ།  གནས་ཆེན་ཁ་བ་དཀར་པོར་སྐུ་འཁྲུངས་པའི་འབྲས་སྤུངས་སུ་བཞུགས་པའི་གྲྭ་པ་ཡེ་ཤེས་རྒྱ་མཚོ་བྱ་བ་རྒྱལ་དབང་ལྔ་པའི་ཡང་སྲིད་ངོ་མ་ཡིན་ཚུལ་གྱིས་གདན་སར་བཀོད་ནས་པོ་ཏ་ལའི་རྒྱལ་བའི་གསེར་ཁྲིར་མངའ་གསོལ་ཞིང་དེ་ལོ་བཅུ་གཅིག་རིང་ཁྲིར་བཞུགས་ཏེ་ཆོས་ཕྱོགས་སུ་རྒྱལ་དབང་གི་ཚབ་བྱེད་བཞིན་ཡོད་ལ།  སྐབས་དེའི་རིང་གི་བོད་ཀྱི་ལོ་རྒྱུས་རྣམས་སུ“རྒྱལ་དབང”ཞེས་འབྱུང་བ་རྣམས་སྐྱེས་བུ་འདི་པ་ཡིན་པ་ཤེས་དགོས་ཀྱི།  ཡང་དེར་ལྷ་བཟང་ཧན་དང་རྗེས་འབྲིང་དག་གིས་རྒྱལ་དབང་ཞེས་ཞུ་བ་ཙམ་ལས་བོད་མི་སེར་སྐྱ་བྱིངས་ནས་པད་དཀར་འཛིན་པ་ཞེས་ཞུ་བ་མ་གཏོགས་རྒྱལ་དབང་གི་ཡང་སྲིད་ཡིན་པའི་ངེས་ཤེས་གནའ་དེང་གང་གི་དུས་སུ་མ་བྱུང་ལགས་སོ།།
          དེ་ལྟར་སྐབས་འདི་དག་ལ་བོད་ཕྱོགས་ཀྱི་རྒྱལ་བའི་སྤྲུལ་སྐུ་རྙོག་འཛིང་ཆེན་པོ་ཡོད་སྟབས་ཆིན་གོང་མས་ཀྱང་གང་རྩི་ངེས་མེད་ལྟ་བུས་པཎ་ཆེན་སྐུ་འཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ལ“པཎ་ཆེན་ཨེར་ཏི་ནི”ཞེས་པའི་མཚན་གནས་ཀྱི་འཇའ་ས་དང་གསེར་ཐམ་བཅས་གནང་ཐོག   ཁོང་བོད་ཀྱི་ཆོས་སྲིད་བདག་སྐྱོང་གི་གཙོ་བོ་དང་བོད་སོག་བསྟན་པའི་བདག་པོར་བཞུགས་དགོས་ཚུལ་སྐོར་ལུང་གིས་སྐུལ་བར་གྲགས།   པཎ་ཆེན་སྐུ་འཕྲེང་ལྔ་བ་ནི་བློ་བཟང་ཡེ་ཤེས་ཡིན་ལ།  ཁོང་རབ་བྱུང་བཅུག་གཉིས་པའི་ཆུ་ཡོས་སྤྱི་ལོ1663ལ་གཙང་ཐོབ་རྒྱལ་དུ་སྐུ་འཁྲུངས།  དགུང་ལོ་ལྔའི་སྟེང་རྒྱལ་དབང་ལྔ་བ་ཆེན་པོས་པཎ་ཆེན་སྐུ་འཕྲིང་བཞི་བའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་ཕྱིས་སུ་ཁོང་ཡང་རྒྱལ་དབང་དྲུག་པའི་བླ་མ་གནང་ཚུལ་སོགས་གོང་དུ་བརྗོད་ཟིན་པ་ལྟར་དང་།  རྗེ་འདི་པ་འཚོ་བཞུགས་ཀྱི་སྐབས་ནི་བོད་དུ་སྡེ་གཟར་དང་ཡུལ་མཐའི་དམག་འཁྲུག་གིས་གནོད་འཚེ་བགྱི་བའི་སྐབས་ཡིན་པར་མ་ཟད།  སོག་པོའི་ཅུང་གར་བའི་སྟོབས་ཤུགས་ཀྱིས་ཆིན་གོང་མར་ངོ་ལོག་དང་ནང་འཁྲུག་བྱེད་བཞིན་པའི་སྐབས་ཡིན་པས།  གོང་མ་ཁང་ཞིས་རྗེ་འདིའི་མཚན་སྙན་ལ་བརྟེན་ནས་བོད་སོག་དང་ལྷག་པར་སྨད་སོག་ལྷོ་བྱང་རྣམས་གོང་མའི་ཆབ་འབངས་སུ་འགུག་པའི་ཆེད་དུ་གསེར་ཐམ་དང་འཇའ་ས་འབུལ་གནང་གིས་ཡང་ཡང་གདན་འདྲེན་ཞུས་ཀྱང་ཁོང་འབྲུམ་ནད་ལ་དོགས་ནས་ཕེབས་བཞེད་མ་གནང་བ་རེད་ཟེར་ནས་སྐྱོན་འབེབས་མཛད་ཚུལ་སྐོར་རྒྱའི་ཡི་གེར་བཀོད་ཡོད་པར་བརྟེན།  དེང་གི་ལོ་རྒྱུས་སྨྲ་བ་འགའ་རེས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་མེས་རྒྱལ་ཁ་བྲལ་གཏོང་བའི་ཕྱོགས་སུ་ལངས་ནས་གོང་མར་འགལ་ལོག་བཟུང་ཚུལ་སོགས་བྲིས་འདུག་ཀྱང་བདེན་མིན་ཞིབ་རྒྱས་བོད་ཡིག་གི་རྣམ་ཐར་ནང་དུ་གསལ་ལ།  ཡང་སྐབས་དེའི་གནས་ཚུལ་དང་ཆ་རྐྱེན་དེ་འདྲའི་འོག་ཏུ་དེང་སང་གི་མི་ལྟ་བུའི་ཆབ་སྲིད་ཀྱི་གོ་རྟོགས་མཐོན་པོ་ཆགས་མེད་པ་མ་མཁྱེན་པ་མིན་གྲངས་སེམས་སོ།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།