རླངས་ཨ་མྱེས་བྱང་ཆུང་འདྲེ་བཀོལ་གྱི་མཁར་ཤུལ་ལ་མཇལ་བ།
རྩོམ་པ་པོ།:དབང་ཆེན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-08-12 08:40:13
ཀློག་གྲངས།:
ངེད་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི2025ལོའི་མཚོ་སྔོན་ཞིང་ཆེན“ཁུ་ནུའི་འཇོན་མི་མཐོ་རིམ་གསར་གཏོད་དང་ལས་གཏོད་འཇོན་མི”རྣམ་གྲངས་ཀྱི་མཆོག་གྱུར་འཇོན་མི་གསོ་སྐྱོང་དང་། 2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པའི་ཡུལ་དངོས་བརྟག་དཔྱད་ཚོ་ཆུང་དེ་སྤྱི་ཟླ8པའི་ཚེས8ཉིན་གྱི་སྔ་དྲོར་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པའམ་རིག་གནས་མཁས་པ་ཕུན་ཚོགས་ཟླ་བའི་རོགས་རམ་དང་། ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨོ་རྒྱན་རྣམ་རྒྱལ་གྱི་བཀོད་སྒྲིག་ལྟར། ནང་ཆེན་རྫོང་གེ་སར་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་འགྲུབ་ཀྱི་ལམ་ཁྲིད་འོག །ཕྱི་དྲོའི་དུས་ཚོད་གཅིག་གི་སྟེང་དུ་ནང་ཆེན་རྫོང་ལྕི་ཉིན་སྲིབ་ཡུལ་ཚོ་རྨེ་ཆུ་སྡེ་བ་ཡོ་ཀི་རུ་ཁག་གི་མངའ་ཁོངས་སུ་ཡོད་པའི་རླངས་ཨ་མྱེས་བྱང་ཆུང་འདྲེ་བཀོལ་གྱི་མཁར་ཤུལ་ཡོད་སར་ཐོན་ཞིང་། སྡེ་བ་དེའི་དོན་བཀྲ་དང་ཡེ་ཤེས་མཐར་ཕྱིན་སོགས་ཀྱིས་ངོ་སྤྲོད་བྱས་པ་བརྒྱུད་ཡུལ་དངོས་བརྟག་དཔྱད་ལེགས་པོ་བྱེད་ཐུབ་སོང་།

རླངས་ཨ་མྱེས་བྱང་ཆུང་འདྲེ་བཀོལ་གྱི་མཁར་ཤུལ་དེ་ནི་ནང་ཆེན་རྫོང་མཁར་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ138མཚམས་ཀྱི་རྨེ་ཆུ་སྡེ་བ་ཡོ་ཀི་རུ་ཁག་གི་མངའ་ཁོངས་སུ་ཡོད། དེར་སའི་གོ་ལའི་བྱང་གི་འཕྲེད་ཚད32°0′23″དང་། ཤར་གྱི་གཞུང་ཚད95°47′32″ཡི་མཚམས་ན་ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི4033ཡིན། རྨེ་ཆུ་སྡེ་བ་ཡོ་ཀི་རུ་ཁག་གི་དོན་བཀྲ་ཡིས་བཤད་པ་ལྟར་ན་མཁར་ཤུལ་ཆེ་ཆུང་གཉིས་ཡོད་པ་དང་། མཁར་ཤུལ་ཆེ་བའི་སར་རླངས་ཨ་མྱེས་བྱང་ཆུང་འདྲེ་བཀོལ་གྱི་རྡོ་བརྐོས་ཆེན་པོ་ཞིག་བཞེངས་ཡོད།

རྡོ་བརྐོས་དེ་ནི་སྤྱི་ལོ2017ལོའི་ཟླ8པའི་ཚེས9ཉིན་ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ནང་ཆེན་རྫོང་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་ལྟར། ས་གནས་མང་ཚོགས་ཀྱིས་བཞེངས་པ་ཡིན་པར་བཤད། རྡོ་བརྐོས་ཀྱི་གཤམ་དུ“……དེ་ཡང་རླངས་བླ་མ་ཨ་མེས་བྱང་ཆུབ་འདྲེ་བཀོལ་ནི། ཕྱི་ལོ968ལོ་ས་ཕོ་འབྲུག་ལ་གནས་འདིར་སྐུ་འཁྲུངས་སྟེ། བོད་ཡུལ་ས་ཆ་སྟོད་སྨད་ཀུན་ལ་བྱོན་ནས་སྒྲུབ་པ་མཛད་ཅིང་ལྷ་འདྲེ་མི་གསུམ་དྲན་དུ་བཀོལ་བ་དང་། གླིང་གེ་སར་རྒྱལ་པོའི་དབུ་ཡི་བླ་མ་མཛད་པ་སོགས་འགྲོ་དོན་རྒྱ་ཆེར་འཕེལ། དགུང་གྲངས་བརྒྱ་དང་བརྒྱད་བཞུགས། མཐར་མེ་ཕོ་འབྲུག་གི་ལོར་དགུང་པ་ཆོས་དབྱིངས་སུ་ཐིམ།། །། །།……”ཞེས་ཡི་གེ་བར་ཚག་མེད་པ་ཅན་གྱི་གསལ་བཤད་ཡི་གེ་བྲིས་འདུག

རླངས་ཨ་མྱེས་བྱང་ཆུང་འདྲེ་བཀོལ་ནི«བསྟན་རྩིས་ཀུན་བཏུས»ལས“ཁོང་ནི་སྤྱི་ལོ(968)ལོར་འཁྲུངས་ཏེ་དགུང་ལོ་བརྒྱ་དང་བརྒྱད་བཞུགས་ནས(1076)བོད་རབ་བྱུང་དང་པོའི་མེ་འབྲུག་ལོར་གཤེགས་པར་མངོན།”ཞེས་དང་། ཆུང་དུས་ནས་མཁས་པའི་དབང་བོ་མང་པོ་ཞིག་གི་ཞབས་ལ་བསྟེན་ནས་ཆོས་དང་རིག་གཞུང་མང་དུ་བསན་ནས«རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ»ལས“རླངས་ལྷ་གཟིགས་བྱང་ཆུབ་རྡོ་རྗེས། །མ་ལ་འཁྲུངས་ནས་ཆོས་ལ་ཞུགས། །དགུང་ལོ་བཞི་ཡི་ལོ་ཐོག་ཏུ། །གསང་སྔགས་རྙིང་མའི་གྲུབ་པ་ཐོབ། །”ཞེས་ཁོང་ནི་གསང་སྔགས་རྙིང་མའི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་པར་གྲགས། «བོད་ཀྱི་དེབ་ཐར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས»ལས“འདིའི་སྲས་ཨ་མི་བྱང་ཆུབ་འདྲེ་འཁོལ་ཏེ། དགུང་ལོ་བརྒྱད་ལ་ཨོ་རྒྱན་དུ་བྱོན་པ་དང་། སྲིན་པོ་བཏུལ་ནས་ཕྱིར་བྱོན་པའི་ཚེ་ཡི་དམ་གྱི་ལྷ་ཞལ་གཟིགས་པ་དང་། གེ་སར་གྱིས་གླིང་ཡུལ་དུ་ལན་གཉིས་གདན་དྲངས་པའི་ཕྱི་མའི་ཚེ། ཕ་བོང་གྲ་བ་རྟ་འདྲ་བ་ལ་ཆིབས་ནས་ཕྱོགས་བཞིར་གདོན་ཆེན་པོ་བཞི་བཏུལ་བ་སོགས་རྫུ་འཕྲུལ་མཐའ་ཡས།”ཞེས་གླིང་རྗེ་གེ་སར་རྒྱལ་པོས་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་གདན་དྲངས་པ་གསལ། «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ»ལས“དེ་ནས་ཁོང་གིས་ཤར་དུ་བྱོན། གེར་འཚོའི་མགུལ་དུ་བྱོན་པ་ལ། གླིང་རྗེ་གེ་སར་གྱིས། སྲིན་གྱི་བེར་ནག་པོ་ཐོག་གདུགས། སྲིན་རལ་ཁྲ་བོ། སྲིན་རྟ་ནག་པོ་གསུམ་ཕུལ་ནས། མི་འཆི་འཚེའི་དབང་ཞིག་ཞུ། ངས་གདུག་པའི་ལྷ་འདྲེ་འདུལ་བ་ལ། ཁྱེད་ཀྱིས་བདག་གི་ལུས་སྐྱོབ་མཛོད།”ཞེས་རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་དང་གླིང་རྗེ་གེ་སར་རྒྱལ་པོ་གཉིས་ལ་མཆོད་ཡོན་གྱི་འབྲེལ་བ་བྱུང་བའི་གནས་དེ་ནི་གེ་སར་རྒྱལ་པོའི་བླ་རི་གཉན་ཆེན་གེར་འཚོ་ཞེས་པའི་མགུལ་དུ་མཇལ་ཁ་ཞུས་པར་གྲགས། “རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་དང་གླིང་རྗེ་གེ་སར་བར་ལ་མཇལ་དུམ་དང་ཐུག་འཕྲད་ཡོད་པ་ཤེས་ཐུབ་པར་མ་ཟད། རླངས་ཨ་མྱེས་བྱང་ཆུབ་འདྲེ་བཀོལ་གྱིས་གེ་སར་རྒྱལ་པོར་ཕྱོགས་བཞིའི་དགྲ་བཞི་ཆམ་ལ་ཕབ་དུས་རོགས་འདེགས་བྱས་པ་དང་། གླིང་རྗེ་གེ་སར་རྒྱལ་པོས་ཀྱང་རླངས་ཀྱི་བླ་མར་འབུལ་བ་གྱ་ནོམ་པ་ཕུལ་བ་སོགས་དངོས་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་ལ་བལྟས་པའི་ཤེས་ཡོང་།”ཞེས་པར་གསལ་ལོ། །

གཞན་ཡང་། དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན། རླངས་ཨ་མྱེས་བྱང་ཆུང་འདྲེ་བཀོལ་གྱི་མཁར་ཤུལ་དེའི་རྒྱབ་རིའི་རྩེ་ན་སེང་སྟག་ཨ་དོམ་གྱི་མཁར་ཤུལ་དང་མདུན་གྱི་ས་ཐག་མི་རང་སར་མ་སེང་ལྕམ་འབྲུག་མོའི་སྦྲ་ནག་ཕུབ་ས་ཡིན་ཞེས་པའི་ངག་རྒྱུན་ཤུལ་རྟེན་ཡོད་པར་བཤད། ང་ཚོས་མི་མེད་གནམ་གྲུ་འཕུར་ནས་བལྟས་ཚེ་སེང་སྟག་ཨ་དོམ་གྱི་མཁར་ཤུལ་དེ་ཡོད་སར་ནགས་ཚལ་སྟུག་པོ་ཡིན་པས་གསལ་བོ་མཐོང་མ་བྱུང་། ཡིན་ཡང་འབྲུག་མོའི་སྦྲ་ནག་ཕུབ་སའི་རྗེས་ཤུལ་དེ་གསལ་བོ་མཐོང་ཐུབ། དེ་མིན་རླངས་ཨ་མྱེས་བྱང་ཆུང་འདྲེ་བཀོལ་གྱི་མཁར་ཤུལ་ནས་རྟ་རྣ་དགོན་པའི་ལམ་བར་དུ་རྡོ་ཆེན་པོ་ཞིག་ཡོད་པ་དེར་གླིང་རྗེ་གེ་སར་རྒྱལ་པོའི་ལྷ་རྟ་རྐྱང་རྒོད་གཡེར་བའི་རྨིག་རྗེས་དང་། ལྷ་རྟ་འདོགས་སའི་རྗེས་ཤུལ། གླིང་རྗེའི་མདའ་གྲི་མདུང་གསུམ་གྱི་རྗེས་ཤུལ་ཡིན་ཞེས་པའི་ངག་རྒྱུན་ཤུལ་རྟེན་ཡང་ཡོད་དོ། །

མཆན།
1. ཚེ་ཏན་ཞབས་དྲུང་། བསྟན་རྩིས་ཀུན་བཏུས། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982:1522. རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། །[M] ལྷ་ས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2013:46
3. རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ། བོད་ཀྱི་དེབ་ཐར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1980:122
4. རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ། །[M] ལྷ་ས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2013:48
5. རྡོ་རྗེ་འབུམ། རླངས་ཨ་མྱེས་བྱང་ཆུང་འདྲེ་བཀོལ་དང་གླིང་རྗེ་གེ་སར་རྒྱལ་པོ་གཉིས་ཀྱི་མཆོད་ཡོན་གྱི་འབྲེལ་བའི་སྐོར་ལ་དཔྱད་པ། [J]
6. འདི་ནི་སྤྱི་ལོ2026ལོའི་ཟླ8པའི་ཚེས8ཉིན་ཡེ་ཤེས་མཐར་ཕྱིན་གྱིས་ཡུལ་དངོས་ནས་ངོ་སྤྲོད་བྱས་པའི་གནས་ཚུལ་ཡིན།

དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་དང2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号