༄༅།།གྲུབ་རྒྱལ་ལྷ་མོ་ཚོགས་པའི་སྐོར།

རྩོམ་པ་པོ།:བསོད་ནམས་ཆོས་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-07-10 10:32:20 ཀློག་གྲངས།:
གྲུབ་རྒྱལ་ལྷ་མོ་ཚོགས་པ་ནི་སྤྱི་ལོ་༡༩༥༩ལོའི་གོང་ནས་འཕན་ཡུལ་གྲུབ་རྒྱལ་བཀྲ་ཤིས་ཞོལ་པ་ཞེས་གཅིག་པུ་གཉིས་སུ་མེད་པའི་དམངས་ཁྲོད་ཀྱི་རིག་རྩལ་ཚོགས་པ་ཞིག་ཡིན་ཞིང་། སྐབས་དེར་ཁོང་ཚོའི་ཚོགས་པ་དེས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་བྱེད་པ་ལས་ལྷ་མོ་དངོས་སུ་འཁྲབ་སྟོན་བྱེད་སྲོལ་མེད། ཡིན་ནའང་ཁོང་ཚོས་འཁྲབ་པའི་བཀྲ་ཤིས་ཞོལ་པ་དེ་ནི་ནང་དོན་དང་འཁྲབ་རྩལ་གང་ནས་སྙན་འཇེབས་ལྡན་ལ་འཁྲུག་ཆ་དོད་པ་ཞིག་ཡོད་པས། འཕན་ཡུལ་སོགས་ཡུལ་ལུང་གང་སར་འཁྲབ་སྟོན་དུ་གདན་འདྲེན་ཞུ་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། ལྷག་དོན་དུ་ལོ་རེའི་འབྲས་སྤུངས་ཞོ་སྟོན་སྐབས་སུ་འབྲས་སྤུངས་དགོན་དང་། སེ་ར་དགོན། ནོར་བུ་གླིང་ཁའི་ཕོ་བྲང་གི་མདུན་སོགས་སུ་འཁྲབ་སྟོན་བྱེད་དགོས་ཤིང་འཁྲབ་སྟོན་གང་དུ་བྱས་ཀྱང་དེ་གའི་གཟིགས་མོ་བ་རྣམས་ཀྱིས་བསྔགས་བརྗོད་ཆེན་པོ་ཐོབ་ཀྱི་ཡོད། དེ་ལྟར་ཁོང་ཚོས་སྔར་ནས་ད་བར་འཁྲབ་སྟོན་ཞུ་བཞིན་པའི་བཀྲ་ཤིས་ཞོལ་པའི་ཚིག་དོན་ཆ་ཚང་ཞིག་འདིར་དྲངས་ན་འདི་ལྟར་ཏེ། 
འོ་ལ་སོ་ལ་སོ་ལ་སོ་་་་་་མཁས་ཟེར་རས་ཚེ་བརྟན་གཡུ་འབྲུག  ལུ་གུ་རྡོ་རྗེ། དོག་བདེ་བག་གྲོ། ཨ་ཁུ་ཚེ་རིང་། ངག་དབང་རྣམ་རྒྱལ་ངེད་ཚོ། སྐུ་ཞབས་ཀྱི་ཕོ་བྲང་ཕྲ་མོ་དགའ་སྤྲོའི་སྐྱེད་ཚལ་དང་ལྡན་ཞིང་། ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཀུན་དགའ་ར་བའི་ཞབས་དཀར་འོག་དང་། བཀའ་ཞལ་བཟང་པོའི་མཐིལ་འདིར་སླེབས་པ་འདི་ནི་རྨི་ལམ་སྦག་གམ། མངོན་སུམ་སྦག མངོན་སུམ་ཡིན་ན་ཨ་ན་དགའ་ཙམ་བྱུང་། རྨི་ལམ་ཡིན་ན་ཨ་ན་སྐྱོ་ཙམ་བྱུང་། རྒན་བསོད་ནམས་འབྲུག་རྒྱལ་ལགས། འོ། རྨི་ལམ་མ་སྦག  མངོན་སུམ་སྦག་གོ  །མངོན་སུམ་ནང་ནས་དྲུང་དྲུང་སྦག་གོ །འོ་ལ་སོ་ལ་སོ་ལ་སོ་་་་་ མངོན་སུམ་ཡིན་ན་བདག་ཚོ་ཨབ་རག་མི་གྲངས་གསུམ་དང་། རྒྱ་ལུ་ལྷ་མོ་ཟབ་དུང་ཟབ་གཡོག་དང་བཅས་པ་ཕྱག་འཚལ་ལ་ཕེབས་ཤིག ཕྱག་འཚལ་འདི་རུ་ལ་མི་བརྒྱག་ག་རུ་ལ་བརྒྱག་པ། ཕྱག་འབུལ་འདི་རུ་ལ་མ་ཞུ་ག་རུ་ལ་ཞུ་བ། བརྐྱངས་ཕྱག་ལ་དགའ་ན་བརྐྱངས་ཕྱག སྐུམ་ཕྱག་ལ་དགའ་ན་སྐུམ་ཕྱག གང་མཉེས་མཉེས་དང་། གང་འདོད་འདོད་མ་ཞུས་སུ་གྱུར་ན། ཁ་ལ་ཟ་མ་མེད་པའི་རྐུབ་ལ་ཧུག་དབྱུག་སྦ་ལྕག་རག་ཡོང་ངོ་། །ཕྱག་སྟོང་འཁོར་ལོས་འགྱུར་བའི་རྒྱལ་པོ་དང་། །སྤྱན་སྟོང་སྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེ་སྟོན་པས། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འོ་ལ་སོ་ལ་སོ་ལ་སོ་་་་་ང་ཚོས་སྟོད་ཀྱི་གངས་རི་དཀར་པོར་གཡས་སྐོར་ལ་ཕྱིན་པས། མདའ་ཡི་སྐྱིད་ཆུ་སྔོན་མོའི་ཆུ་སྣེ་དང་མཇལ་བྱུང་། བར་གྱི་ཕོ་བྲང་ཕྲ་མོ་འདི་ལ་གཡས་སྐོར་ལ་ཕྱིན་པས། བདག་གི་དྲིན་ཅན་རྩ་བའི་བླ་མ་སྐུ་ཟིལ་པ་འཁྲུང་ངེར་བཞུགས་འདུག་པས། བདག་ཚོ་འཕན་ཡུལ་མཁའ་འགྲོ་བཀྲ་ཤིས་ཞོལ་པ་རྣམས་ལ་བྱམས་སྐྱོང་དང་། བདག་སྐྱོང་། མགོན་སྐྱབས་དང་ཡར་འདྲེན་བཅས་ཡོད་གསུང་གི་འདུག་པས། ཤར་སྤྲིན་བཟང་དཀར་པོའི་འཁོར་ཕྱོགས་མ་ནོར་ན། སྒུག་སྒུག་པའི་སྦྲང་ཆར་བསིལ་མ་ས་ལ་མར་ཁུ་འཁྱིལ་ལེ། ཤ་ཤ་མར་གྱི་རྒྱ་རི་ལ་གྲི་གུའི་དགོས་ཆེད་མི་འདུག་པས། སེན་འཐོག་རྒྱག་ནི་མི་དགོས། འབའ་ལེ་དང་འབོལ་ལེ། ལང་ངེ་དང་ལོང་ངེ་སྣོག་ལྟོའི་ནང་གི་མར་ཁུ། སྐྱོམ་སྐྱོམ་བྱས་ནས་ག་ལ་བོར་བ། འོ་ལ་སོ་ལ་སོ་ལ་སོ་་་་་་ངེད་ཚོ་འཕན་ཡུལ་མཁའ་འགྲོ་བཀྲ་ཤིས་ཞོལ་པ་ཟེར་མཁན་དེ། སྔོན་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་མདུན་ནས་མགོ་རལ་པ་དཀར་པོ་སྐྱ་ཟེང་ངེ་ཟེང་ངེ་། གནམ་སྔོན་པོས་གཞུང་། གུར་དཀར་པོས་ཏོག་བྱས་ནས་བླ་མ་དཔོན་པོ་དབུ་འཕང་མཐོ་རིང་མཐོ་ཚད་ཀྱི་ཞབས་ལ་བཅར་ཆོག་པའི་རྟགས་རྟེན་འབྲེལ་གཅིག་དང་། གཙོ་ཆེན་དུ་བོད་ཁ་བ་གངས་ཅན་གྱི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་དང་། དེ་བཞིན་གདན་ས་ཆེན་པོ་གསུམ་དང་། ཡང་སྒོས་རྒྱུད་གྲྭ་རྣམ་གཉིས་ཀྱི་ཕྱོགས་མཚུངས་གཞིས་དགོན་མཐའ་དག་དང་བཅས་པའི་རིས་མེད་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་དང་། བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་རྣམས་དབྱར་གྱི་མཚོ་མོ་རྒྱས་པ་ལྟ་བུའི་རྟགས་རྟེན་འབྲེལ། དགེ་འདུན་བགྲེས་པ་རྣམས་ཚོ་དབུ་དུང་ལྟར་དཀར་བ་བཞུགས་ཆོག་པའི་རྟགས་རྟེན་འབྲེལ་དང་། དགེ་འདུན་འབྲིང་བ་རྣམས་ཚོ་མུ་ཏིག་དར་ལ་བརྒྱུས་པ་ལྟ་བུའི་འོད་འཇིལ་ལི་འཇིལ་ལིར་བཞུགས་གདན་འཇགས་སུ་ཆོག་པའི་རྟགས་རྟེན་འབྲེལ་གཅིག་དང་། དགེ་འདུན་གཞོན་པ་རྣམས་ཚོ་སེ་བ་སྤྲིན་ཆེན་ལོག་གི་སེ་འབྲུ་སྨིན་པ་ལྟ་བུའི་དམར་འཇིལ་ལི་འཇིལ་ལིར་བཞུགས་གདན་འཇགས་སུ་ཆོག་པའི་རྟགས་རྟེན་འབྲེལ་གཅིག་དང་། དུས་ད་ལོ་ལས་དགའ་བ། དུས་སང་ལས་སྐྱིད་པ། གཞེས་ཕོད་གནས་ཆེན་པོ་ཏ་ལ་ལ་གསེར་གྱི་རྒྱ་ཕིབས་ཡར་བརྩེགས་ཡོང་བའི་རྟགས་རྟེན་འབྲེལ་གཅིག་དང་། ཆུ་མོ་བཞིན་དུ་རྒྱུན་ཆད་མེད་པ་དང་། ཉ་མོ་བཞིན་དུ་དཔུང་གདང་ཤིག་ཤིག་ཤོག འོ་ལ་སོ་ལ་སོ་ལ་སོ་་་་་སྔོན་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ལྕགས་ཟམ་ཆུ་བོ་རི་ལ་མཚམས་ལ་བཞུགས་པའི་དུས། གཙང་ཆུ་ཤིན་ཏུ་ཆེ་བའི་སྐབས། འགྲུལ་པ་ཕར་འགྲོ་བརྒྱ་དང་ཚུར་ཡོང་སྟོང་། སེམས་ཅན་དུད་འགྲོ་མང་པོ་རྐྱེན་ངན་དུ་ཕྱིན་འདུག་པས། གྲུབ་ཐོབ་ངེས་འབྱུང་དཔག་ཏུ་མེད་པ་བསྐྱེད་ནས་སྟོད་བལ་པོའི་ལི་བརྡུང་ས། སྨད་རྒྱ་མོ་དར་འཐག་ས། བར་དབུས་གཙང་རུ་བཞི། ལྷོ་འབྲོག་དར་གསུམ། བྱང་རིགས་སྡེ་བཞི། སྨད་མདོ་ཁམས་སྒང་དྲུག་ལ་ལྕགས་ཀྱི་བསོད་སྙོམས་ལ་ཕེབས་པའི་སྐབས་སུ། སེམས་ཅན་བསོད་ནམས་མེད་པའི་སྟབས་ཀྱིས་ལྕགས་ཨ་ལོང་ཙམ་ཡང་མ་རྙེད། ཕོད་མདོ་ནས་མ་རྒད་མོ་ཞིག་གིས་གྲོ་ཐ་སྤག་གང་ལ་ལྕགས་ཨ་ལོང་དགུ་བཞག་ནས་གྲུབ་ཐོབ་ཀྱི་ལྕགས་ཟམ་སྒྲུབས་པར་ཤོག་གསུངས། རྒད་མོ་དེ་ནི་མ་གཅིག་དཔལ་ལྡན་ལྷ་མོའི་རྣམ་སྤྲུལ་ཡིན་ཞིང་། གྲུབ་ཐོབ་ཀྱིས་ལྕགས་ཟམ་བཞེངས་ན་ཡང་། སེམས་ཅན་བསོད་ནམས་མེད་པའི་སྟབས་ཀྱིས། ཉི་མོ་མི་ཡིས་བརྩིགས་པ་མཚན་མོ་ལྷ་འདྲེས་བཤིགས་པས། ལྷ་འདྲེ་མགོ་སྐོར་གྱི་ཆེད་དུ་ཡར་ཀླུང་མཁའ་འགྲོ་ཞོལ་པ་ཟེར་མཁན་དེ། ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་ཙམ་བཞུགས་འདུག་པས། མཁའ་འགྲོ་ཞོལ་པ་རྣམས་ཀྱིས་ཁོང་ལ་གཞུང་རྣམ་པར་དག་པ་འབུལ་དགོས་བྱུང་ན། ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་ཙམ་འགོར་གྱི་འདུག་གསུངས་ནས། དེ་རིང་གཙོ་ཆེན་དུ་བླ་མ་དཔོན་པོ་དང་། ཡང་སྒོས་རྒྱ་སྡེ་ཁྲོམ་པ་རྣམས་ལ་གཟིགས་མོ་གང་འདྲ་ཞིག་འབུལ་ཟེར་ན། ཡར་གཙང་རྒྱང་མཁར་བ་ཆོས་རྫོང་པ་མ་ཡིན་པ། མར་དབུས་སྐྱོར་མོ་ལུང་མ་ཡིན་པ། གཙང་མིན་དབུས་མིན་སྙེ་མོ་ལུགས་ཀྱི་འཕན་ཡུལ་མཁའ་འགྲོ་བཀྲ་ཤིས་ཞོལ་པ་ཡི་སྒོ་ནས་འབུལ་བ་ལགས་སོ། །ཞེས་བརྗོད་དེ་བཀྲ་ཤིས་པའི་བྲོ་གཞས་འཁྲུག་པོ་ཞིག་འཁྲབ་སྟོན་གྱིས་འཕན་ཡུལ་མཁའ་འགྲོ་བཀྲ་ཤིས་ཞོལ་པ་དེ་རེ་ཞིག་མཇུག་སྒྲིལ་ལོ། །དེ་ལྟ་བུའི་ཚིག་དོན་སྙན་འཇེབས་ལྡན་ལ་འཁྲབ་རྩལ་འཁྲུག་ཆ་དོད་པའི་འཕན་ཡུལ་མཁའ་འགྲོ་བཀྲ་ཤིས་ཞོལ་པ་དེ་ཉིད་སྤྱི་ལོ་༡༩༥༩ལོ་ནས་ཟིང་འཁྲུག་ལྷིང་འཇགས་དང་དམངས་གཙོ་བཅོས་སྒྱུར་གྱི་ལས་འགུལ་འགོ་ཚུགས་ཏེ་ལོ་ཤས་རིང་འཁྲབ་མ་ཐུབ་ཀྱང་། སྤྱི་ལོ་༡༩༦༢ལོར་སྐབས་དེའི་གུ་ཡངས་སྲིད་ཇུས་ཀྱི་དགོངས་དོན་ལྟར་སྔར་གྱི་བཀྲ་ཤིས་ཞོལ་པ་ཡི་རྨང་གཞིའི་ཐོག་ལྷ་མོ་ཚོགས་པ་གསར་དུ་བཙུགས་ཤིང་། དང་ཐོག་པཱ་བྱམས་པ་བསོད་ནམས་དང་། ཁོང་གི་ཕྱག་རོགས་ལུང་བཟང་གཉིས་ཀྱིས་འཕན་ཡུལ་གྱི་ཨ་ཁུ་སྟོན་པ་སྟེ་ཨ་ཁུ་བློ་བཟང་ཚེ་རིང་དགེ་རྒན་དུ་བསྟེན་ནས་ཨ་ཁུའི་སློབ་སྟོན་འོག་ལྷ་མོའི་གཞུང་དང་། རྣམ་ཐར། འཁྲབ་རྩལ་སོགས་སློབ་སྦྱོང་གནང་སྟེ་ཅུང་ཟད་སྦྱངས་པ་ཐོན་རྗེས་གྲུབ་རྒྱལ་གྱི་གྲོང་ཚོ་ཡོངས་ནས་ལྷ་མོ་འཁྲབ་སྟོན་པ་འདེམས་སྒྲུག་དང་། སྒྲིག་འཛུགས་ཀྱིས་ཁོང་གཉིས་ནས་དགེ་རྒན་གྱི་ཐུགས་འགན་བཞེས་ཏེ་དང་ཐོག་ལྷ་མོ་འགྲོ་བ་བཟང་མོ་དང་། འཕན་ཡུལ་མཁའ་འགྲོ་བཀྲ་ཤིས་ཞོལ་པ་གཉིས་འཁྲབ་སྟོན་དང་། དེ་ནས་རིམ་བཞིན་ཡར་རྒྱས་ཀྱིས་གཟུགས་ཀྱི་ཉི་མ་དང་། པདྨ་འོད་འབར་གཉིས་ཀྱང་འཁྲབ་སྟོན་གྱིས་ལྷ་མོ་མཇུག་སྒྲིལ་མཚམས་སུ་འཕན་ཡུལ་མཁའ་འགྲོ་བཀྲ་ཤིས་ཞོལ་པ་ཞེས་སྔར་གྱི་བཀྲ་ཤིས་ཞོལ་པའི་གཞུང་ལུགས་དེ་དག་ཀྱང་མུ་མཐུད་འཁྲབ་སྟོན་བྱས་པར་བརྟེན་འཕན་ཡུལ་གྱི་སྟོད་སྨད་གང་སར་སྐད་གྲགས་ཅུང་ཙམ་ཡོད་པའི་ལྷ་མོ་ཚོགས་པ་ཞིག་ཏུ་གྱུར། དེ་ལྟར་གྲུབ་རྒྱལ་ལྷ་མོ་ཚོགས་པ་དེ་ཉིད་འཁྲབ་སྟོན་གྱི་རྣམ་གྲངས་དང་། འཁྲབ་རྩལ། འཁྲབ་ཆས་སོགས་གང་སར་ཡར་རྒྱས་ཀྱི་ལོ་འདབ་རྒྱས་བཞིན་པའི་སྐབས་དེར་རིག་གནས་གསར་བརྗེ་ཞེས་དཀར་ནག་ཕྱིན་ཅི་སློག་པའི་ལས་འགུལ་དེ་ཉིད་འགོ་ཚུགས་པས། གྲུབ་རྒྱལ་ལྷ་མོ་ཚོགས་པ་དེ་ཡང་ལོ་བཅུ་ལྷག་ཙམ་རིང་མིང་གི་ལྷག་མ་ཙམ་དུ་གྱུར་རོ། །འོན་ཀྱང་། ཤར་ཕྱོགས་སྤྲིན་པ་ནག་པོ། །བརྒྱབ་པའི་ལྷན་པ་མ་རེད། །ཉི་མ་སྤྲིན་པའི་འོག་ནས། །དྭངས་བའི་དུས་ཤིག་ཤར་ཡོང་། །ཞེས་པ་ལྟར་རིག་གསར་མཇུག་སྒྲིལ་རྗེས་ལྷུག་གཏོང་སྲིད་ཇུས་ཀྱི་གོ་སྐབས་བཟང་པོ་ལ་བརྟེན་ནས་སྤྱི་ལོ་༡༩༨༤ལོར་གྲུབ་རྒྱལ་ལྷ་མོ་ཚོགས་པ་དེ་སླར་ཡང་སྒྲིག་འཛུགས་ཀྱིས་རྒན་བྱམས་པ་བསོད་ནམས་དང་། ལུང་བཟང་གཉིས་ཀྱིས་སྔ་རྗེས་སུ་ལྷ་མོའི་དགེ་རྒན་གནང་སྟེ་སྔར་ཨ་ཁུ་བློ་བཟང་ཚེ་རིང་གིས་བསླབས་གནང་བའི་ལྷ་མོ་འགྲོ་བ་བཟང་མོ་དང་། དེ་བཞིན་འཕན་ཡུལ་མཁའ་འགྲོ་བཀྲ་ཤིས་ཞོལ་པ་ཞེས་པའི་འཁྲབ་གཞུང་དེ་གཉིས་ནང་སྦྱོང་ལེགས་པར་ཞུས་ཏེ་འཁྲབ་སྟོན་དང་། དེ་རྗེས་རིམ་པས་གཟུགས་ཀྱི་ཉི་མ་དང་། པདྨ་འོད་འབར་གྱི་གཞུང་གཉིས་ཀྱང་སྦྱོང་རྡར་གྱིས་འཕན་ཡུལ་གྱི་ས་ཕྱོགས་གང་ས་དང་། དེ་བཞིན་ལྷ་སའི་ཞོ་སྟོན་སོགས་ལ་ལོ་ཤས་འཁྲབ་སྟོན་ཞུས་པའི་རྗེས་རྒྱ་ཆེའི་གཟིགས་མོ་བ་དང་། གོང་རིམ་འབྲེལ་ཡོད་ཚན་པས་ཚད་མཐོའི་གདེང་འཇོག་ཐོབ་ནས་གྲུབ་རྒྱལ་ལྷ་མོ་ཚོགས་པ་དེ་སྤྱི་ལོ་༢༠༠༨ལོར་མཚོ་སྟོད་ལྷ་མོ་ཚོགས་པ་ཞེས་པའི་མིང་ཐོག་ནས་(མཚོ་སྟོད་ལྷ་མོ་ཚོགས་པ་ཞེས་བརྗོད་དགོས་དོན་ནི་གྲུབ་རྒྱལ་གྲོང་ཚོ་དེ་ཉིད་མཚོ་སྟོད་ཤང་གི་ཁོངས་སུ་གཏོགས་པས་མཚོ་སྟོད་ལྷ་མོ་ཚོགས་པ་ཞེས་བརྗོད་པ་ཡིན་ནོ།)གྲོང་ཁྱེར་རིམ་པའི་དངོས་མིན་རིག་གནས་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་དེ་འཕན་ཡུལ་གྲུབ་རྒྱལ་ལྷ་མོ་ཚོགས་པ་འདི་ཉིད་མི་ཐོག་ནས་མི་ཐོག་བར་མི་ཉམས་བརྒྱུད་འཛིན་བྱེད་པར་རྨང་གཞི་བཟང་པོ་ཞིག་བཏིང་ཐུབ་པ་བྱུང་ཡོད། ལྷ་མོ་ཚོགས་པ་འདི་གྲོང་ཁྱེར་རིམ་པའི་དངོས་མིན་རིག་གནས་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་པ་དེས་ད་ལྟ་ལྷ་མོ་ཚོགས་པའི་ཚོགས་མི་རྣམས་ལ་གསོན་ཤུགས་གསར་པ་ཞིག་དང་། རེ་བ་གསར་པ་ཞིག་སླེབས་ནས་སྔར་གྱི་ལྷ་མོའི་དགེ་རྒན་གཉིས་ལས་རྒན་བྱམས་པ་བསོད་ནམས་སྐུ་གཤེགས་པ་དང་། རྒན་ལུང་བཟང་ལགས་དགུང་ལོ་མཐོ་བའི་རྐྱེན་གྱིས་ལྷ་མོའི་དགེ་རྒན་གནང་མ་ཐུབ་ཀྱང་སྤྱི་ལོ་༡༩༦༠ལོར་སྐུ་འཁྲུངས་ཤིང་ད་ལྟ་དགུང་ལོ་༥༡ལ་ཕེབས་པའི་ལྷ་མོ་བ་ངག་དབང་ཚུལ་ཁྲིམས་ནས་ཕ་ཤུལ་བུས་འཛིན་གྱིས་ལྷ་མོའི་དགེ་རྒན་གནང་སྟེ་ཚོགས་པ་དེའི་འགན་ཁུར་གཙོ་བཞེས་ཐོག་ལྷ་མོའི་འཁྲབ་སྟོན་པ་མི་གྲངས་༢༤ཡོད་པ་དེ་དག་ཚང་མས་སེམས་ཤུགས་དང་། ནུས་ཤུགས་གཅིག་ཏུ་སྒྲིལ་ནས་འབད་བརྩོན་ཧུར་ཐག་གནང་བ་ལས་ལྷ་མོའི་གཞུང་ཁག་གི་རྣམ་ཐར་དང་། འཁྲབ་རྩལ། དེ་བཞིན་འཁྲབ་ཆས་དང་ཡོ་ཆས་སོགས་གང་སར་སྔར་དང་མི་འདྲ་བའི་ཡར་རྒྱས་ཆེན་པོ་ཕྱིན་ཏེ་སྤྱི་ལོ་༢༠༡༠ལོའི་ལྷ་སའི་ཞོ་སྟོན་སྐབས་ཀླུ་ཁང་ནང་འཁྲབ་སྟོན་བྱས་པར་རྒྱ་ཆེའི་གཟིགས་མོ་བ་དང་། གོང་རིམ་དབུ་ཁྲིད་ཀྱིས་གདེང་འཇོག་ཆེན་པོ་ཐོབ་ནས་འཕན་ཡུལ་གྲུབ་རྒྱལ་ལྷ་མོ་ཚོགས་པར་གྲོང་ཁྱེར་རིམ་པའི་བྱ་དགའ་རིམ་པ་གསུམ་པ་ཐོབ་སྟེ་དཀར་གཙང་མཇལ་དར་མགུལ་དུ་སྒྲོན་ཞིང་། གཟི་བརྗིད་ལག་ཁྱེར་པང་དུ་ཁྱེར་ནས་སྐྱིད་པའི་རང་ཡུལ་ཕྱོགས་ལ་ལོག་རྒྱུ་བྱུང་བ་དེ་ནི་ལྷ་མོ་ཚོགས་པའི་ཚོགས་མི་རྣམས་ཀྱིས་དུས་ནམ་ཡང་བརྗེད་པར་དཀའ་བ་ཞིག་ཏུ་གྱུར་རོ། །
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།