༄༅།།འཇུ་བྲོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-17 11:22:02 ཀློག་གྲངས།:
འཇུ་བྲོ་ཞེས་པ་ནི་བོད་ཀྱི་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་འཇུ་གྲོང་ཚོར་དར་ཁྱབ་བྱུང་ནས་ཐོགས་པའི་མིང་ཞིག་ཡིན། འཕྱོངས་རྒྱས་རྫོང་གི་ལོ་རྒྱུས་ཡུན་རིང་ལ་གནའ་རྫས་དང་གནའ་ཤུལ་མང་པོ་ཡོད་པ་སྟེ། བོད་ཀྱི་བཙན་པོའི་བང་གསོ་ཐོག་མ་དང་། བོད་ཀྱི་རྫོང་རི་ཐོག་མ་སྟེ་བཀའ་ཤག་སྲིད་གཞུང་གི་རྫོང་ཆེན་ཆེ་ཤོས(དེང་གི་རྫོང་ཆེ་བ་གཅིག་དང་མཚུངས)དེའང་འཕྱོངས་རྒྱས་རྫོང་དུ་ཡོད་པ་རེད། དེ་མིན་གཏམ་རྒྱུད་ཐོག་གི་བོད་ཀྱི་མཛེས་མ་དང་པོ་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་བྱུང་མྱོང་བ་མ་ཟད་ད་དུང་ཏ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ཡང་འཕྱོངས་རྒྱས་ལ་འཁྲུངས་པ་ཞིག་རེད། 
འཇུ་བྲོ་ནི་དམངས་ཁྲོད་ཀྱི་བྲོ་པས་འཁྲབ་སྟོན་བྱེད་པའི་རྐེད་རྔ་བརྡུང་བའི་བྲོ་ཞིག་ཡིན་པ་རེད། བྲོ་འཁྲབ་སྐབས་བེད་སྤྱོད་པའི་རྔའི་དབྱིབས་དང་རྔ་འཁྱེར་བའི་ཐབས་ཤེས་གཉིས་ཡོད་ཅིང་། འཇུ་བྲོའི་རྔའི་གཞོགས་གཉིས་ཀྱི་ཨ་ལོང་ལ་རྔ་ཐག་གཉིས་སྒྲོག་ཡོད་པ་ལས་གཅིག་རྐེད་པའི་ཐོག་ལ་བསྡམས་པ་དང་སྣེ་གཅིག་ནི་བརླ་ངོས་སུ་བསྡམས་ནས་རྔ་རྐེད་པའི་གཡོན་ངོས་སུ་དཔྱངས་ཀྱི་ཡོད། གཞིས་རྩེའི་སི་མ་བྲོ་ལ་བེད་སྤྱོད་པའི་རྔ་ནི་རྔ་ཡུ་རིང་བའི་རྔ་ཡིན་པ་དང་བྲོ་འཁྲབ་པའི་སྐབས་སུ་རྔ་ཡུ་རྐེད་པའི་འཕྲེད་ལ་གཟེར་བ་དང་གཞུང་དུ་དཔྱངས་ཀྱི་ཡོད། 
བོད་ལ་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་ཏ་ལའི་བླ་མ་དང་པན་ཆེན་རིན་པོ་ཆེ་ཕེབས་བསུའི་སྐབས་དང་དེ་བཞིན་བོད་ས་གནས་སྲིད་གཞུང་ངམ་དགོན་སྡེ་ཆེ་ཁག་གིས་མཛད་སྒོ་ཚོགས་སྐབས་དང་དམངས་ཁྲོད་བྲོ་པས་ཁྲལ་འཇལ་བའི་སྐབས་སུ་འཁྲབ་སྟོན་བྱེད་པའི་རིག་རྩལ་བྱེད་སྒོ་ཞིག་ཡིན་ཞིང་དེ་མིན་གང་བྱུང་འཁྲབ་ཆོག་གི་མེད། བྲོ་འཁྲབ་སྐབས་ཀྱི་གྱོན་གོས་དང་འཁྲབ་ཆས་ཚང་མ་བྲོ་པ་རང་ཉིད་ཀྱིས་གྲ་སྒྲིག་བྱེད་དགོས། 
བྲོའི་འབྱུང་ཚུལ་སྐོར་ལ་གཤམ་གྱི་ཤོད་སྲོལ་ཁག་ཡོད་པ་སྟེ། དང་པོ། ཤོད་སྲོལ་ལ་བྲོ་ནི་ཆེས་ཐོག་མར་ཀོང་པོ་ས་ཁུལ་ནས་དར་བ་དང་འཁེར་འཁྲབ་ཀྱི་རྣམ་པ་ཅན་ཞིག་ཡིན་པས་ས་ཆ་དེ་གའི་མི་ཚོས་ཀོང་པོའི་སྐྱིད་བྲོ་ཞེས་ཟེར་གྱི་ཡོད། ཤོད་སྲོལ་ལ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་དགོན་པ་ཐོག་མ་བསམ་ཡས་དགོན་པ་བཞེངས་པའི་སྐབས། ཉིན་མོ་མིས་བཞེངས་ནས་མཚན་མོས་འདྲེས་བཤིག་སྟེ་བཞེངས་མ་ཐུབ་པའི་མཚམས་སུ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ཀོང་པོ་ཁུལ་ནས་བྲོ་པ་༡༠༨གདན་འདྲེན་ཞུས་ནས་འདྲེ་གནོན་བྱས་པ་དང་ཁོང་ཚོའི་ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་མཐར་འདྲེ་རྣམས་ཕམ་པར་བྱས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་ཐུབ་པ་བྱུང་ཡོད་ཅེས་ཤོད་སྲོལ་ཡོད། ཤོད་སྲོལ་འདི་རིགས་ལ་མ་གཞི་ལྷ་སྒྲུང་ལྟ་བུའི་རྣམ་པ་ལྡན་རུང་དེས་སྐབས་དེར་བྲོ་འཁྲབ་ཀྱི་ཡོད་པའི་གནས་ཚུལ་གསལ་བཤད་བྱེད་ཀྱི་ཡོད།  ཤོད་སྲོལ་གཉིས་པ་དེ་ནི་ཐུ་བོད་རྒྱལ་རབས་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་བཙུན་མོ་འུན་ཤིང་ཀོང་ཇོ་གདན་འདྲེན་པའི་སྐབས་སུ་རྟེན་འབྲེལ་ཞུ་མཁན་རྒྱལ་བློན་ཚོས་ཀྱང་བྲོ་པ་གཞས་མ་འཁྲབ་ཀྱི་ཡོད་ཅིང་། དམངས་གཞས་ཁྲོད་དུའང་ནང་དོན་དེ་ཚོ་ཐོན་གྱི་ཡོད། ཤོད་སྲོལ་གསུམ་པ་དེ་ནི་བྲོ་ནི་ཨ་ཁུ་བསྟན་པས་གསར་གཏོད་མཛད་པ་དང་ཁོང་རང་ཉིད་ཀྱི་འཁྲབ་སྟོན་བྱེད་ཀྱི་ཡོད་ཅེས་ཟེར། ཨ་ཁུ་བསྟན་པ་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་ཁྲོད་ཀྱི་སྐད་གྲགས་ཤིན་ཏུ་ཆེ་བའི་མི་ཞིག་ཡིན་ཞིང་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཐོག་ཐོན་པའི་སྤྱང་གྲུང་ལྡན་པའི་མི་སྣ་ཞིག་རེད། བྱས་ཙང་དེར་ཨ་ཁུ་བསྟན་པའི་བྲོ་ཞེས་ཀྱང་ཟེར་ལ། ད་དུང་མི་ཁ་ཤས་ཀྱིས་བདེ་ཆེན་བྲོ་ཞེས་ཟེར། བདེ་ཆེན་ནི་དེང་གི་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་སུ་ཡོད་པ་དང་བདེ་ཆེན་གྱི་བྲོ་པ་རུ་ཁག་གིས་འཁྲབ་སྟོན་བྱེད་ཀྱི་ཡོད། ད་ལྟའང་བདེ་ཆེན་ཁུལ་དུ་ཨ་ཁུ་བསྟན་པའི་སྒྲུང་ཤོད་སྲོལ་ཡོད་ཅིང་ཨ་ཁུ་བསྟན་པ་ཞེས་པ་དངོས་སུ་བྱུང་མྱོང་ངམ་ཞེ་ན། ཤོད་སྲོལ་མི་གཅིག་སྟེ། མི་འགའ་ཞིག་གིས་ཨ་ཁུ་བསྟན་པ་ནི་ཏ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐབས་ཀྱི་མི་ཡིན་པ་དང་ཁོང་སྟག་རྩེ་རྫོང་བདེ་ཆེན་ཁུལ་དུ་འཁྲུངས་པ་རེད་ཅེས་ཤོད་སྲོལ་ཡོད་པ་དང་ད་དུང་མི་ཚོས་ཚངས་དབྱངས་རྒྱ་ཚོའི་གཏམ་རྒྱུད་མང་པོ་ཞིག་ཨ་ཁུ་བསྟན་པའི་སྒྲུང་ཡིན་པར་གྲགས་ཀྱི་ཡོད། ད་དུང་མི་འགའ་ཤས་ཀྱིས་ཨ་ཁུ་བསྟན་པ་ནི་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པར་ངོས་འཛིན་གྱི་ཡོད། འོ་ན་མི་ཚོས་ཁོང་ལ་ཨ་ཁུ་བསྟན་པ་ཞེས་ཟེར་དོན་ཅི་ཡིན་ཟེར་ན། རྒྱུ་མཚན་ནི་ཁོང་ལ་དགོད་བྲོ་བའི་སྒྲུང་ཞིག་ཡོད་པ་སྟེ། སྒྲུང་དེའི་མིང་ལ《གྲོ་ལ་བྲོ་སྐྱིན་འཇལ་བ》ཞེས་ཟེར། ཤོད་རྒྱུན་དུ་གནའ་སྔ་མོ་ཨ་ཁུ་སྟོན་པ་ཟེར་བའི་མི་ཞིག་ཡོད་པ་སྟེ་ལོ་གཅིག་བཟའ་འབྲུ་རྫོགས་པས་བདེ་ཆེན་གསང་སྔགས་དགོན་དུ་གྲོ་གཡར་བར་ཕྱིན་པ་དང་། བླ་མས་ཨ་ཁུ་བསྟན་པ་མཐོང་མ་ཐག་ཁྱོད་ཅི་བྱེད་ལ་འོང་ཅེས་འདྲིས་པས་ཨ་ཁུ་བསྟན་པས་བྲོ་ཏོག་ཙམ་གཡར་ལ་འོང་བ་ཡིན་ཅེས་ཞུས། ཡང་བླ་མས་ཁྱེད་ཀྱིས་གྲོ་སྐྱིན་ག་དུས་འཇལ་རྩིས་ཡོད་ཅེས་དྲིས་པར་ཨ་ཁུ་སྟོན་པས་ག་རེ་སྤྲོད་དགོས་རེད། གྲོ་སྐྱིན་བྲོ་ཡིས་འཇལ་ན་འཐུས་ཅེས་ཞུས། སྐྱིན་པ་འཇལ་བའི་དུས་ཚོད་ནི་འབྲུ་རིགས་བསྡུས་ཚར་ནས་སྤྲོད་ཀྱི་ཡིན་ཅེས་བཤད(བྲོ་ཞེས་པ་དེར་བོད་སྐད་སྒྲ་དེར་ནང་དོན་གཉིས་ཡོད་པ་སྟེ་གཅིག་ནས་ཞབས་བྲོའི་བྲོ་དང་གཉིས་པ་དེ་ནི་འབྲུ་རིགས་གྲོ་ལའང་གྲོ་ཞེས་ཟེར)དུས་སྐབས་གཅིག་འདས་རྗེས་བླ་མས་མི་བཏང་སྟེ་ཨ་ཁུ་བསྟན་པའི་ཁྱིམ་དུ་འབྲུ་བུན་ལེན་པར་བཏང་པ་རེད། ཨ་ཁུ་བསྟན་པས་དངང་སྐྲག་ཅི་ཡང་མེད་པའི་སྒོ་ནས་བདེ་ཆེན་གསང་སྔགས་དགོན་དུ་ཡོང་སྟེ་དགོན་པའི་སྒོ་རའི་ནང་དུ་བྲོ་དུམ་བུ་གཅིག་འཁྲབ་པ་རེད། བླ་མས་འདི་དང་བུན་ལོན་དབར་འབྲེལ་བ་གང་ཞིག་ཡོད་ཅེས་བཤད་པར་ཨ་ཁུ་བསྟན་པས་འབྲེལ་བ་མེད་པ་ག་ནས་ཡིན། འདི་གྲོ་ལ་བྲོ་བུན་འཇལ་བ་མ་ཡིན་ནམ། ཅེས་ཞུས་པས་བླ་མ་ཐབས་ཤེས་ཅི་ཡང་མ་བརྙེད་པ་རེད། སྐབས་དེ་དུས་ཨ་ཁུ་བསྟན་པས་དཀྱིལ་དུ་བྲོ་འཁྲབ་པ་དང་ཉེ་འཁོར་གྱི་ལྷ་འདྲེས་ཨ་ཁུ་བསྟན་པར་རམ་འདེགས་བྱས་ཤིང་བལྟས་མོ་ངོ་མཚར་ཆེན་པོ་ཡོད་པས། བླ་མ་དང་གྲྭ་པ་ཚོས་བལྟས་རྗེས་བློ་མོས་པོ་བྱུང་བ་དང་ཨ་ཁུ་བསྟན་པའི་གྲོ་བུན་འཇལ་དགོས་མ་བྱུང་བ་རེད། དེར་བརྟེན་བྲོ་དམངས་ཁྲོད་དུ་དར་བར་ངོས་འཛིན་གྱི་ཡོད། བཞི་པ་ནི་བསམ་ཡས་དགོན་པ་བཞེངས་པའི་རྟེན་འབྲེལ་མཛད་སྒོའི་ཐོག་བྲོ་འཁྲབ་པའི་གཏམ་རྒྱུད་ཡོད་པ་སྟེ། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་ཆེན་གསལ་སྣང་གིས་བརྩམས་པའི《སྦ་བཞེད》ཅེས་པའི་ནང་བསམ་ཡས་དགོན་པ་བཞེངས་གྲུབ་རྗེས་ཀྱི་བརྟེན་འབྲེལ་གྱི་མཛད་སྒོའི་ཐོག་འབངས་བློན་རྣམས་ཀྱིས་དགའ་སྤྲོ་ཆེན་པོས་བྲོ་འཁྲབ་པ་དང་ཚང་མས་བདེ་སྐྱིད་ཀྱི་གླུ་དབྱངས་ལེན་པ་རེད་ཅེས་འཁོད་ཡོད། ད་དུང་བསམ་ཡས་དབུ་རྩེའི་ཚོམས་ཆེན་གྱི་གཡོན་ངོས་འཁྱམས་ར་དང་བར་ཐོག་གི་འཁྱམས་རའི་གཞོགས་གཉིས་པོའི་གྱང་ལྡེབས་སུ་བསམ་ཡས་དགོན་པ་བཞེངས་གྲུབ་རྗེས་ཀྱི་མཛད་སྒོའི་རྣམ་པ་མཚོན་པའི་ལྡེབས་བྲིས་བྲིས་ཡོད་པ་དང་། གསོན་ཉམས་དོད་པའི་ལྡེབས་བྲིས་དེ་ཚོས་བྲོ་སྐབས་དེ་དུས་དར་བ་ར་སྤྲོད་བྱས་ཡོད། དེར་བརྟེན་བྲོ་ནི་བོད་ཀྱི་ཀོང་པོ་ཁུལ་ནས་འབྱུང་བ་དང་ལྷོ་ཁ་ཁུལ་དུ་དར་བ་ཞིག་རེད། ལྷོ་ཁ་ས་ཁུལ་ལ་ཁྱོན་བསྡོམས་རྫོང་བཅུ་གསུམ་ཡོད་པ་དང་རྫོང་བཅུ་ལ་བྲོའི་རུ་ཁག་ཡོད་པ་རེད། 
འཇུ་བྲོའི་ལོ་རྒྱུས་ཐད་ཡིག་ཐོག་གི་རྒྱུ་ཆ་མཐོང་རྒྱུ་མེད་ནའང་འཁྲབ་སྟོན་ས་ཆ་ནི་འཕྱོངས་རྒྱས་རྫོང་ཁོངས་ཀྱི་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་པའི་སྒོ་རའི་ནང་ཡིན་པ་རེད། འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་པ་ནི་སྤྱི་ལོའི་བཅོ་ལྔ་པའི་ནང་གི་ཏ་བླའི་བླ་མ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པའི་དུས་སྐབས་སུ་བཞེངས་པ་དང་དེའི་ཕྱིས་སུ་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ། སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐབས་རིམ་བཞིན་རྒྱ་བསྐྱེད་བྱས་ཏེ་ད་ལྟའི་གཞི་ཁྱོན་དེ་གྲུབ་པ་རེད། ཏ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སྐབས་ནི་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་རྩེར་གསོན་གྱི་དུས་སྐབས་ཤིག་ཡིན་པ་དང་ཆོས་ལུགས་ཀྱི་ཐད་རྒྱལ་བ་ལྔ་པ་ཆེན་པོའི་བཅུ་ལེན་བཅུ་སྲུང་ཞེས་པའི་ཆོས་ལུགས་བསྒྱུར་བཅོས་ཀྱི་ལས་འགུལ་སྤེལ་བ་དང་སྐབས་དེ་དུས་ཆོས་ལུགས་གྲུབ་མཐའ་མང་པོ་ཞིག་དགེ་ལུགས་པར་བསྒྱུར་ཞིང་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་འཕེལ་རིམ་ཐད་ནས་དཔགས་ན་འཇུ་བྲོ་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་འབྱུང་བ་དང་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་དར་ནས་ད་བར་དུ་ཁྱབ་གདལ་བྱུང་ཡོད་པ་རེད།
འཇུ་བྲོའི་འཁྲབ་སྟོན་གྱི་དུས་ཚོད་དང་ས་གནས་གང་དང་གང་ལ་ཡིན་ཞེ་ན། བོད་ལུགས་ཀྱི་ལོ་འཁོར་གསུམ་རེའི་ཟླ་བ་བཅུ་གཅིག་པའི་ནང་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་གྱི་སྒོ་རའི་ནང་འཁྲབ་སྟོན་བྱེད་ཀྱི་ཡོད་ཅིང་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་པའི་སྡེ་པ་སྐབས་བརྗེ་བའི་དུས་ལ་རྟེན་འབྲེལ་འཁྲབ་སྟོན་པའི་རུ་ཁག་ནང་ལ་འཕྱོངས་རྒྱས་རྫོང་གི་སྟོད་པ་ཤང་དང་། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་ཧ་ལ་སྒང་ཤང་གི་བྲོའི་རུ་ཁག ད་དུང་སྣེ་གདོང་རྫོང་གི་བཀྲ་ཤིས་སྒང་ཤང་གི་ཡར་ཀླུང་བཀྲ་ཤིས་ཞོལ་པའི་འབག་དཀར་པོའི་ལྷ་མོ་རུ་ཁག་གིས་ཁྱོན་ཉིན་མོ་དྲུག་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད། ཉིན་དང་པོ་དང་གཉིས་པའི་སྔ་དྲོ་འཇུ་བྲོའི་འཁྲབ་སྟོན་འགོ་ཚུགས་པ་དང་ཉིན་གསུམ་པ་དང་བཞི་པ་གཉིས་ཀྱི་སྔ་དྲོ་ཧ་ལ་སྒང་ཤང་གི་བྲོ་པས་འཁྲབ་པ། དེ་བཞིན་ཉིན་ལྔ་པ་དང་དྲུག་པའི་སྔ་དྲོ་སྟོད་པ་ཤང་གི་བྲོའི་རུ་ཁག་གིས་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད། བྲོ་པ་རུ་ཁག་གསུམ་པོ་དེ་དག་གིས་རྟེན་འབྲེལ་མཚོན་ཕྱིར་འཁྲབ་སྟོན་ཏོག་ཙམ་མ་གཏོགས་བྱེད་ཀྱི་མེད་ཅིང་། དེ་མིན་གྱི་ཉིན་དྲུག་པོ་ཚང་མར་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་རུ་ཁག་གིས་ལྷ་མོ་འཁྲབ་སྟོན་བྱེད་ཀྱི་ཡོད། ཁོང་ཚོས་འཁྲབ་སྟོན་བྱེད་པའི་གཙོ་བོའི་འཁྲབ་ཚན་ནི་ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ཡིན་པ་དང་དེ་ནི་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་ཚོགས་པའི་འཁྲབ་ཚན་ལེགས་ཤོས་དེ་ཡིན་པ་རེད། འཇུ་བྲོ་རུ་ཁག་གིས་ལོ་གསུམ་རེའི་ཐོག་ལ་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་པར་འཁྲབ་སྟོན་ཐེངས་གཉིས་རེ་བྱེད་པ་དང་ལོ་ལྟར་གྱི་དབྱར་དུས་ས་ཆ་དེ་གའི་ཧྲེ་ཁང་ཞེས་པའི་ས་ཆར་འཁྲབ་སྟོན་ཐེངས་གཅིག་བྱེད་པ་དང་དུས་གཞན་དུ་འཁྲབ་སྟོན་བྱེད་ཆོག་གི་མེད། འཁྲབ་སྟོན་བྱས་ཟིན་རྗེས་ས་ཆ་དེ་གའི་འགོ་པ་ཚོས་ནས་དང་མར། ཇ་སོགས་ཟས་རིགས་ཕུན་སུམ་ཚོགས་པོ་འགྱེད་བརྒྱབ་ནས་ས་ཆ་དེ་གའི་འགོ་པ་ཚོས་བྲོ་པའི་འཁྲབ་གླ་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱེད་ཀྱི་ཡོད་ལ་འཇུ་བྲོའི་འཁྲབ་སྟོན་བྱེད་པ་ནི་བཀྲ་ཤིས་བདེ་ལེགས་དང་རྟེན་འབྲེལ་མཚོན་བྱེད་པའི་བྲོ་ཞིག་ཡིན་པ་རེད། 
འཇུ་བྲོའི་འཁྲབ་སྟོན་གྱི་རྣམ་པ་དང་རྩ་བའི་ཁྱད་ཆོས་ནི་འཁྲབ་སྟོན་གྱི་རུ་སྟར་དེ་བཞིན་སྒོར་སྒོར་བྱས་ཏེ་གཡས་བསྐོར་རྒྱག་པ་དང་སྟར་པ་བསྲེས་པ། དེ་བཞིན་མི་གཉིས་ཁ་སྤྲོད་བྱས་ནས་འཁྲབ་པ་སོགས་ཡིན། རྩ་བའི་ཁྱད་ཆོས་ནི་དགའ་སྤྲོ་འཁོལ་བ་ཞིག་ཡོད། རྩ་བའི་སྟངས་སྟབས་ནི་རྔ་བརྡུང་ནས་བྲོ་འཁྲབ་པ་དང་། རྔ་བརྡུང་ནས་རྐང་པ་གཅིག་གིས་བསྐོར་བ་རྒྱག་པ། རྔ་བརྡུང་པ་དང་པུས་མོ་འགུག་ནས་འཁྲབ་པ། རྔ་བརྡུང་ནས་བསྐོར་བ་བརྒྱབ་ནས་འཁྲབ་པ། དེ་བཞིན་རྔ་བརྡུང་པ་དང་སྐྲའི་ལྕང་ལོ་གཡུགས་པ་སོགས་ཡོད། བྲོ་ལ་གནམ་བྲོ་དང་ས་བྲོ། བར་བྲོ་བཅས་གསུམ་ཡོད་པ་དང་བྲོ་འཁྲབ་པའི་སྐབས་ལ་སྐྲ་ལོ་གཡུགས་སྐབས་ལུས་སྟོད་ཀྱི་མཐོ་དམན་བར་མ་གསུམ་གྱི་ཁྱད་པར་འབྱེད་ཕྱིར་འདི་ལྟར་དབྱེ་བ་ཡིན་པ་རེད། ནང་བྲོ་འཁྲབ་ནས་སྐྲ་ལོ་གཡུགས་པའི་སྐབས་ལུས་སྟོད་དྲོང་པོར་སྡོད་པའི་ཐོག་བྲང་ཁོག་ཡན་ལ་སྐྲ་ལོ་གཡུགས་གི་ཡོད་པ་རེད། ས་བྲོ་འཁྲབ་པའི་སྐབས་ལུས་སྟོད་སྒུར་ནས་སྐྲ་ལོ་གཡུགས་གང་ཐུབ་བྱེད་པ་དང་སྐྲ་ལོ་ས་ཐོག་ལ་འཁེལ་བར་བྱེད་པ། བར་བྲོ་འཁྲབ་ནས་སྐྲ་ལོ་གཡུགས་པའི་སྐབས་ལུས་སྟོད་མདུན་དུ་ཏུའུ་༩༠ལྷག་གཡུགས་ཀྱི་ཡོད། འཇུ་བྲོ་ནི་བར་བྲོའི་ཁོངས་སུ་གཏོགས་ཀྱི་ཡོད། འོན་ཀྱང་འཇུ་བྲོ་འཁྲབ་མཁན་གྱི་སྐྲའི་དབྱིབས་བྲོ་པ་རུ་ཁག་གཞན་པ་དང་མི་མཚུངས་པར་དེའི་སྐྲ་དབྱིབས་ནི་སྐྲ་ལོ་གཞན་དག་གཟེངས་པའི་ཐོག་སྐྲའི་རྩེ་ལ་སྐྲ་གཞུག་གིས་བསྡམས་ཀྱི་ཡོད་པས་སྐྲ་གཡུགས་སྐབས་བབ་ཆགས་བལྟ་སྣང་དོད་ལ་དམིགས་བསལ་དོད་པོ་ཞེ་དྲག་ཡོད་པ་རེད། 
འཇུ་བྲོའི་འཁྲབ་སྟོན་གྱི་གོ་རིམ་དང་ནང་དོན། དང་པོ། སྐྱིད་སྟོད་འཁྲུང་འཁྲུང(སྐྱིད་སྟོད་ཁྲོམ་གཞུང་གི་ལྟད་མོ་བ་བལྟས་མོར་ཡོང་གི་ཡོད།)གཉིས་པ། ཕྱག་འཚལ་མཆོད་པ། (ཕྱག་འཚལ་ནས་ལྷ་ཚོགས་མཆོད་པ)གསུམ་པ། ས་བཅག་མདོ་སྟོད། (ས་ཕྱག་པའི་ཞབས་བྲོ)བཞི་པ། སློབ་དཔོན་པད་མས་བྲག་ལ་ཕུར་པ་བརྒྱབ་པ། ལྔ་པ། ཤྭ་ཕོ་ཤྭ་མོ། དྲུག་པ། བསམ་ཡས་ཟུར་བཞི། བདུན་པ། རྒྱ་མ་སྟེང་གི་བྲོ། (རྒྱ་མ་སྟེང་ནི་དེང་གི་འཕྱོངས་རྒྱས་ཁུལ)བརྒྱད་པ། ལྕགས་སྟག་ལོ་མགོ(ལྕགས་སྟག་ལོའི་ལོ་འགོར་འཁྲབ་པའི་བྲོ)དགུ་པ། ཨ་བ་ལན་ཙེ(ཨ་ཁུ་ནེ་ཙོའི་སྟངས་སྟབས)བཅུ་པ། སེང་གེའི་གཡུ་རས(གཡུ་རས་ངོམས་པའི་སེང་གེ)བཅུ་གཅིག་པ། ལམ་འགྲོས་སོགས་ཡིན། 
འཇུ་བྲོ་འཁྲབ་མཁན་མི་སྣ་དང་མི་གྲངས་ཀྱི་ཐད། བྲོ་པ(རྐེད་རྔ་བརྡུང་ནས་འཁྲབ་མཁན)སྐྱེས་པ་བརྒྱད་ཡོད་ཅིང་ཁོང་ཚོས་བྲོའི་འཁྲབ་ཆས་གྱོན་ནས་རྔ་རྐེད་པའི་ཐོག་གཞུང་དུ་གཟེར་ཐོག་ལག་པ་གཉིས་ཀྱིས་རྔ་ཡུ་བཟུང་བ་དང་དེའི་ཁྲོད་ཀྱི་བྲོ་དཔོན་གཅིག་གིས་བྲོ་འཁྲབ་མཁཔ་ཤོས་དང་བྲོ་པ་དམངས་ཀྱི་ཁྲོད་དུ་དབང་གྲགས་ངེས་ཅན་ཡོད་པ་ཞིག་འདེམས་ནས་འཁྲབ་ཏུ་འཇུག་གི་ཡོད་པ་དང་བྲོ་འཁྲབ་པའི་སྐབས་སུ་བྲོ་དཔོན་མདུན་ཤོས་སུ་སྡོད་ཀྱི་ཡོད། ཨ་ར་དང་ཨ་ར་བས(སྨྲ་ར་ཅན་ནམ་ཨ་ར་ཡོད་མཁན)སྤྱིར་ཨ་ར་ཅན་གྱི་འབག་གྱོན་གྱི་ཡོད། མི་སྣ་དེ་དམངས་ཁྲོད་ཀྱི་བྲོ་གར་ཁྲོད་དུ་ཡོད་པ་མ་ཟད་ད་དུང་ཆོས་ལུགས་ཀྱི་ཆོ་ག་འཆམ་གྱི་ནང་དུའང་ཡོད། འོན་ཀྱང་མི་སྣ་དེ་ཚོའི་མིང་དང་མི་གྲངས་ཀྱི་ཐད་གཅིག་པ་མིན་པ་རེད། འཇུ་བྲོའི་ནང་གི་ཨ་ར་བས་མཚོད་ཁྲ་འཕྲེད་ཐིག་ཅན་གྱི་སྣམ་བུའི་ཕྱུ་པ་གྱོན་པ་དང་སྟོད་དུ་བོད་བཟོའི་སྟོད་ཐུང་ཚོས་གཞི་མི་འདྲ་བ་གསུམ་གྱོན་པ། རྐེད་རྒྱབ་ཏུ་རྒྱ་གྲི་ཕུ་ཤུབས་འདོགས་པ། (རྒྱ་གྲི་དང་ཕོར་པ་རང་འགྲིག སྤྱི་ཚོགས་རྙིང་པའི་སྐབས་སྐུ་དྲག་ཚོས་རྐེད་དུ་གཟེར་བའི་རྒྱ་གྲི་དང་ཁོག་ཙེ ཕོར་པ་སོགས་ཀྱི་སྤྱི་མིང་ཡིན)མདུན་དུ་སྨྱུག་ཤུབས་གཟེར་བ་དང་སྣག་བུམ་དང་མཚོན་ཁྲ་ཅན་གྱི་སྣམ་བུའི་ལག་རས་འདོགས་པ། སྒལ་པར་མཚོན་སྣའི་ཁ་བཏགས་སྒྲོག་ཅིང་རྐང་པར་ལྷམ་གཟོན་པ་གྱོན་པ། བྲང་ཁོག་ཏུ་གའུ་འདོགས་པ། ལག་གཡས་པས་མདའ་དར་བཟུང་བ་དང་མགོ་ལ་ར་ལྤགས་ཀྱིས་བཟོས་པའི་འབག་གྱོན་པ་བཅས་བྱེད་ཀྱི་ཡོད་ཅིང་། དེའི་འབག་ནི་འབག་དཀར་པོའི་ལྷ་མོའི་ནང་གི་ཨ་རའི་འབག་དང་འདྲ་པོ་ཡོད། དེར་འཁྲབ་སྟོན་པ་སྐྱེས་པ་༨ནས་༡༠བར་ཡོད་པ་དང་འཁྲབ་སྟོན་སྐབས་སུ་བྲོ་དུམ་བུ་གཅིག་འཁྲབ་ཟིན་རྗེས་དེ་མུར་ཨ་ར་བས་གླུ་གར་ཞིག་འཁྲབ་སྟོན་བྱེད་ཀྱི་ཡོད། (ཨ་རའི་གླུ་གར་འཁྲབ་སྟོན་གཙོ་བོ་ནི་ས་གནས་དེ་གའི་དམངས་ཁྲོད་གླུ་གར་གཞས་ཆེན་དང་སྒོར་གཞས་ཡིན)བྲོ་འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ནང་ཨ་རའི་འཁྲབ་སྟོན་གྱིས་མི་རྣམས་ཀྱི་སྤྲོ་སྣང་འཕེལ་དུ་འཇུག་པ་དང་འཁྲུག་ཏུ་གཏོང་བ། ངལ་གསོ་ཐུབ་པ། འཁྲབ་སྟོན་གྱི་བར་གསེང་སྟོང་ཆར་མི་ལུས་པ་སོགས་ཀྱི་ནུས་པ་ཐོན་གྱི་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད།
ངོ་མཚར་ལྡན་པའི་དམངས་ཁྲོད་ཀྱི་བྲོ་གར་འཇུ་བྲོ་འདི་རིགས་ནི་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་རྟེན་འབྲེལ་མཛད་སྒོ་ཚང་མའི་ཐོག་ལ་མཐོང་རྒྱུ་ཡོད། 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།