མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་འབྲོག་པའི་གཉེན་སྲོལ་
སྤྱིར་བོད་ཀྱི་ཁ་དཔེར། ཕོ་རེ་གམ་ན་མོ་རེ། མོ་རེ་གམ་ན་ཐབ་རེ་ཟེར་བ་ལྟར། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་བཅས་ལ་ཐུན་མོང་མ་ཡིན་པའི་བོད་རང་གི་གཉེན་སྲོལ་བཟང་བ་རེ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར། ལུང་བ་རེ་ལ་ཆུ་མིག་རེ། ས་ཆ་རེ་ལ་ལུགས་སྲོལ་རེ། སྡེ་བ་རེ་ལ་བཤད་ལུགས་རེད། ཁྱིམ་ཚང་རེ་ལ་འགྲོ་ལུགས་རེ་ཟེར་བ་ལྟར་འདིར་མདོ་སྨད་ཁྲི་ཤོར་རྒྱལ་མོའི་ཉེ་འཁོར་གྱི་འབྲོག་པའི་གཉེན་སྲོལ་སྐོར་རགས་ཙམ་གླེང་ན།
དང་པོ། གཉེན་སློང༌།
མཚོ་སྔོན་པོའི་འགྲམ་རྒྱུད་དུ་འཚོ་གཞེས་གནང་བཞིན་པའི་འབྲོག་པ་རྣམས་ཀྱི་གཉེན་སྒྲིག་ལ། རང་དབང་རང་འཐད་ཀྱིས་སྒྲིག་པ། གཞན་གྱིས་ཁ་དྲོངས་པ། ཤ་ཉེ་རིང་དང་ཕ་མས་བྱིན་ཏེ་སྒྲིག་པ་བཅས་སྣ་ཁ་གསུམ་ཙམ་འདུག་པ་དང༌། དེ་ནི་གཉེན་སློང་བྱེད་ཀྱི་ཐོག་མའི་རྣམ་པ་ལྟ་བུར་སྣང༌།
༡. རང་དབང་རང་འཐད་ཀྱིས་གཉེན་སྒྲིག་པ་ཞེས་པ་ནི་བོད་སྲིད་པའི་ཁ་དཔེར། ཕོ་ལོ་བཅོ་ལྔས་དགྲ་ཐུབ། མོ་ལོ་བཅུ་དྲུག་གིས་གནས་ཐུབ་ཟེར་བ་ལྟར་ལོ་བཅོ་བརྒྱད་དང་བཅུ་དགུ་ནས་བཟུང་ལང་ཚོ་དར་ལ་བབས་པའི་ན་ཆུང་ཕོ་མོ་རྣམས་ཀྱིས་རང་དབང་རང་འཐད་ཀྱིས་རང་བློར་འབབ་པའི་དགའ་རོགས་བསྒྲིགས་ཆོག་པ་དང༌། དུས་ཡུན་ངེས་ཅན་ཞིག་གི་ནང་ཕན་ཚུན་ལ་བརྩེ་དུང་གི་ས་བོན་ཡང་ཡང་གཏོར་ཏེ། ཤི་ན་མཉམ་འཆི་དང་གསོན་ན་མཉམ་སྐྱིད་ཅེས་པའི་བརྩེ་དུང་ཟབ་མོ་མི་འགྱུར་རྡོ་རྗེའི་མནའ་ཡིས་མནན་ཡོད་པ་ཞིག་ཡིན། དེ་གཉིས་ཕན་ཚུན་འཕྲད་པའི་གོ་སྐབས་ནི་དགོང་མོ་མ་གཏོགས་ཕལ་ཆེར་མེད་ཅེས་བརྗོད་ཆོག་ལ། དེ་ལྟར་ཕར་འགྲོ་ཚུར་འགྲོའི་དུས་ཡུན་རིང་པོ་ཞིག་གི་རྗེས་སུ་སྐྱེས་པས་རང་ལ་དགའ་རོགས་ཡོད་ཚུལ་དང་དེ་ཚེ་གཅིག་གི་བཟའ་ཟླ་བྱ་རྒྱུའི་འཕྲིན་བཟང་དེ་ཕ་ལ་བཤད་ངེས་ཡིན། དུས་དེ་ནས་བཟུང་གཉེན་གསར་བ་ཞིག་འབུས་འགོ་བརྩམས་པ་དང་ཁྱིམ་ཚང་དེ་རྒྱུན་ལྡན་ལྟར་ལྷོད་ཡེངས་མིན་པར་བྲེལ་བྲེལ་འཚུབ་འཚུབ་ཀྱིས་མནའ་མ་ལེན་པའི་མགོ་རྔ་བར་གསུམ་ལ་མ་ཁོམ་པར་འདུག་གོ །
དེ་ནས་ཡང་སྐྱེས་པ་དང་བུ་མོ་གཉིས་ཀྱིས་བཟའ་རྟགས་བརྗེ་རེས་ཏེ་ཡང་བསྐྱར་སྐྱིད་ཀྱི་རྟ་ཕོར་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཤིང་ཕན་ཚུན་བར་སྐ་རགས་བརྗེས་ནས། ཉི་བཟང་སྐར་བཟང་ལ་བརྟེན་ནས་རང་ཁྱིམ་དུ་ཆུང་མར་བསུ་བ་ཡིན། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་འབྲོག་པ་ཚོར་མཚོན་ན་མུན་རུབ་རྗེས་ད་གཟོད་བག་མ་ཁྲིད་པའམ་བུ་མོ་རྐུ་བའི་སྲོལ་ཡོད། བུ་མོ་རྐུ་བ་ཞེས་པ་ཡང་སྙིང་ཅི་ཞིག་ཡིན་ཞེ་ན། ཉིན་འགའི་སྔོན་དུ་སྐྱེས་པས་བུ་མོ་ལ་བཟའ་རྟགས་བརྗེ་བའི་སྐབས་སུ་ཚིག་གོང་བའི་ནང་ནས་བརྗོད་དེ། རྟགས་ཕུ་རུང་ནང་ནས་བརྗེས་ཟེར་བའི་དཔེ་ལྟར་ཉི་མ་སྐར་མ་ཐག་བཅད་དེ་ས་རུབ་རྗེས་ལེན་དུ་འོང་རྒྱུའི་གྲོས་ཐོག་གཅིག་ལ་བཞག་པ་ན། སྐྱེས་པ་ཚང་གིས་ཀྱང་གྲ་སྒྲིག་སྔ་མོ་ནས་བྱེད་པ་དང༌། བུ་མོས་ཀྱང་ཉིན་འགའི་སྔོན་ནས་བཟུང་ཁ་བཀུག(ཟ་མ་མ་ཟོས་པར་བསད་ན་ཤ་མདངས་ཇེ་དྭངས་ལ་འགྲོ་བའི་བཤད་སྲོལ་མཆིས)སྟེ་དགོང་མོ་དེར་རེ་ལྟོས་བྱེད་བཞིན་མཆིས། དགོས་མོ་དེ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་སྟེ། གལ་ཏེ་བུ་མོའི་ཕ་མ་གཉིས་ཀྱིས་ཚོར་ཚེ་བུ་མོ་སྐུ་ཐུབ་པ་ཕར་ཞོག རང་སྡེའི་མིས་ལག་སྟོང་མཆན་ལ་བཙིར་ནས་སླེབས་བྱུང་ཞེས་མི་ཁར་འུར་ངེས་ཡིན། དེ་བས་དགོང་མོ་དེར་རྐང་འཇབ་ལག་འཇབ་ཀྱིས་ངེས་པར་དུ་ཉེན་ཁ་དེ་ལས་རྒྱལ་དགོས་པས། སྐྱེས་པ་རང་གཅིག་པུ་བུ་མོ་ཡོད་སར་འགྲོ་བ་ལས་གཞན་རོགས་པ་རྣམས་སེམས་བྲེལ་ཟིང་ངང་རྟ་བཟུང་ནས་སྒུག་འདུག་དགོས། སྐྱེས་པ(མག་མགར)ཉིད་འཇབ་འཇབ་ངང་བུ་མོའི་མལ་ཁང(སྔོན་ཆད་འབྲོག་པ་རྣམས་སྦྲ་ནང་དུ་བསྡད་ཡོད་སྟབས་ཕ་མས་ཚོར་བའི་ཉེན་ཁ་ཧ་ཅང་ཆེ)དུ་འཛུལ་ཏེ་མགྱོགས་མྱུར་གྱིས་བུ་མོར་གོས་ལྭ་གསར་བ་བསྐོན་རྗེས་མཉམ་དུ་ཕྱིར་འབུད་པ་དང་མོ་རང་གི་མལ་སའི་ལྭ་བ་རྙིང་བའི་སྟེང་ཁ་བཏགས་དྲི་མ་མེད་པ་ཞིག་བཞག་པ་དེས་བུ་མོ་གནས་ལ་བྲོས་སོང་བ་ཤེས་ཐུབ་སྟེ། དེ་ནི་རང་དབང་རང་འཐད་ཀྱི་སྐབས་ཙམ་མོ། །
༢. གཞན་གྱིས་ཁ་དྲོངས་ནས་གཉེན་སྒྲིག་པ་ཞེས་པ་ནི་བཤད་ཚུལ་མ་གཅིག་པ་མ་གཏོགས་མཚམས་སྦྱོར་དང་ངོ་སྤྲོད་བྱས་པ་དེ་ཡིན། དེ་ནི་སྐྱེས་པ་དང་བུ་མོ་གཉིས་ཀྱིས་དེ་སྔ་གཅིག་གིས་མི་ཤེས་ཤིང༌། ཕན་ཚུན་བར་ཆ་མེད་རྒྱུས་མེད་ཡིན། ཡིན་ནའང་དེ་གཉིས་སྦྲེལ་བྱེད་ཀྱི་ཐག་པ་ལྟ་བུ་ནི་གྲོགས་པོའམ་ཤ་ཉེ་རིང་གང་རུང་ཞིག་ཡིན་ངེས་ལ། དེས་བུ་མོར་དེ་ཚང་གི་ཁྱིམ་གྱི་འབྱོར་ཕྱུག་དང༌། རིགས་རུས་པ། ལྷ་སྲུང་མ། སྐྱེས་པའི་ཕོ་སྒོ། ཨ་ནེའི་བཟང་ཆ། ཨ་མྱེའི་བློ་བཀོད་སོགས་གནས་ཚུལ་ལེགས་ཚུལ། དེང་ཕྱིན་ཆད་མ་སྐྱིད་མ་བདེ་ན་ང་ཡིན་ཞེས་མག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com