སྨྱུ་གུའི་རྒྱུ་དང་སྨྱུག་བཟོའི་ཤེས་བྱ།
དེ་ལ་བྲི་སྨྱུག་འོས་པའི་སྨྱུག་མ་ངེས་འཛིན་དང་སྨྱུ་གུ་ལེགས་བཅོས་བྱ་ཐབས་ནི། སྨྱུག་མ་ལ་རིགས་མང་པོ་ཡོད་པས་སྨྱུ་གུའི་རྒྱུར་འོས་པའི་སྨྱུག་མ་ནི། ནང་གི་སྦུ་གུ་ཕྲ་ཞིང་བཏེགས་ན་ལྕི་བ། སྡོང་བོ་ཆེར་སྐྱེས་པའི་སྨྱུག་མ་ཤ་མཐུག་ཅིང་མ་འཆུས་པ། མདོག་སེར་ཞིང་ཕྱི་རྩེ་འཇམ་ལ་འོད་དང་ལྡན་པ། རྒྱུ་སྲ་བས་སོས་མནན་ན་འདྲེད་པར་འགྱུར་བ་དེ། ཡིག་རིགས་དང་གསེར་དངུལ་མཚལ་སྣག་ཐམས་ཅད་ལ་མཆོག་ཏུ་བཤད་དོ།།
སྨྱུག་རྒྱུ་སྲ་བར་བཅོས་ཐབས་སུ། ཡུན་རིང་དུད་ཁར་བཞག བ་རྐང་རྙིང་པ་རབ། མ་རྙེད་ན་རྐང་མར་རྙིང་པས་བྱུགས་ནས་བརྔོས་མ་ཐག་གི་ཡོས་ཚན་ནང་དུ་བཅུག་ནས་ལེགས་པར་འཕྱིས་ན་སྲ་མཁྲེགས་རུས་པ་ལྟ་བུར་འགྱུར་རོ།།
གཞན་ཡང་འཇང་སྨྱུག་ཅེས་པའི་མདོག་ནག་པོ་སྦུ་གུ་ཅན་ནི་སུབ་ཅེས་ཏེ་དཀྱུས་ཡིག་འབྲི་བ་ལ་བདེ་བ་དང་། ལྕགས་སྨྱུག་ནི་གསུང་རབ་གཏོས་ཆེ་རྣམས་ལ་བཟང་བ་དང་། ལྷོ་སྨྱུག་རོང་སྨྱུག་སྤུས་ལེགས་དག་གིས་ཀྱང་སྨྱུག་གུར་འོས་པ་སོགས་བཤད་ཀྱང་། སྔོན་བྱོན་མཁས་པས་མཛད་པའི་གསུང་བཟོའི་བསྟན་བཅོས་སུ་གསལ་བ་ཙམ་ལས་དེང་དུས་སུ་སྨྱུག་མའི་རིགས་འདི་དག་ངེས་ཟིན་མཁསན་དང་། དེ་མཚུངས་ཀྱི་ལས་ཀ་ཞིབ་ཚགས་ཐུབ་མཁན་བཟོ་བ་ཉུང་མོད། མདོར་ན་སྨྱུ་གུའི་རྒྱུ་ནི་སྨྱུག་ཤ་མཐུག་ཅིང་སྲ་མཁྲེགས་ཅན་ཞིག་ངེས་པར་དགོས་སོ།། སྨྱུག་གུ་བཟོ་ཐབས་ལ། མཐོ་གང་བས་མི་རིང་ཞིང་མཐེབ་མཛུབ་བས་མི་ཐུང་བ། རན་པ་འཛིན་བདེར་གཞོག་རྩེ་སོར་ཕྱེད་གཉིས་གཞལ་བའི་སར་ཁམས་གཉིས་གཞོག སུམ་གཉིས་རྫིང་ཞགས་དང་སུམ་གཅིག་མཆུ་བྱས་ཤིང་། མགྱོགས་བྲིས་འབྲི་བར་གས་ཆེན་དང་ལེགས་པར་འབྲི་བར་གས་ཆུང་བྱས་ཏེ་རྫིང་འདྲ་ཡུར་བ་འདྲ་བ་ཞེས་སྨྱུག་རྒྱབ་ནས་བལྟས་ན་གཡས་གཡོན་ཆ་སྙོམས་པ། རྫིང་མཆུ་ཧ་ཅང་མི་སྲབ་ཅིང་བཅད་ཁ་སྟེ་མཆུ་ཅུང་ཟད་གསེག་པར་བཅད། ཚེག་བྲིས་འབྲི་ན་མཉམ་པར་བཅད།། ཟླུམ་བྲིས་འབྲི་ན་ཉིས་ཆོད་བྱ།། སྨྱུག་ཁ་ཆིག་ཆོད་བྱས་གྱུར་ན།། ཡི་གེ་ལེགས་པའི་གནད་གཅིག་ཡོད།། སྨྱུག་ཁ་ཉིས་ཆོད་བྱས་གྱུར་ན།། སྨྱུག་ཁ་སྲ་བའི་གནད་ཅིག་ཡོད།། གསུམ་ལྡན་ལྔ་འཛོམས་ཞེས་པའི་དོན།། སྨྱུག་གུ་མཆུ་ལ་མཁས་གྱུར་ན།། ཡི་གེའི་འབྲི་ལ་མཁས་པར་བཤད།། ཅེས་པ་སོགས་ནི་སྨྱུག་མའི་སྨྱུ་གུ་བཟོ་ཐབས་ཁོ་ན་ཙམ་ཡིན་གྱི་དེང་དུས་ཀྱི་ལྕགས་སྨྱུག་སྣ་ཚོགས་དང་། རང་འབབ་ཆུའི་སྨྱུག་གུ་དང་། བོད་ཀྱི་ཡི་གེ་འབྲི་བ་ལའང་འབྱོར་བའི་མི་རིགས་ཀྱི་སྨྱུ་གུ་ལ་སོགས་སྨྱུག་གསར་རྣམ་གྲངས་མང་པོ་དག་ལ་མ་ཡིན་ཡང་། བོད་ཀྱི་ཡིག་གཟུགས་ཚད་དང་ལྡན་པ་ཞིག་འབྲི་བར་འདོད་ན་སྨྱུག་མའི་སྨྱུ་གུ་ལས་ལྷག་པ་མེད་དོ།། 《བཟོ་གནས་སྐྲ་རྩེའི་ཆུ་ཐུགས》ལས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com