གླིང་སྒྲུང་ལས་མདའ་གཞུའི་སྐོར་ལ་དཔྱད་པ།
རྩོམ་པ་པོ།:དབང་ཆེན་ཚེ་རིང་།
ཡོང་ཁུངས།:ཀྲུང་གོའི་གླིང་སྒྲུང་ཞིབ་འཇུག་དྲ་བ།
དུས་ཚོད།:2010-11-03 15:53:00
ཀློག་གྲངས།:
གསུམ་པ། མདའ་གཞུའི་ཕན་ནུས་བཤད་པ།
གཅིག མདའ་གཞུ་ནི་རྒྱལ་དོན་དང་ནུས་རྩལ་བཟང་ངན་ལ་རྒྱལ་སྐུག་འཇོག་པའི་རྣམ་པ་ཡིན་པ། གླིང་གི་ས་ཆར་མཚོན་ན་དུས་རྒྱུན་གྱི་འཚོ་བ་དང་ཡང་ན་དགའ་སྟོན་རོལ་རྩེད་ལ་གཡེང་བའི་སྐབས་སུ་མདའ་རྩལ་འགྲན་ཏེ་མདའ་སྐུགས་འཇོག་པའི་སྲོལ་ཆགས་ཡོད། དེའང་ད་ལྟ་མདོ་སྨད་ས་ཆར་མཚོན་ན་མདའ་རྩལ་འགྲན་པའི་སྐབས་སུ་མཐེབ་རྩལ་ཆེ་ཆུང་དབང་གིས་གླིང་གི་དཔའ་རྟུལ་ཞིག་གི་མིང་འདོགས་སྲོལ་ཡོད་པ་དང་། དཔེར་ན་དཔའ་རྟུལ་གཉིས་ཀྱི་མིང་བཏགས་ཏེ་ཕན་ཚུན་བར་ལ་མདའ་སྐུགས་འཇོག་པའི་སྲོལ་ཆགས་ཡོད། དེའང<<རྨ་ཤེལ་བྲག>>ལས། གོ་ཁྲབ་འཁོར་གསུམ་བཟང་ཤེར་གྱིས། །ཆས་གོས་སྒ་བཀྲ་གྲ་སྒྲིག་གྱིས། །དཔུང་ཚོགས་བཞི་ཡི་སྒྱུ་རྩལ་དང་། །མདའ་མདུང་གྲི་དང་ཞགས་པ་སོགས། །འཕོང་དང་རྩལ་གྱི་སྦྱང་པ་གྱིས། །ཞེས་པ་ལས་དམག་དཔུང་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུའང་མདའ་ལ་སོགས་པར་ཉིན་རེའི་ལས་དོན་ཡིན་པ་ཤེས་ཐུབ། ཡང<<ཧོར་གླིང་གཡུལ་འགྱེད>>དུ། སྤྱི་དཔོན་ཁྲ་རྒན་གྱིས་རྒྱལ་སྲས་སྣང་ངུ་གཡུ་སྟག་བཀྲོངས་རྗེས་ཧོར་གུར་དཀར་རྒྱལ་པོ་སྤྲོ་བ་འབུམ་གྱིས་བརྟས་ཏེ་ཧོར་དམག་རྣམས་ལ་སྟོན་མོ་བསྒྲིགས་ནས། མདའ་ཁ་དཔའ་རྩལ་གྱི་རྒྱུགས་བླངས་ཚེ། ཧོར་ཤན་པའི་གཞོན་གྲས་ནས་གུར་སེར་གྱི་ཁ་འོག་ཤན་ཆུང་དཔའ་བརྟན་དར་ལུ་ཟེར་བ་དེས་མདའ་གཅིག་གིས་ཤིང་སྡོང་མི་ཚད་དགུ་ལ་ཁྲབ་རེ་བསྐོན་པ་ཕིགས་ཐུབ་པ་བྱུང་བས་མིང་ཡང་ཐང་རྩེ་གཡུ་འབྲུག་ཏུ་བཏགས་ཏེ་གཡོན་རུའི་དམག་དཔོན་དུ་བསྐོས། འདི་ལས་གླིང་གིས་ཕ་རོལ་བ་རང་གི་མངའ་ཁོངས་སུ་བསྒྱུར་རྗེས་གསོལ་སྟོན་རྒྱ་ཆེན་པོ་མཛད་དེ་མདའ་རྩལ་འགྲན་པ་མངོན་པར་བསྟན་ཡོད། གཞན་ཡང<<ཨ་གྲགས་གཟི་རྫོང>>དུ། སྤྱི་དཔོན་གྱིས་ཚོ་དྲུག་གླིང་རུའི་དཔའ་རྟུལ་རྣམས་སྟོན་མོ་དང་ཡོ་ལང་འདི་ཙམ་ལ་སྐུགས་པ་གྲལ་འཚོགས་གྱིས་མགོ་སྒུར་ནས་བསྡད་པས་ཅི་ལ་ཕན། ཆང་འཐུང་ལ་འུར་སྒྲ་དང་། རྟ་རྒྱུགས་ལ་ཐག་སྒྲ་དགོས་ཟེར་བ་ཡིན་པས་གླིང་གི་སྡེ་བ་ཆེ་བཞིས་མདའ་སྐུགས་རེ་ཞོག སྐུགས་ཤོར་ཚེ་སྟོན་མོ་རེ་གཏོང་དགོས་ལུགས་ཀྱི་གླུ། མདའ་དཔའ་རྩལ་འགྲན་ན་ལྟད་མོ་ཆེ། གླུ་རེ་ལོངས་ལ་མདའ་རེ་རྫོངས། ངེད་རྒན་གསུམ་མཐེབ་རྩལ་སུ་ཆེ་བལྟ། དུས་དེ་རིང་མདའ་སྐུགས་འཇོག་རྒྱུ་ཡིན། ཞེས་པ་ལས་མདའ་རྩལ་འགྲན་པ་དང་མདའ་སྐུགས་བཞག་པ་བརྗོད་ཡོད། ཡང་། དུས་དེ་རིང་མདའ་སྐུགས་འཇོག་རྒྱུ་ཡིན། །འདྲ་མཉམ་བྱུང་ན་རང་རྒྱལ་གྱིས། །དེ་མིན་གྲལ་བཞུགས་དཔའ་རྟུལ་རྣམས། །ཁ་མཚར་གླུ་བྲོ་གཞས་ལ་སོགས། །མི་རེས་སྣ་རེ་མ་ཤེས་ན། །མི་གྲལ་ཁྱི་འདུག་དགོས་པ་མེད། །རྒྱལ་སྟོན་བློན་དགྱེས་སྟོན་མོ་མཛོད། །ཡང་ཡང་འཛོམ་པའི་རྟེན་འབྲེལ་ཡིན། །ཞེས་པར་བརྟག་ན་གླིང་གི་སྟོན་མོ་གཏོང་སྟངས་རེ་ལ་མདའ་རྩལ་འགྲན་བཞིན་ཡོད་པ་ཤེས་ཐུབ་ལ། མདའ་རྩལ་འགྲན་ཏེ་མདའ་སྐུགས་འཇོག་པ་དང་གླུ་གར་ལ་རོལ་བ་ཤེས་ཐུབ་ཅིང་། འདི་ནི་ད་ལྟ་མདོ་སྨད་ས་ཆར་མཚོན་ན་མདའ་འཕེན་སྐབས་གླུ་གར་ལ་རོལ་བ་དང་གཅིག་མཚུངས་ཡིན་ནོ། །
གཉིས། མདའ་གཞུས་མི་སྐད་བཤད་དེ་མི་དོན་སྒྲུབ་པ། ཉག་ཕྲན་མདའ་མོས་མི་སྐད་བཤད་དེ་མི་དོན་སྒྲུབ་པའི་རྣམ་པ་དེ་སྒྲུང་དཔེའི་ནང་དུ་མང་པོ་མཐོང་ཐུབ་ལ། དཔེར་ན། མདའ་མོ་རང་ཉིད་ལ་ནུས་རྩལ་ཁྱད་པར་ཅན་ཞིག་ཡོད་ཅེས་དཔའ་གཏམ་བརྗོད་དེ་ཕ་རོལ་ཟིལ་གྱིས་གནོན་ཞིང་དགྲ་འཇོམས་པར་བྱེད་པ། <<ཧོར་སེར་འགྱོད་པའི་མིག་ཆུ>>ལས། གེ་སར་གྱི་མདའ་མོ་ཐོག་རྒོད་འཕུར་ཤེས་ཀྱིས། བུ་བཟང་བའི་མཐེབ་རྩལ་མ་ཞན་ན། །ཧོར་སེར་པོ་འདུལ་བའི་སྟོབས་མེད་ན། །ང་མདའ་མོའི་དཔའ་རྩལ་ཅི་ལ་ཞན། །ཧོར་སེར་པོ་སྡེ་ཤོག་ཁྲི་མ་འབུམ། །ཁྲག་དམར་པོ་ཐུར་མས་དཀྲུག་དཀྲུག་བྱེད། །རྡོ་ཨབ་རྩེ་ལེབ་མོ་གནམ་ལ་འཕེན། །གནམ་ས་ཆ་ལས་རྡེབ་རྡེབ་བྱེད། །དུས་བསྐལ་པའི་ཆགས་འཇིག་ངེས་པར་སྟོན། །ལས་དེ་འདྲ་མ་བྱས་མདའ་མོ་ང་། །རྟེན་ལྷ་མདའ་སུམ་ཅུའི་གླུད་ལ་རྫོང་། །ཞེས་པ་ལས་མདའ་མོས་མི་སྐད་བཤད་དེ་རང་གི་རྩལ་དང་ནུས་པ་ཞིབ་པར་བརྗོད་པ་དང་། རྒྱལ་པོར་མདའ་མོ་རང་ལ་བློ་འཁེལ་ཆོག་པའི་གླུ་བཏབ་རེད། གཞན་ཡང་། <<ཁམས་གསུམ་བདེ་བཀོད>>ལས། ལྷ་མདའ་ཐོག་རྒོད་འབར་བས་ཇི་སྐད་དུ། གླིང་མདའ་མོ་རྣམས་ཀྱིས་ང་ལ་ཉོན། །སྐུ་སེང་ཆེན་ཞིང་ལ་ཕེབས་རྒྱུ་རེད། །ང་ལྷ་མདའ་ལྷ་ཡུལ་ཁམས་ལ་འགྲོ། །ཁྱེད་ལྷ་མདའ་དགྲ་སྡེའི་ཁ་གནོན་གྱིས། །སེམས་མ་རྨོངས་དགྲ་སྡེ་དམ་ལ་ཐོགས། །ཕྱི་དགྲ་བོའི་སྟེང་དུ་འཕེན་ཉིན་ལ། །ཁྱོད་དགྲ་ཤ་ཟོ་དང་དགྲ་ཁྲག་ཐུངས། །གླིང་ལྷ་སྡེ་ཕྱུགས་ས་ནོར་སྒོ་སྲུང་གྱིས། །ས་གླིང་དཀར་སྟོད་ཀྱི་དགྲ་ལྷ་བྱོས། །མདའ་འདིར་ཚོགས་སྐུ་ཁམས་བདེ་མོར་གྱིས། །དེ་མ་བརྗེད་མདའ་མོས་སེམས་ལ་ཟུངས། །དུས་མ་འོངས་བྱང་ཕྱོགས་ཤམ་བྷ་ལར། །འཁོར་གཅིག་ནས་སྐྱེ་བའི་སྨོན་ལམ་འདེབས། །ཞེས་པ་ལས་མདའ་མོ་ཐོག་རྒོད་འཕུར་ཤེས་ལ་སྐྱེས་ཆེན་དམ་པ་ལྟ་བུའི་ནམ་འཆི་ལ་མངོན་མཁྱེན་ཡོད་པ་དང་། གཤོག་ཐོག་ལྟ་བུའི་ནམ་མཁར་འཕུར་ཐུབ་པ། དཔའ་རྒོད་ལྟ་བུའི་དགྲ་བོ་འདུལ་ཐུབ་བའི་ནུས་རྩལ་ཁྱད་པར་ཅན་ཡོད་པ་གསལ་པོར་བསྟན་ཡོད།
གསུམ། མདའ་གཞུ་ལ་བླ་འདུལ་གྱི་ནུས་རྩལ་ལྡན་པ། <<གླིང་སྒྲུང>>དུ་བརྗོད་པའི་རུས་བླ་ནི་རང་གི་སྐྱབས་གནས་དང་སྲུང་མའམ་སྲོག་གི་རྟེན་དང་ཕུར་ལྟ་བུ་གྱུར་ཡོད་པས། དཔའ་བོ་གང་ཞིག་གཡུལ་ལ་ཞུགས་པ་དང་། ཡང་ན་སྐབས་བབ་ཀྱི་ལས་དོན་གང་ལ་བར་ཆད་དམ་བགེགས་བྱུང་ཚེ། རང་གི་སྐྱབས་གནས་དང་སྲུང་མ་དེ་ལ་གསོལ་འདེབས་དང་སྐྱབས་འཇུག་བཟློག་མེད་བགྱིས་པ་དང་། དེ་བཞིན་དུ་ཕ་རོལ་དགྲ་བོ་གང་ཞིག་འདུལ་ནའང་ཐོག་མར་དེའི་བླ་གནས་སམ་སྐྱབས་གནས་འདུལ་དགོས་པ་དང་། བླ་གནས་སམ་སྐྱབས་གནས་མ་བཏུལ་ན་མདའ་ཕོག་ཀྱང་མདེའུས་མི་ཆོད་པ་དང་མཚོན་དབྱུག་ཀྱང་སོ་ཁ་མི་འགྲོ་བ། སྐེ་བྲེགས་ཀྱང་ཁྲག་དམར་མི་འབབ་ཟེར་ཞིང་། ཕ་རོལ་དགྲ་བོ་འདུལ་དུས་ཐོག་མར་བླ་མདའ་འཕངས་ཏེ་བླ་གནས་སམ་སྐྱབས་གནས་འདུལ་དགོས་པ་དང་། བླ་གནས་སམ་སྐྱབས་གནས་བཏུལ་རྗེས་ད་གཟོད་འདུལ་སླ་བ་ཞིག་ཡིན་ཏེ། དཔེར་ན། <<ཁྱུང་ཚ་སྤུན་ལྔ་འདུལ་བའི་དྲག་པོའི་གཡུལ་འཁྲུག>>ལས། རྒྱལ་མཆོག་རིན་པོ་ཆེའི་སྤྱན་མི་དགའ་གློག་དམར་འཁྱུག་འཁྱུག ཞེ་མི་དགའ་དུ་སྤྲིག་འཁྲིགས་འཁྲིགས་བགྱིས་ནས་འཕྲལ་དུ་ལྷ་མདའ་ཞིག་སྤྲིངས་པ་སྲིན་བྱ་འུག་པའི་བྲང་དཀྱིལ་ལ་ཐེབས་ཏེ་གཤོག་གཉིས་ཕུག་སྟེ་རྒྱབ་ཀྱི་བྲག་རྒྱ་སྒོ་ཙམ་ཞིག་ཐར་རེ་གཏོར་བྱུང་མོད། འོན་ཀྱང་འུག་འདྲེ་དེའི་བླ་གནས་དེ་ནི་དཔྲལ་བར་ཡོད་པས་འཕྲལ་དུ་འཆི་མ་ཐུབ་པར་ནག་ཡོ་རོ་རོ་འཕུར་ནས་འདན་མར་གཤོག་ལྕག་བརྒྱབ་སྟེ་འདན་མའི་ཕྱག་ལ་རྨ་ཁ་ཙམ་བཟོས་པས། འདན་མ་སྔར་ལས་ཁོང་ཁྲོ་ལངས་ཏེ་མྱུར་སྟབས་ཀྱི་མདའ་ཞིག་འཕངས་ཀྱང་སྤུ་ཐར་རེ་གཏོར་བ་ལས་འདུལ་སྐལ་མེད་པས་ཅི་ཡང་མ་གནོད། སྐབས་དེར་རྒྱལ་མཆོག་དམ་པས་རྫུ་འཕྲུལ་ཞིག་གིས་ཁོ་རང་འཛིན་དགོས་དགོངས་ནས། སྟོང་དོང་ནང་ནས་ལྷ་མདའ་མཚལ་ལྟོང་མ་འུར་སྒྲ་དང་བཅས་འཕགས་བྱུང་བ་རྒྱལ་མཆོག་ཁོང་གིས་གཞུ་མོ་རྭ་རྒོད་འཁྱིལ་བའི་སྟེང་དུ་བཀོད་དེ་བྱའི་རྗེས་དེད་ནས་བྱོན་པ་ན། སྲིན་བྱས་ཕྱི་མིག་ཅིག་བལྟས་པའི་སྐབས་དེར་ལྷ་མདའ་ལ་མོ་འཕངས་པ་འུར་སྒྲ་དང་བཅས་འུག་པའི་དཔྲལ་བར་ཐེབས་ནས་ཐང་ལ་ལྷུང་སྟེ་ཤི། ཞེས་པ་ལས་རྒྱལ་མཆོག་གིས་བླ་མདའ་འཕངས་ཏེ་དཔྲལ་བའི་བླ་གནས་གཏོར་བ་མངོན་པར་བརྗོད་ཡོད། གཞན་ཡང་། <<ཧོར་གླིང་གཡུལ་འགྱེད>>ལས། ཞལ་ལུ་དཀར་པོ་ཉིད་ཀྱིས་ཁོ་ཐག་བཅད་ནས་མདའ་མོ་འཕུར་ཤེས་འདིས་ལྕགས་ནག་གི་མཆིན་པ་མི་གཏོར་རི། ཁམས་གསུམ་གྲོང་འཇོམས་མ་བཏུལ་ན། ང་རྒྱ་ཚ་གསོན་ཀྱང་ཅི་ལ་ཕན་གསུངས་ནས་ཕྱག་མདའ་དེ་སྤྲིངས་བྱུང་བ་དང་ལྷན་དུ། མེ་ལྕེ་སེར་རྒོད་གློག་གསུམ་གྱི་གནམ་ས་ཁེངས། ལྕགས་ནག་ཁམས་གསུམ་གྲོང་འཇོམས་དེ་བྱ་སྒྲོ་མེ་ཡིས་གཞོབ་པ་ལྟར་ཐལ་བ་ཙམ་དུ་བཟོས། རྒྱལ་པོའི་ལས་གུར་ཁྲི་ཤོང་དཀར་མོ་དེ་ཐལ་ཕྱུར་རེ་ཕར་ཕིགས་ཚུར་ཕིགས་ཀྱིས་མེ་ལྕེས་བསྲེགས་ནས་ཚིག རྒྱལ་པོ་གུར་དཀར་ཁྲི་སྟེང་ནས་མགོ་མཇུག་བསྒྱུར་ཏེ་ཇ་ཡུན་ཙམ་ལ་བརྒྱལ་ནས་འདུག་གོ །སེང་ལྕམ་འབྲུག་མོ་ཡང་ས་ལ་བསྡད་ནས་མིག་བཙུམ། ལག་པ་གཉིས་ཀྱིས་རྣ་བ་བཀབ་པ་མ་གཏོགས་རང་དགར་སྡོད་ཐུབ་པའི་དུས་མ་བྱུང་། དེའི་སྟེང་དུ་འདན་མས་མདའ་གཅིག་མཉམ་རྫོང་བྱས་པ། ཤན་པ་འབུམ་ཐུབ་དཔུང་དམག་དང་། པ་དུར་སྟོང་ཁྲི་ཡར་ལྷ་གཉིས་ཀྱིས་གཙོས་པའི་མི་བཅོ་བརྒྱད་ཙམ་བསད་ནས་གདའ། ཕྱག་མདའ་འཕུར་ཤེས་ཐོག་ལྕེ་དེ་སླར་ཡང་ཚུར་འཇའ་ཚོན་སྤུངས་སང་ངེར་བྱུང་སྟེ། རྒྱ་ཚ་མདུན་གྱི་ཕ་བོང་ཞིག་གི་ཁར་བབས་ཏེ་ཀེར་གྱིས་ལངས་ནས་བསྡད་པར་གདའ། ཞེས་རྒྱ་ཚ་ཞལ་ལུ་དཀར་པོ་དེས་ཕྱག་མདའ་སྤྲིངས་ཏེ་ཐེའུ་རང་བླ་ལྕགས་གཏོར་ཚུལ་བསྟན་ཡོད་དོ། །
བཞི། འཕྲིན་སྐྱེལ་གྱི་ཕོ་ཉ་ཡིན་པ། མདའ་ལ་བརྟེན་ནས་འཕྲིན་ཡིག་བསྐུར་བའི་སྣང་ཚུལ་དེའང་སྒྲུང་དཔེ་ནང་དུ་མང་པོ་ཞིག་མཐོང་ཐུབ། དཔེར་ན། <<ཧོར་གླིང་གཡུལ་འགྱེད>>ལས། སྐབས་དེར་གླིང་པ་རྣམས་ཀྱི་ཞལ་གྲོས་འཆམ་པར་སང་ཉིན་ཉི་མ་ཤར་བ་དང་མཉམ་དུ་དཔའ་རྟུལ་བརྒྱད་པོ་ཧོར་སྒར་ལ་བརྒྱུགས་ནས་གུར་དཀར་རང་ལམ་ལ་ཚུད་པ་ཞིག་ཅིས་ཀྱང་བྱེད། གཞན་སུ་བསད་ཀྱང་སྡིག་པ་ཆེ་བ་ལས་ཕན་པ་མི་གདའ་བས་མ་འཕྱུག་མ་ཡོ་ཟེར་ནས་ཐག་བཅད་དོ། ། དེར་ཡང་ཁྲོ་ཐུང་གི་བསམ་པར་དོ་ནུབ་ཧོར་ལ་བྱ་མ་བཏང་ན། དཔའ་རྟུལ་བརྒྱད་པོ་མཉམ་དུ་ཤར་ན། གུར་དཀར་རྒྱལ་པོ་མ་ཤི་མ་གསོན་པར་གླིང་རུའི་མདའ་འབེན་ལ་འཇོག་ངེས་པས་དོ་ནུབ་གསང་ཆ་ཅིག་གཏོང་དགོས་པའི་བློ་ངན་སྐྱེས་ནས། དེར་ས་སྲོས་ཙམ་དུ་མདའ་ཟངས་ལྟོང་མ་གཅིག་གི་མགུལ་ལ་ཡི་གེ་བྲིས་པར་ཧོར་སྙིང་མེད་སྨྱོན་པ་ཐང་གང་རྣམས་ཉོན་ཅིག སང་ཉི་རྩེ་ཤར་བ་དང་ལྷན་དུ་གླིང་དཔའ་རྟུལ་དྲག་རྒོད་བརྒྱད་ཧོར་སྒར་ལ་གུར་དཀར་རྒྱལ་པོ་ཞལ་མཇལ་གསུང་ཉན་ལ་འབྱོན་པར་ཡོད། ཉག་ཕྲན་མདའ། སྐྱ་རིང་མདུང་། སྔོན་མོ་མཚོན་གྱིས་ཕྱག་རྟགས་དང་། ཐག་ཉེ་ན་འཕྲུལ་གྱི་ཞགས་པས་བསུ་བ་བཏང་ནས་གུར་དཀར་ཁྱི་ར་ཐོད་མདའ་འབེན་ལ་འཇོག་རྒྱུ་ཡིན་འདུག་པས། མཐོ་ནམ་མཁའ། དམའ་ས་གཞུ། བར་སྣང་ཁམས། བྲག་དམར་དཀྱིལ། རྒྱ་མཚོའི་གཏིང་། ཐ་མ་འགག་གཏུགས་ན་འཕྱི་ཁུང་ཚུན་ལ་གབ་སྟེ། གར་ཐར་ལ་བྲོས་ཐབས་གང་དྲག་མ་བྱས་ན། གཤིན་རྗེའི་ཁྲམ་ལ་འདེབས་ངེས་ཡིན་པས་ཡིད་ལ་ཞོག ཟེར་བ་ལས་ཧོར་སྒར་དུ་འཕངས་པས་མཆོང་ལྷའི་མདུན་དུ་བྱུང་། དེར་མདའ་མགུལ་ན་ཡི་གེ་འདུག་པ་མཐོང་ནས་རྒྱལ་པོ་གུར་དཀར་ལ་སྤྲད། ཞེས་ཁྲོ་ཐུང་གིས་མདའ་མོ་ཟངས་ལྟོང་མ་ཞིག་ལ་བརྟེན་ནས་ཧོར་ལ་གསང་འཕྲིན་བཏང་བ་ཡིན་ཞིང་། མདའ་འཕྲིན་བསྐུར་བའི་སྣང་ཚུལ་འདི<<གླིང་སྒྲུང>>དུ་མང་པོ་མཐོང་ཐུབ་ལ། དེར་དུས་ཡུན་ཐུང་ཐུང་ནང་འཕྲིན་འབྱོར་ཐུབ་པའི་ཁྱད་ཆོས་ཡོད་པ་མ་ཟད། ལྷག་པར་དུ་གསང་འཕྲིན་བཏང་ན་སྟབས་བདེའི་རང་བཞིན་ཡོད་པར་སྙམ།
ལྔ། མེ་དུག་འཕེན་བྱེད་ཀྱི་ལག་ཆ་ཡིན་པ། དུག་མདའ་དེ་སྤྱིར་བཏང་གི་མདའ་མོ་དང་བསྡུར་ན་ཕོག་ན་མི་འཆི་བ་མེད་པའི་ཁྱད་ཆོས་ཡོད་པ་དང་། མེའི་མདའ་ལའང་དེ་དང་དེ་བཞིན་དུ་ཕོག་ཡུལ་མེར་བསྲེགས་ཐུབ་པའི་ཁྱད་ཆོས་ཡོད་དེ། རང་རྒྱལ་གྱི་མིང་དུ་གྲགས་པའི་བརྩམས་ཆོས་ཆེན་མོ་བཞིའི་གྲས་ཀྱི<<རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད>>ལས་ཀྱང་མེ་མདའ་འཕངས་ཏེ་མེར་བསྲེགས་པའི་སྣང་ཚུལ་དེའང་རྒྱུན་པར་མཐོང་ཐུབ་པ་དང་། དེར་གཡུལ་ལས་རྒྱང་རིང་ཞིག་ནས་མེའི་མདའ་འཕངས་ཏེ་གཞན་ཡུལ་མེར་བསྲེགས་ཐུབ་པའི་ཁྱད་ཆོས་ལྡན་པ་མ་ཟད། མེས་བསྲེགས་ཡུལ་ལ་ཤེས་སུ་མི་འཇུག་པར་ལྐོག་ནས་དང་ཡང་ན་གསང་བའི་སྒོ་ནས་གཞན་ཡུལ་མེར་བསྲེགས་ཐུབ་པའི་ཁྱད་ཆོས་ཀྱང་ལྡན། དཔེར་ན། <<ཙ་རུ་སྨན་རྫོང>>དུ། མདའ་གྲི་མདུང་གསུམ་དུག་གིས་བྱུགས། །མཚོན་བཏབ་ཚད་གསོན་ཐར་མེད་ལེ་གྱིས། །ཞེས་པ་ལས་དུག་མདའ་དེ་ཕོག་ན་མི་འཆི་བ་མེད་པའི་ཁྱད་ཆོས་མངོན་གསལ་ཡིན། <<ཨ་སྟག་ཤ་རྫོང>>དུ། དམག་དཔོན་འབུ་ཁྲ་བུ་ཡི་རྔམ་ཆེན་ཟེར་བ་དེ་འདོ་བ་བྱ་ནག་ལྡིང་ཤེས་ཀྱི་གོང་ལ་བུད་དེ། གོ་མཚོན་འཁོར་གསུམ་ལུས་ལ་སྤྲས། གཡས་ཀྱི་མདའ་དུང་ནང་དུ་དུག་མདའ་ཤ་གཟན་ལྔ་བཅུ་བསྐོང་། གཡོན་གྱི་གཞུ་ཤུབས་ནང་དུ་དུག་གཞུ་ཨ་ལོང་འཁྱིལ་ཆེན་དེ་བཙུགས། ལྕགས་རྨོག་ནམ་མཁའ་ཐོག་ཐུབ་དེ་མགོ་ལ་གྱོན། འཕྲུ་ནག་སྤྲིན་ནག་ལངས་འདྲ་བཙུགས། གཡོན་གྱི་གྲུ་ཁུག་ལ་ཐེའུ་རང་ནག་པོའི་འཕྲུལ་ཞགས་ཉི་ཟླ་གཟའ་འཛིན་ཟེར་བ་དེ་ཁྱེར། རལ་གྲི་སྟོང་ཆེན་མེ་རི་དེ་སྐེད་ལ་བསྐོར། དཔུང་རོགས་དཔའ་བོ་ལྔ་བཅུས་བསྐོར་དེ་ཁྲ་མོ་གླིང་གི་ཕྱོགས་སུ་ཆས། ཞེས་དང་།<<གླིང་རུ>>ལས། བཀའ་སྟག་ཟླ་བ་རྡོ་རྗེས་གླུ་འདི་འདྲ་ཞིག་བླངས་ཡོད་དེ། བཅོ་བརྒྱད་ཤྭ་བོའི་དུང་རྭ་དེ། །ཁྲ་ཡག་རྫ་ལ་ངོམ་ཚོད་ཀྱིས། །རྔོན་སྐྱེན་པོས་གདའ་གཞུ་མཐེབ་ཀྱིས་འགུགས། །མགོ་དུང་རྭ་རྒྱན་དུ་བླངས་པས་ཆོག །འབུམ་སྒར་ཁྲ་མོའི་སྒར་དཀྱིལ་ནས། །མི་ནག་རལ་བ་གྱེན་གསེག་ཅན། །དཔའ་ཚོད་རང་གིས་བཟུང་དང་དགའ། །དུག་མདའ་ངར་མ་ཐོག་ལས་མྱུར། །སྲོག་དམར་ཧ་ལ་འཕེན་ཉན་ཆེ། །ཞེས་དཔའ་གཏམ་ཞིག་བརྗོད་དེ་དུག་མདའི་ནུས་རྩལ་ངོམ་ཡོད། མེ་མདའ་དེ་འཕངས་ཚེ་ཕོག་ཡུལ་མེར་བསྲེགས་ཐུབ་པའི་ནུས་པ་ཡོད། <<ཧོར་གླིང་གཡུལ་འགྱེད>>ལས། ཤན་པ་རྨེ་རུས་བླ་རྟ་ལྔ་པོ་བསད་པ་མཐོང་བ་དང་། གློ་བུར་དུ་ཚིག་པ་ཟོས་ནས། མདའ་གཅིག་གཞུ་སྟེང་དུ་བཞག གྲི་དུག་རལ་འབར་བ་བཏོན་ཏེ་དཔའ་ལུང་མཛུབ་མོར་བསྐོན་ནས་འདི་ལྟར་ཟེར་རོ། གླིང་ར་རྫི་བུའམ་རེའུ་རྫི་བུ། ལས་འགྲུབ་རྒྱུ་གསུམ་དེ་གྲུབ། ཚར་རྒྱུ་གསུམ་དེ་ཚར། ལས་དེ་རྒྱབ་ཧོར་གླིང་གི་མི་ཤ་བགོས། སྡེ་གཉིས་ཐོད་པ་གཏུགས། སྡེ་གསུམ་ཀླད་གཡུག་བསྐོར། ཉེས་པ་གླིང་ལ་བཞག ནམ་ཕུགས་ཧོར་སེར་ཕུབ་ལེ་གཅིག་ཐོན་སོང་སྟེ། ཁྱོད་ད་དུང་ཉོན་ལ་ལྟོས་ཤིག་ཟེར་ནས། གླུ་འདི་འདྲ་བླངས་སོ། ། བླ་རྟ་དཀར་ནག་ཁྲ་གསུམ་ལྔ། །མདའ་རེ་རེ་ཁ་ནས་རྫོགས་ཏེ་ཐལ། ཧོར་རྒྱལ་ཆེན་གསུམ་གྱི་གསོན་སྙིང་རེ། །ཤོར་ཟེར་ལེ་དེ་དང་ཁྱད་པར་མེད། །ངས་མདའ་གཅིག་གངས་རིའི་ཟུར་ལ་འཕེན། །གངས་དཀར་པོ་ཉི་མས་ཞུ་འདྲ་གཅིག །སེང་དཀར་མོའི་གཡུ་རལ་བཀོག་ལེ་གཅིག །མདའ་གཅིག་ཙན་དན་ནགས་ལ་འཕེན། །ནགས་ཙན་དན་མེ་ཡིས་བསྲེགས་ངེས་གཅིག །སྟག་འཛུམ་དྲུག་གི་རི་མོ་འགོག་ངེས་གཅིག །མདའ་གཅིག་རྡོ་རྗེ་བྲག་ལ་འཕེན། །བྲག་དཀར་པོ་ཐོག་གིས་གཏོར་འདྲ་གཅིག །རྒོད་ཐང་དཀར་གཤོག་དྲུག་འབྲེག་ངེས་གཅིག །མདའ་གཅིག་སེར་པོ་སྤང་ལ་འཕེན། །སྤང་སེར་པོ་ཐལ་བར་མི་བཟོ་རི། །ཤ་ཕོ་རྭ་ཅོ་རྩ་བ་ལེན། །......ཅེས་ཟེར་བ་དང་། མདའ་རྣམས་རེ་རེ་བཞིན་འཕངས་བྱུང་བས། གངས་རི་གཡའ་མ་ཉིལ་ལེ། ནགས་རི་སྡོང་དུམ་ཧྲུག་གེ བྲག་རི་ཆག་རྩེ་སིལ་ལེ། སྤང་རི་ཐལ་བ་ཕྱུར་རེ་སོང་། ཞེས་པར་བརྟག་ན་ཤན་པ་རྨེ་རུ་རྩེས་ཙན་དན་ནགས་ལ་འཕངས་པའི་མདའ་མོ་དེ་ནི་མདའ་མགོར་མེ་བཞག་ཡོད་པའི་མེའི་མདའ་ཡིན་པར་སྙམ།
དྲུག གཏེར་སྒོ་འབྱེད་པའི་ལྡེ་མིག་ཡིན་པ།སྐྱེས་མཆོག་ནོར་བུ་དགྲ་འདུལ་གཙོ་བྱས་པའི་གླིང་གི་དཔའ་རྟུལ་སུམ་ཅུ་རྣམས་ཀྱིས་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་མང་པོ་ཆམ་ལ་ཕབ་ཏེ་གཏེར་སྒོ་མང་པོ་འབྱེད་པའི་སྐབས་སུ་མདའ་མོ་འཕངས་ན་ད་གཟོད་གཏེར་སྒོ་འབྱེད་ཐུབ་པས་མདའ་མོ་ནི་གཏེར་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུའི་ནུས་པ་ཐོན་ཡོད་པར་སྙམ། དེ་ཡང་<<རི་ནུབ>>ཏུ། དེ་ནས་འཛམ་གླིང་གེ་སར་རྒྱལ་པོའི་ཕྱག་ལ་གཏེར་སྒོ་འབྱེད་པའི་གསེར་གྱི་མདའ་མོ་སྒྲོ་ལ་ཨ་ཡིག་རང་བྱོན་ཡོད་པ་དེ་བཟུང་ནས། སྤྱན་གྱིས་ཁམས་གསུམ་མཐོང་བར་གཟིགས་ནས་གླུ་འདི་དབང་དྲག་གར་བརྒྱའི་འཁྱུག་རྟ་ལ་དྲངས་ཏེ། ཤེས་རབ་མདའ་མོ་ཐུགས་རྗེའི་འཕྲུལ། །གཞུ་མཆོག་རྡོ་རྗེ་རྫོང་ལ་བཀང་། །ཐབས་ཤེས་རིག་པས་གཞུ་རྒྱུད་འཐེན། །གཏེར་ཤིང་ནོར་བུའི་རྫོང་ལ་འཕེན། །ཕ་ནོར་བུ་ཡིས་འཛིན་པའི་དུས། ། དཔའ་བོ་མཁའ་འགྲོས་དཔུང་རོགས་མཛོད། །དར་ཆེན་གླིང་བཞིའི་གཡས་བཞག་དེ། །དེ་རིང་སྤུར་རྒྱལ་བོད་ལ་བཞེས། །སངས་རྒྱས་བསྟན་པའི་རྒྱན་ལ་འཇོག །བོད་ལྗོངས་ཆོས་ཀྱི་ཉི་མ་འཆར། །གངས་ཅན་བདེ་སྐྱིད་ཡོང་བར་བྱེད། །དབུ་ནག་བསོད་ནམས་དགུང་དང་མཉམ། །མདའ་འདིའི་ལྟོང་ཁ་གསལ་པའི་དུས། །ལྷ་ཆེན་ཁ་བ་འབབ་འབབ་མཛོད། །མདའ་ཁས་བར་སྣང་བསྒྱུར་བའི་དུས། །མཉན་དམག་བུ་ཡུག་འཚུབ་འཚུབ་མཛོད། །མདའ་ལྟོང་འུར་སྒྲ་གྲག་པའི་དུས། །ཀླུ་དམག་རྒྱ་མཚོ་འཕྱུར་འཕྱུར་མཛོད། །མདའ་ཟུར་ཕྱོགས་བཅུར་སྟོན་པའི་དུས། །ཆོས་སྐྱོང་སྐར་མདའ་མཆེད་མཆེད་མཛོད། །ཝེར་མ་གློག་དམར་འཁྱུག་འཁྱུག་མཛོད། །དགྲ་ལྷ་འོད་ཟེར་འཕྲོ་འཕྲོ་མཛོད། །མདའ་འདི་གཏེར་ཤིང་སྟེང་ལ་འཕེན། །གཏེར་སྒོ་ཉི་མ་ཤར་འདྲ་མཛོད། །བང་མཛོད་སྒོ་མོ་ཕྱེས་འདྲ་མཛོད། །གཏེར་རྫས་གངས་རི་སྤུངས་འདྲ་མཛོད། །ལོངས་སྤྱོད་རྒྱ་མཚོ་འཁྱིལ་འདྲ་མཛོད། །རྡུལ་ཕྲན་ལྷུན་པོ་སྤུང་པ་བཞིན། །ཕྱོགས་བཅུའི་དམ་ཅན་སྲུང་མའི་དཔུང་། །མ་གཅིག་གྲུབ་པའི་རྒྱལ་མོ་དང་། །བསྟན་སྲུང་རྒྱལ་བའི་དམ་ཅན་རྣམས། །སྡོངས་གྲོགས་མཛོད་དང་དཔུང་ལ་ཆས། །ཅེས་དེ་ལྟར་བླངས་ནས་གསེར་མདའ་དེ་བརྫངས་པས། ཤུགས་སྒྲ་ཡིས་བར་སྣང་བཀང་། དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་ཁ་ཆར་བུ་ཡུག་འཚུབ་འདྲ་བྱས། དེ་ནས་གསེར་མདའ་གཏེར་ཤིང་ཆེན་པོའི་སྟེང་ལ་ཕོག་ནས་སྡོང་ཆེན་དེ་ཤར་གྱིས་འགྱེད་ཏེ་གཏེར་སྒོ་ཕྱེས། ཞེས་འཛམ་གླིང་གེ་སར་རྒྱལ་པོས་གསེར་གྱི་མདའ་མོ་ཨ་ཡིག་རང་བྱོན་ཞིག་ཡོད་པ་དེར་བརྟེན་ནས་རི་ནུབ་ཀྱི་ཀླུ་ཤིང་འདམ་མཁར་ཕྱུག་མོའི་གཏེར་སྒོ་ཕྱེས་ཚུལ་བརྗོད་ཡོད།
བཞི་བ། མཇུག་བསྡུ་བའི་གཏམ།
གོང་གསལ་དུ་བརྗོད་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་མདའ་གཞུ་འདི་ཉིད<<གླིང་སྒྲུང>>གཙོ་བོར་བཟུང་སྟེ་དཔྱད་པ་བཏང་ཡོད་ལ། དེ་ཉིད་ལ་རིགས་སམ་དབྱེ་བ་མང་པོ་ཡོད་དེ། གཞུའི་རིགས་ལ་སྐྱེར་གཞུ་དང་། འབྲོང་རྭའི་གཞུ། རྨྱུག་གཞུ། ལྕགས་གཞུ་བཅས་གཞུ་གྲུབ་བྱེད་ཀྱི་རྒྱུ་ཆ་མི་འདྲ་བའི་སྒོ་ནས་དབྱེ་ན་བཞི། ཡང་མདའི་རིགས་ལ་རྒོད་སྒྲོ་མ་དང་། གླག་སྒྲོ་མ། ཁྲ་སྒྲོ་མ། འུག་སྒྲོ་མ་བཅས་མདའི་སྒྲོ་གྲུབ་བྱེད་ཀྱི་རྒྱུ་ཆ་བརྟེན་ནས་དབྱེ་ན་བཞི་དང། གསེར་ལྟོང་མ་དང་། དངུལ་ལྟོང་མ། ཟངས་ལྟོང་མ། ལྕགས་ལྟོང་མ་བཅས་མདའི་ལྟོང་གྲུབ་བྱེད་ཀྱི་རྒྱུ་ཆ་ལ་བརྟེན་ནས་དབྱེ་ན་བཞི། གཞན་ཡང་མདའ་ཤིང་སྒོ་ནས་དབྱེ་ན་སྐྱེར་མདའ་དང་། གསོམ་མདའ། ལྕགས་མདའ། རྨྱུག་མདའ་བཅས་བཞི་དང་བསྡོམས་པས་བཞི་བཞི་བཅུ་དྲུག་ཏུ་བགྲང་བར་ཆོག་ལ། དེར་ཕན་ཡོན་དང་ནུས་པའང་རྒྱ་ཆེན་པོ་ཞིག་ཡོད་དེ། རྒྱལ་དོན་དང་ནུས་རྩལ་བཟང་ངན་ལ་རྒྱལ་སྐུག་འཇོག་པའི་རྣམ་པ་ཞིག་དང་། དེས་མི་སྐད་བཤད་དེ་མི་དོན་བསྒྲུབས་པ་དང་། དེར་བླ་འདུལ་གྱི་ནུས་རྩལ་ལྡན་པ། དེ་འཕྲིན་སྐྱེལ་གྱི་ཕོ་ཉ་ཡིན་པ། མེ་དུག་འཕེན་བྱེད་ཀྱི་ལག་ཆ་ཡིན་པ། གཏེར་སྒོ་འབྱེད་པའི་ལྡེ་མིག་ཡིན་པ་ལ་སོགས་ཕན་ནུས་དང་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ཡོད་ཅིང་། དེའི་ཁྲོད་དུ་བོད་པ་རང་གི་སྲོལ་རྒྱུན་གྱི་ལྷ་ཀླུ་གཉན་གསུམ་གྱི་གསོལ་མཆོད་དང་ཆོ་ག་སྒྲུབ་ཐབས་ཀྱང་མང་པོ་ཞིག་རྒྱུད་འཛིན་བྱས་ཡོད། ཡིན་ཡང་ད་ལྟའི་བར་དུ་མདའ་གཞུ་དང་འབྲེལ་བའི་རིག་གནས་སྐོར་ཇི་ལྟར་རྒྱུན་འཛིན་དང་སྲུང་སྐྱོབ་བགྱིས་པའི་ལས་དོན་འདི་འཛིན་སྐྱོང་བྱེད་པའི་མཁས་པ་ཤིན་ཏུ་ཉུང་བས། རང་རེའི་སྲོལ་རྒྱུན་གྱི་རིག་གནས་འདི་སྣུམ་ཟད་ཀྱི་མར་མེ་བཞིན་ཉམས་ལ་ཉེ་འདུག གལ་སྲིད་ངེད་རྣམས་ཀྱིས་ཉམས་པ་སོར་ཆུད་དང་མ་ཉམས་པ་རྒྱུན་འཛིན་མ་བྱས་ན་ཕྱི་རབས་པ་རྣམས་ཀྱིས་མཐོང་བའི་གོ་སྐབས་ཀྱང་ཤིན་ཏུ་ཕྲ་བའོ། ། ཡིན་ནའང་ད་ལྟ་གོ་སྐབས་བཟང་བ་ཞིག་སྟེ། རང་རྒྱལ་གྱིས་ཤེས་པའི་རིག་གནས་“非物质文化”སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ཡིག་ཆ་གཏན་འབེབས་དང་ལག་བསྟར་བྱས་ཏེ་བོད་མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩལ་འཛིན་སྐྱོང་སྤེལ་གསུམ་ལའང་ཤུགས་སྣོན་བཞིན་ཡོད་དེ། 2007ལོའི་ཟླ་བརྒྱད་པར་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་བརྡལ་བདེ་སྐྱིད་ཐང་དུ་མཚོ་སྔོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་དམངས་ཁྲོད་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་བསྡུར་ཚོགས་པ་དང་། 2007ལོའི་ཟླ་དགུ་བར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་མདའ་རྩལ་དོ་དམ་ལྟེ་གནས་སོགས་ལས་ཁུངས་ཀྱིས་གཅན་ཚ་རྫོང་ལ“ཀྲུང་གོའི་མི་རིགས་སྲོལ་རྒྱུན་མདའ་རྩལ་ཕ་ཡུལ”ཞེས་མཚན་སྙན་གནང་སྟེ་གཡང་མདའ་རྟགས་མའི་ཀྲུང་གོའི་མི་རིགས་སྲོལ་རྒྱུན་གདན་ཞུའི་མདའ་རྩལ་འགྲན་བསྡུར་གཅན་ཚ་རྫོང་མར་ཁུ་ཐང་གྲོང་བརྡལ་དུ་བསྡུས་པའི་གོ་སྐབས་འདི་དང་བསྟུན་ནས་བོད་མི་རིགས་རང་གི་སྲོལ་རྒྱུན་གྱི་མདའ་གཞུ་ངོམ་པ་དང་མདའ་རྩལ་ངོམ་རྒྱུ་ན་ལེགས་སྙམ། ཡིན་ཡང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་འགྲོས་དང་བསྟུན་ནས་མདའ་གཞུའི་རིགས་སམ་དབྱེ་བ་མང་པོ་འདི་དག་དམངས་ཁྲོད་དུ་ཨ་མེ་རི་ཁ་དང་། འཇར་པན། ཧན་གོ་རྒྱལ་ཁབ་ལ་སོགས་ཕྱི་རྒྱལ་ནས་ནང་འདྲེན་བྱས་ཡོང་བའི་མདའ་གཞུ་ཡིས་ཚབ་བྱས་ཏེ་རང་གི་ཕ་མེས་ཡང་མེས་ནས་དར་ཡོང་བའི་ལག་ཆ་འདི་དག་ཉམས་དམས་སུ་འགྲོ་བཞིན་མཆིས་ལ། ཕྱི་རྒྱལ་ནས་ནང་འདྲེན་བྱས་ཡོང་བའི་མདའ་གཞུ་འདི་རིགས་དེང་རབས་ཚན་རིག་གི་ལག་རྩལ་བཀོལ་ཡོད་པས་མདའི་འགྲོས་ཚད་མྱུར་ལ་ཤེད་ཤུགས་ཆེ་བས། དམངས་ཁྲོད་དུ་མདའ་འཕེན་བྱེད་སྟངས་རེ་ལ་མིར་རྨས་པའི་གཏམ་ངན་མང་པོ་ཐོས་ཡོང་། དེས་ན་ང་ཚོས་གོང་དུ་བརྗོད་ཟིན་པའི་མདའ་གཞུའི་རིགས་འདི་དག་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱེད་རྒྱུ་ན། མདའ་འཕེན་དུས་ཀྱི་ཉན་ཁའང་དེ་འདྲ་མང་པོ་ཞིག་མེད་པར་མ་ཟད། རང་མི་རིགས་ཀྱི་མདའ་འཕེན་གྱི་ཁྱད་ཆོས་ངོམ་སྟེ་འཛམ་གླིང་ཡོངས་ཀྱི་མདའ་རྩལ་ལ་སྤྲོ་བའི་མི་རྣམས་ཀྱི་ཡིད་ཀྱི་དང་བ་འདྲེན་ཐུབ་ལ། མདའ་གཞུ་དང་འབྲེལ་བའི་རིག་གནས་སྐོར་ཞིག་ཀྱང་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ནུས་པ་བླ་ལྷག་ཞིག་ཐོན་རྒྱུ་ཡིན་པ་ནི་གདོན་མི་ཟའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།