གོ་ཆེན་ལབ་ཙེ།
རྒྱལ་པོ་གོ་ཆེན་ལབ་ཙེ་དང་གནས་བདག
རྒྱལ་པོ་གོ་ཆེན་གྱི་ལབ་ཙེ་ནི་མཚོ་ལྷོ་ཁུལ་འབའ་རྫོང་དུ་བསྟད་ཡོད་ཅིང་། འབའ་སྟོད་ཀྱི་མཐོན་པོ་བཅུ་གསུམ་གྱི་ཡ་གྱལ་ཡིན་པ་རེད།
གོ་ཆེན་རྡོ་རྗེ་རབ་བརྟན་ནི་ཐོག་མར་མགོ་ལོག་གི་མི་ཞིག་མི་མ་ཡིན་ཞིག་ཏུ་སྐྱེས་པ་གཙང་པཎྚིཏའི་སྐུ་རྗེས་སུ་འབྲངས་ནས་ཐོན་པ་ཁོང་གིས་བཀའ་བསྒོས་དམ་བཞག་བྱས་ཏེ་དགོན་པའི་ལྷོ་ངོས་ཀྱི་ནགས་ཚལ་སྟུག་པོའི་ས་འཛིན་ལྷུན་བརྗིད་ཀྱི་རྣམ་པ་ཅན་དུ་གནས་ལ་བཀོད། ཐོག་མའི་ལབ་ཙེ་ནི་གོ་ཆེན་རིའི་མདུན་གྱི་སྣ་ཐོག་ཏུ་རབ་བྱུང་བཅུ་གསུམ་པའི་སྐབས་བློ་བཟང་བསྟན་པ་རྒྱ་མཚོའི་སྐུ་རིང་ལ་བསྟད་ཅིང་རབ་བརྟན་ལབ་ཙེ་ཟེར་ཞིང་ཁོང་གིས་བསང་ཡིག་ཀྱང་གསུངས་ཡོད། གོ་ཆེན་དབུ་རྩེའི་ལབ་ཙེ་ནི་རབ་བྱུང་བཅུ་བདུན་པའི་སྐབས་སུ་གཙང་པཎྚིཏ་སྐུ་ཕྲེང་ལྔ་བ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་གསར་དུ་བསྟད། ལབ་ཙེ་དེ་གཉིས་ནི་ལྷ་གཅིག་གི་གཞིས་བྲང་ཡིན་ཟེར། གཙང་དགོན་པ་དང་གཡུ་རྔོག་སྡེ་བ། ཨ་རིག་གི་ཚོ་བ་འགས་མཆོད་བསྟོད་བྱེད། སྔོན་གཡུ་རྔོག་སྡེ་བས་ལོ་རེའི་སོས་ཀར་རབ་བརྟན་ལབ་ཙེ་བསྟད་ནས་གཡུ་རྔོག་དཔོན་པོ་དང་ཚོ་དཔོན། ཆིག་བདག་སོགས་ཁ་རྒན་མི་རྒན་རྣམས་འཚོགས་ནས་རུ་སྤོར་བར་གྲོས་བྱེད་པ་དང་ལོ་དེའི་བྱ་བ་ཚང་མ་ཐག་གཅོད་དང་གྲོས་བསྡུར་བྱེད་པ་རེད། དུས་འགྱུར་ཁྲོད་ལབ་ཙེ་རྨེག་མེད་དུ་གྱུར། གཞིག་བདག་གོ་ཆེན་ཀྱང་གནས་སྤར་ནས་ལྷས་ཆ་བྲག་ཏུ་སོང་ཟེར། སྤྱི་ལོ1983ལོའི་ཟླ5པའི་ཚེས4ཉིན་གཙང་པཎྚི་ཏ་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཡང་བསྐྱར་ལབ་ཙེ་གཞི་བསྟོད་བྱེད་རྒྱུ་བྱས། ཁོང་གིས་ཨ་ལགས་ཧོར་ཚང་ལྷས་ཆ་བྲག་ཏུ་བསང་གཏོང་བར་མངགས། ཧོར་ཚང་གིས་ད་ད་ནག་ཁྲིད་ནས་ལྷས་ཆ་བྲག་ལ་སོང་། ཉིན་དེར་ཁ་ཆར་ཆེན་པོ་བབས་པས་གནས་བཙལ་དཀའ་ལ་སོང་སོང་བའི་མཐར་ཆུ་མགོ་ཞིག་ཏུ་ཁོང་གིས་བསང་གཏོང་བ་དང་འདོན་པ་མང་པོ་གསུངས་ནས་ཕྱིར་ཕེབས། ཟླ5པའི་ཚེས13ཉིན་གཙང་པཎྚི་ཏ་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ཚང་དང་གཙང་སྤྲུལ་སྐུ་བློ་བཟང་ལུང་རྟོགས་རྒྱ་མཚོ་ཚང་། ཨ་ལགས་བལ་ཡོད་ཚང་སོགས་གཙང་དགོན་པའི་བླ་གྲྭ་མང་པོ་དང་རུ་སྡེ་མང་པོས་རབ་བརྟན་སྣ་ཐོག་ཏུ་སྒར་ཁ་བརྒྱབ་ནས་ལབ་ཙེ་བསྟོད་པར་སྟ་གོན་བྱེད་བཞིན་ཡོད། གློ་བུར་དུ་གོ་ཆེན་རི་རྩེ་ནས་གློག་འགྱུ་ཞིང་སྤྲིན་འཁྲིགས་ནས་ཆར་པ་ཆེན་པོ་བབས་པར་ཁོང་རྣམ་པས་རྟེན་འབྲེལ་འགྲིག་སོང་གསུངས། ཕྱི་ཉིན་ལབ་ཙེ་བསྟོད་སྐབས་སྲོག་ཤིང་དང་མཉམ་དུ་དར་ཤིང་རྩེ་མོར་རྒྱལ་མཚན་ཅན་ཞིག་བཙུགས་པ་དེ་དམིགས་པ་ཁྱད་པར་བ་ཞིག་ཡོད་ཟེར། ལབ་ཙེ་དཔལ་མཁར་གསར་བསྟོད་ཀྱི་རིམ་པ་ཆོ་ག་རྒྱས་པ་ལྟར་བྱས། གཙང་པཎྚི་ཏ་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ཚང་ནས་གཙང་དགོན་པའི་ཚབ་མཛད་ནས་བསང་ཕུད་ཅིང་། གཙང་སྤྲུལ་སྐུ་བློ་བཟང་ལུང་རྟོགས་རྒྱ་མཚོ་ཚང་གིས་གཡུ་རྔོག་གི་ཚབ་མཛད་ནས་བསང་ཕུད། ཨ་ལགས་བལ་ཡོད་ཚང་གིས་ཀྱང་ཨ་རིག་གིས་ཚབ་མཛད་ནས་བསང་ཕུད། མདོར་ན་གཙང་དགོན་པ་དང་གཙང་གཡུ་རྔོག ཨ་རིག་བཅས་ཀྱིས་སྤྱི་བསང་ཕུད་པའི་མཚོན་རྟགས་ཡིན། སྤྱི་ལོ1999ལོའི་ཧོར་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་གོ་ཆེན་དབུ་རྩེའི་ལབ་ཙེ་གཙང་པཎྚི་ཏ་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ཚང་དང་། འཇམ་པའི་དབྱངས་བློ་བཟང་མཁས་གྲུབ་རྒྱ་མཚོ། སྐྱེ་སྤྲུལ་བློ་བཟང་ལུང་རྟོགས་རྒྱ་མཚོ། སྒོམ་ཐར་བློ་བཟང་སྐལ་བཟང་རྒྱ་མཚོ། ཨ་ལགས་ཧོར་སོགས་བླ་གྲྭ་མང་པོ་དང་ཨ་རིག གཡུ་རྔོག་གི་མི་མང་པོ་འདུས་ཏེ་དཔལ་མཁར་གསར་བརྩིགས་བྱས། མདའ་མཚོན་རྔོན་ཆ་སོགས་བླ་གྲྭ་མ་གཏོགས་སྐྱ་བོ་སུས་ཀྱང་འབུལ་མི་ཆོག་པར་བྱས། དེ་ནི་སྐབས་ཐོག་གི་དོན་དག་ཅིག་གི་ཆེད་ཡིན་པ་འདྲ།
ལྷ་འདིའི་ཆ་བྱད་ནི་སྟག་ཤར་དར་མ་གཡག་རོག་ལ་ཞོན་པ། ཕོ་ཆས་ཅན། ཕྱིང་ཞྭ་ཚོན་སྐུད་དམར་པོའི་ཙོར་དང་ལྡན་པ་མནབས་པ། གཡས་རལ་གྲི་དང་གཡོན་ནོར་གཞོང་བསྣམས་པ་ཞིག་གོ །
བཤད་རྒྱུན་ལ་གཙང་པཎྚི་ཏ་བློ་བཟང་བསྟན་པ་རྒྱ་མཚོས་དབུས་ནས་ཁྲིད་འོངས་ནས་གཙང་དགོན་པའི་ལྷོ་སྒོ་བསྲུང་བའི་གནས་བདག་ཏུ་བཀོད་པ་ཡིན་ཟེར། གོ་ཆེན་གྱི་གཏོར་བསྔོས་རྒྱལ་བ་ཀུན་དངོས་མ་གཙང་པཎྚི་ཏ་བློ་བཟང་བསྟན་པ་རྒྱ་མཚོཆས་མཛད་པ་ཡིན་ལ་དགོན་པའི་ལས་སྣེ་པ་ཚོས་ཀྱང་བསང་གཏོང་བར་གཏོར་བསྔོས་འདི་དང་སྟོབས་ཆེན་གཏོར་བསྔོས་གཉིས་ཚོགས་འདོན་བྱེད། རྒྱལ་བ་ཀུན་དངོས་མའི་ནང་གི་ཚངས་སྤྱོད་ཆས་འཛིན་ཡུལ་རིགས་བདག་པོ་དང་། ཞེས་པ་གསེར་དེའུའི་གནས་བདག་ལ་གསུངས་པ་ཡིན་ལ་འདིའི་ཆ་བྱད་གྲྭ་ཆས་ཅན་གཟན་སྣེ་དབུ་ཐོག་ཏུ་ཉི་འགོག་ཏུ་བཞག་ནས་བཞུགས་པ་ཞིག་ཡིན་པའི་ངག་རྒྱུན་ཡང་ཡོད། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com