ཁམས་དར་རྩེ་མདོའི་བཞི་བརྒྱད་དུས་ཆེན་བཤད་པ།
གཅིག དར་མདོ་སྡེ་བས་བཞི་བརྒྱད་ལ་མཐོང་ཆེན་གནང་ལུགས་བཤད་པ།
དེ་ཡང་ཆོས་ལུགས་ཆེན་པོ་གསུམ་གྱི་ནང་གསེས་ཡི་ཤུ་འཁྲུངས་སྐར་ལ་སྣང་འཇོག་མཐོ་བ་དང་། འཁྲུངས་སྐར་དེར་རྟེན་འབྲེལ་ཞུ་ནི་ཧ་ཅང་མང་ཞིང་། འཛམ་གླིང་ལ་རྒྱ་ཁྱབ་ལྟ་བུ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་ཆོས་ལུགས་འདི་སྟོབས་ཆེ་བ། ཁྱབ་ཆེ་བ། གཅིག་གྱུར་ཡིན་པ། རྣམ་པ་སྣ་ཚོགས་ཀྱིས་རྟེན་འབྲེལ་ཞུ་སྟངས་ཡོད་པས་རེད། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུང་སྐར་ལ་ཡང་གང་འཚམ་གྱིས་རྟེན་འབྲེལ་ཞུ་བ་དང་། གང་འཚམ་གྱིས་དགེ་སྦྱོར་ལ་འབད་འབུང་བྱེད་མཁན་བྱུང་དང་འབྱུང་བཞིན་ཡོད་པར་མ་ཟད་ད་ལྟ་དོ་སྣང་ཇེ་ཆེར་འགྲོ་ཡི་འདུག ཁྱད་པར་དུ་དར་རྩེ་མདོའི་བཞི་བརྒྱད་ནི་གནའ་ནས་སྟོན་པའི་འཁྲུངས་སྐར་དུ་རྩིས་པ་དང་། རྟེན་འབྲེལ་ཞུ་བ། དུས་ཆེན་གྱི་དགའ་སྟོན་ལ་རོལ་བ་ནི། རྒྱུན་ཆགས་ཀྱི་རང་བཞིན་ཅན་དུ་སྣང་། དར་མདོའི་གླིང་ན་དམངས་སྲོལ་གྱི་དུས་ཆེན་ཆེས་ཆེ་བ་དེ་བཞི་བརྒྱད་འདི་རང་ཡིན་ཞིང་། བཞི་བརྒྱད་ནི་དར་མདོའི་དུས་ཆེན་ཆེས་སྐད་གྲགས་ཆེ་བ་དེ་རེད། བཞི་བརྒྱད་སྟོན་པའི་འཁྲུངས་སྐར་ལ་དམིགས་ནས་གདན་ཐོག་རི་བོ་ལ་སྟོན་པའི་འཁྲུངས་རབ་ལས། འབྲུག་དགུས་ཆབ་ཀྱི་མཆོད་པ་འབུལ་བ་དང་། སྟོན་པས་གོམ་པ་བདུན་སྤོ་བས་མེ་ཏོག་བདུན་ཤར་བ་སོགས་ཀྱི་མཛད་རྣམ་དེ་ཚོ་ཇི་བཞིན་བཟོས་ཡོད་པ་ཉེ་བའི་ལོ་ཤས་སྔོན་ལ་མཐོང་མྱོང་ཡོད། ད་ལྟ་ནི་ཧ་ཅང་ཕུན་སུམ་ཚོགས་པའི་ལྷ་ཁང་། སྟོན་པའི་མཛད་རྣམ་ཆ་ཚང་བཅས་བཞེངས་ཟིན་པ་སྨྲོས་མ་དགོས་པ་ཞིག་རེད། དར་རྩེ་མདོའི་བཞི་བརྒྱད་གཏོང་ལུགས་ལ། སྔོན་དུས་བཞི་བརྒྱད་ཀྱི་ཉིན་ལ་སྐྱ་སེར་ཕོ་མོ་ཚོས་གཟབ་མཆོར་སྤྲས་ནས། ཟས་བསོད་པའི་རིགས་ཁུར་ནས། དེང་སང་གངས་ཆུའི་ཟམ་པ་ཡར་སྔོན་དེ་དག་སྔོན་དུས་ལྕང་གླིང་ངམ་སྤང་གླིང་ལྟ་བུ་ཞིག་ཏུ་གྱུར་ཡོད། ལྕང་གླིང་དེ་དག་ཏུ་སྐྱིད་པོ་གཏོང་བ་དང་། གངས་ཆུ་ཟམ་པ་ནས་གདན་ཐོག་རི་བོའི་རྩེ་མོའི་བར་རྟ་རྒྱུགས་བྱེད་པའི་རིམ་པ་དང་། དེ་རྗེས་དར་མདོའི་དགོན་ཁག་བརྒྱད་ལ་སྐོར་བ་བྱེད་ཀྱི་ཡོད། སྐོར་བ་བྱེད་སྟངས་ཀྱང་རྡོ་རྗེ་བྲག་ནས་མགོ་བཙུག་སྟེ། དེང་གི་ལྷ་མོ་རྩེའི་དགོན་པ་ཡོད་ས་ནས་རིམ་བཞིན་དུ་གད་ཐོག་ནས་མར་བསྐོར་ཏེ་ཟམ་པ་འོག་མ་དང་གྲོང་རྒྱབ་ནས་སྐོར་གྱི་ཡོད། སྐོར་བ་བྱེད་པ་འདི་བཞི་བརྒྱད་ཀྱི་སྔོན་གྱི་ཉིན་དང་། བཞི་བརྒྱད་ཀྱི་ཕྱི་ཉིན་རྣམས་ལ་ཡང་སྐོར་མཁན་ཡོད་འདུག འདིའི་དུས་ཆེན་ནི་ཧ་ཅང་གིས་གལ་ཆེན་གནད་ཆེན་ཞིག་ཏུ་བརྩི་བའི་རྒྱུ་མཚན་གྱིས་དར་མདོའི་རིག་གནས་ལོ་རྒྱུས་མང་པོ་ཞིག་ཤུགས་ཀྱིས་གོ་ཐུབ་པ་འདུག
གཉིས། སངས་རྒྱས་འཁྲུངས་སྐར་གྱི་བཞེད་པ་མི་འདྲ་བ་བཤད་པ།
སྤྱིར་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱི་སྐུའི་འཁྲུངས་འདས་ལ་བཞེད་པ་མི་མཐུན་པ་མང་ཡང་འདིར་གཙོ་ཆེར་ཡོངས་སུ་གྲགས་པ་འགའ་ཞིག་འགོད་ན།གོང་ས་ལྔ་བ་ཆེན་པོའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཐུབ་རྣམས་སྤངས་རྟོགས་མར། ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན། སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་དུས། ། གླང་ཆེན་དཀར་པོ་མཆེ་བ་དྲུག་ལྡན་གྱི།། རྣམ་པས་ལྷུམས་སུ་ཞུགས།།ཞེས་དང་། དབོ་ཟླའི་ཚེས་བཅུར་གློ་གཡས་ནས་བལྟམས་ཚེ།།ཞེས་པ་ལྟར་ན་ལྷུམས་སུ་ཟླ་བ་དགུ་དང་ཞག་ཉེར་ལྔ་བཞུགས་ནས་དབོ་ཟླ་སྟེ་བོད་ཟླ་གཉིས་པའི་ཚེས་བཅུའི་ཉིན་སྐུ་བལྟམས་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་མཛད་པའི་ཐབས་མཁས་མར། ལྷུམས་སུ་ཞུགས་དུས་མི་གསལ་ཡང་། ཟླ་བ་བཅུ་རྫོགས་ཤྰཀྱའི་སྲས་པོ་ནི།། བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པར་གསུངས་པ་དང་། ཀུན་མཁྱེན་མཚོ་སྣ་བའི་འདུལ་ཊྰིཀ་རྣམ་བཤད་ཉི་མའི་འོད་སྨད་ཆ་ཤོག་གྲངས443པར། ལུང་གླེང་གཞི་ལས། བཅོམ་ལྡན་འདས་དཔྱིད་ཟླ་ཐ་ཆུང་ས་ག་ལ་སྐུ་བལྟམས་སོ།།ཞེས་གསུངས་ཤིང་། འགྲེལ་ཆུང་ལས། ཚེས་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམས་ནས་བལྟམས།ཞེས་བཤད་པ་ལྟར། དཔྱིད་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བདུན་སྐར་མ་བརྒྱད་ལ་བབ་པའི་ཚེ་ན་སྐུ་བལྟམས་པའི་དུས་སྟོན་བྱའོ།།ཞེས་དང་། ཕུག་ལུགས་ལྟར་ན། བཅོམ་ལྡན་འདས་ཡུམ་གྱི་ལྷུམས་སུ་ཟླ་དགུ་དང་། ཞག་ཉེར་གསུམ་བཞུགས་ནས། ཕྱི་ལོ་སྔོན་གྱི961ས་ག་ཟླ་བའི་ཚེས་བདུན་མཚན་གུང་ལ་སྐུ་འཁྲུངས་པར་གསུངས། རྩོད་ལྡན་ཚེ་ལོ་བརྒྱ་བའི་གདུལ་བྱའི་འགྲོ་བ་རྣམས་ཀྱི་མགོན་དཔུང་དམ་པར་བྱོན་ནས། ལོ་ཧྲིལ་བོ2974འཁོར་ཟིན་པ་ཡིན་ལ། རང་ཅག་དད་ལྡན་རྗེས་འཇུག་ཡོངས་ཀྱིས་སྟོན་པའི་སྐུ་གསུང་ཐུགས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཅིང་། ཁྱད་པར་དུ་ཁོང་གི་མཛད་པ་ཀུན་ལས་མཆོག་ཏུ་གྱུར་བའི་གསུང་གི་མཛད་པའི་ཚུལ་ལ་ངེས་པ་རྙེད་དེ་ལེགས་ཉེས་བླང་དོར་ཚུལ་བཞིན་འབྱེད་པའི་ཤེས་རབ་ཀྱི་མིག་ལ་བརྟེན་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་སྤང་བླང་གི་སྦྱོར་བ་སྣ་གཅིག་ཡན་ཆད་རང་རྒྱུད་ལ་ངེས་པར་སྐྱེད་པའི་དམ་བཅའ་དང་ལག་ལེན་དངོས་ལ་འཇུག་པ་ནི། སྟོན་པ་འཇིག་རྟེན་དུ་བྱོན་པའི་དགོས་པ་གཙོ་བོའང་ཡིན་པས། དུས་ཆེན་དེ་རྣམས་སུ་གཟབ་འཇུག་བྱ་རྒྱུ་གལ་ཆེ།
གསུམ། དར་མདོའི་བཞི་བརྒྱད་ཀྱི་ཁུངས་ལུང་བཤད་པ།
དར་རྩེ་མདོའི་ས་ཁོད་ནི་རི་གསུམ་འདུས་མདོ་ཡིན་ལ། རི་གསུམ་ལས་གདན་ཐོག་རི་བོ་ནི་ལྷ་མོའི་གཞི་བདག་ཡིན་ལ། ལྷ་མོ་དེ་མཛེས་ཤིང་ལྟ་ན་སྡུག་པ་ཡིད་དུ་འོང་བའི་གཞོན་ནུ་མ་ཞིག་ཡིན་ལ། ཟུར་ཕུག་ཕྱོགས་ཀྱི་རི་གདོང་ནི་ཨ་ལེ་བུ་སྒང་ཟེར་བའི་གཞི་བདག་ཡིན་ལ། ཨ་ལེ་བུ་སྒང་ནི་བྱད་བཞིན་ལེགས་པ། ཕོ་སར་སྟག་འདྲ་བ་ཞིག་ཡིན་ལ། ཤར་ཕྱོགས་རི་བོ་ནི་རྫོང་བྲག་ཟེར་བའི་བོན་དམུ་རྡོ་ཚང་ནས་བྱུང་བའི་གཞི་བདག་ཡིན་ལ། རྫོང་བྲག་ནི་རྔམ་བརྗིད་ཆེ་ལ། དྲག་ཉམས་དོད་པ། སྐྲག་དགོས་པ་ལྟ་བུ་ཞིག་ཡིན་ལ། རྫོང་བྲག་ཚང་དང་། ཨ་ལེ་བུ་སྒང་ཚང་གཉིས་ཀྱིས་གདན་ཐོག་ལྷ་མོའི་དོན་ལ་ཐོབ་ཤོར་གྱི་རྩོད་པར་བྱེད་པའི་ལོ་རྒྱུས་ཀྱང་ཡོད་འདུག་པས། དར་མདོའི་མཛའ་གླུ་དང་། དར་མདོའི་མཛའ་བརྩེའི་ཕུན་སུམ་ཚོགས་པོ་ཡོད་པའི་རྟེན་འབྲེལ་ཡང་འདི་དག་གིས་གྲུབ་བོ་སྙམ། དར་རྩེ་མདོའི་བཞི་པའི་ཚེས་བརྒྱད་ཀྱི་དུས་ཆེན་གྱི་ཁུངས་བཤད་ན། དེ་ཡང་ཡུལ་འདི་ན་ཆེས་སྔ་མོ་ཞིག་ནས་བྱང་གཏེར་རྙིང་མའི་ཆོས་རྒྱུད་བྱུང་ཡོད་ལ། ས་སྐྱའི་ས་ངོར་གཉིས་ཀྱི་ཆོས་རྒྱུད་འཛིན་པ་དང་། བཀའ་བརྒྱུད་པའི་ཆོས་རྒྱུད་འཛིན་པ་སོགས་ཆོས་བརྒྱུད་ཁག་མང་པོ་ཞིག་དར་ཡོད། དེ་བཞིན་བོན་གྱི་ཆོས་བྱེད་པ་ཡོད་པའི་རྟགས་ནི། ཁྱིམ་མིང་ལ་བོན་གྱི་ལྷ་མིང་ཐོགས་པ་ནི། ཝ་གསས་སྐྱབས་ཚང་ཟེར་བ་དང་། ས་མིང་བོན་གྱི་ལྷ་མིང་ཐོགས་པ་ཝ་གསས་ལུང་པ་ཟེར་བ་སོགས་ཤིན་ཏུ་མང་། ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྴི་གནས་འདིར་ཕེབས་པའི་ལོ་རྒྱུས་ནི་ཡོངས་སུ་གྲགས་ལ། ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པའི་སྐབས་སུ(1387—1415)ཡུལ་འདིར་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ཧ་ཅང་རྒྱས། ཁོང་ཚོའི་ངག་རྒྱུན་དུ་སྔོན་དུས་བཀའ་བརྒྱུད་པའི་སྒོམ་ཆེན་ཚོ་རི་ཡི་ཕར་རོལ་ཚུར་རོལ་དུ་འཕུར་གྱི་ཡོད་ཅེས་བཤད། གདན་ཐོག་རི་བོ་རང་ན་བཀའ་བརྒྱུད་པའི་དགོན་པ་ཞིག་བཏབ་ཡོད། གནའ་དུས་གདན་ཐོག་རི་བོ་ལ་ལྷ་མོ་རྩེ་ཞེས་གྲགས་ལ། དེའི་རྒྱུ་མཚན་ལ་བཤད་སྟངས་གཉིས་འདུག གཅིག་བུམ་པ་གཡུ་མཚོའི་རྒྱབ་རི་རི་རྩེ་ལྔ་ཡོད་པར་ལྷ་མོ་ཚེ་རིང་མཆེད་ལྔའི་གནས་ཡིན་པས་ལྷ་མོ་རྩེ་ཟེར་བ་དང་། རྡོ་རྗེ་ཕག་མོའི་གནས་ཡིན་པས་ལྷ་མོ་རྩེ་ཟེར་བ་རེད་ཅེས་བཤད་ཚུལ་གཉིས་བྱུང་། གང་ལྟར་ཡང་བཀའ་བརྒྱུད་པའི་ཆོས་སྡེ་དང་འབྲེལ་བ་ཡོད་པ་ཞིག་རེད། དེ་ལྟར་ན་བཞི་བརྒྱད་འདི་ཡང་མཚུར་ཕུའི་རྩིས་ལུགས་ལ་ས་ག་ཟླ་བ་སྟེ་བོད་ཟླ་བཞི་པའི་ཚེས་བརྒྱད་ལ་སངས་རྒྱས་སྐུ་འཁྲུངས་པར་བཞེད་པ་ལྟར། དེ་དང་ཆེས་མཐུན་པོ་བྱུང་འདུག ཉིན་དེ་ལ་སྐྱ་སེར་ཐམས་ཅད་འདུས་ནས་དགེ་སྦྱོར་བྱེད་པའི་སྲོལ་ཡོད་པ་དེ་རིམ་བཞིན་དུ་ཡུལ་གྱི་དུས་ཆེན་ལྟ་བུ་ཞིག་ཆགས། སྤྱི་ལོ་༡༦༤༢ལོར་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཛིན་པའི་རྗེས་སུ་བོད་ས་ཁུལ་གྱི་བཀའ་བརྒྱུད་པ་དང་ཇོ་ནང་པའི་དགོན་པ་མང་པོ་ཞིག་དགེ་ལུགས་པའི་དགོན་པར་བསྒྱུར་བའི་སྐབས་སུ། དར་མདོའི་བཀའ་བརྒྱུད་པའི་དགོན་པ་རྣམས་དགེ་ལུགས་པར་བསྒྱུར་བས་བཀའ་བསྟན་ཉམས་ན་ཡང་། སངས་རྒྱས་འཁྲུངས་སྐར་གྱི་དུས་ཆེན་དེ་མི་དམངས་ཀྱི་དུས་ཆེན་ཞིག་ཏུ་གྱུར་ཏེ་ད་བར་མུ་མཐུད་ནས་དུས་ཆེན་གཏོང་སྲོལ་ཡོད་པ་རེད། འོན་ཀྱང་དེང་དུས་ཀྱི་དར་མདོར་བོད་ལུགས་ཀྱི་བཞི་པའི་ཚེས་བརྒྱད་དེ་རྒྱ་ནག་ཞིང་རྩིས་ལུགས་ཀྱི་བཞི་པའི་ཚེས་བརྒྱད་ལ་དུས་ཆེན་གཏོང་སྲོལ་དེ་རིམ་བཞིན་ཆགས་འདུག འདིར་གསལ་བཤད་དགོས་པ་ཞིག་ལ། གོང་ཞུས་ལྟར་གནའ་དུས་གདན་ཐོག་རི་བོ་ལ་ལྷ་མོ་རྩེ་ཞེས་གྲགས་ལ། རྗེས་སུ་བཀའ་བརྒྱུད་པའི་ཆོས་རྒྱུད་འཛིན་པ་ད་ལྟའི་ལྷ་མོ་རྩེའི་དགོན་པ་འདི་གྱེས་སོང་བས། འདིའི་ཕྱོགས་ལ་ལྷ་མོ་རྩེ་ཐོགས་སོང་བ་རེད། དེང་སང་ལྷ་མོ་རྩེའི་དགོན་པ་ནི་དགེ་ལུགས་པའི་ཆོས་རྒྱུད་འཛིན་པ་ཡིན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com