མཚོ་ལྷོ་ཁུལ་མང་རའི་ཡུལ་གྱི་གཉེན་སྲོལ་ལས་མགྲོན་བཅའ་བའི་སྐོར།
མགྲོན་བཅའ་བ།
གཅིག མགྲོན།①
འགྲུལ་འགོས་བུ་མོ་བཅོལ་གདམས་བྱེད་སྐབས་མགྲོན་ཤ་དེ་གསིལ་ནས་ཨ་ནེ་དང་མག་པ་ཤ་སྐལ་སྟེར་བ་དང་སྒུ་དེ་ཁྱེར་ནས་ཨ་ཞང་ཚང་ལ་ཕྱིར་ལོག་ན་དཀར་ཡོལ་རེ་དང་རྩིབས་མ་རེ། ཁ་བཏགས་རེ་ཉེ་བོ་རྣམས་ལ་འགྱེད་གཏོང་བ་ནི་གནའ་རབས་བོད་ཀྱི་ཤ་འགྱེད་གཏོང་བའི་ཕྱག་སྲོལ་དང་གཅིག་མཚུངས་རེད།
མགྲོན་ཤའི་སྒུ་ཡི་ཤ་ཤུན་ཕྱིས་ཏེ་འཇོག་པ་དེས་ཨ་ཞང་རྣམས་ལ་བརྩི་བཀུར་བྱེད་པ་མཚོན་ལ་དོན་གྱི་ཤ་ཚོན་པོ་ཡིས་འགྲུལ་ངོ་ལོན་པ་དེ་ཡིན། སྔ་སེ་ནངས་ཆུ་འཐུང་རྗེས་གཉེན་ཚང་གིས་གསར་བུ་གཉིས་གསུམ་ཙམ་གྱིས་ཨ་ཞང་རྣམས་ལ་མགོ་སྒུར་སྒུར་དང་ཉྭ་གུག་གུག་གྱིས་ཇ་འདྲེན་དང་ཆང་དྲངས་བྱས་ཚར་པ་ན་སྒོར་གྲོལ་བ་ཡིན།
གཉེན་ཚང་གིས་མགྲོན་ཤ་མ་གཏོགས་ཚང་མ་བླངས་ཟིན།
མགྲོན་ཤ་ནི་སྒྲིག་སྟངས་ལ་བཤད་ཚུལ་རྣམ་པ་སྣ་ཚོགས་ཡོད་ལ་ལུང་བ་རེ་ན་ཆུ་རེ། སྡེ་བ་རེ་ན་དཔེ་རེཅེས་པ་ལྟར་ཚང་རའི་རྔ་མ་ཡར་ལ་འཁོར་བ་དང་མར་ལ་འཁོར་བ་གཉིས་ཡོད་དེ་སྔ་མ་ནི་བརྩི་བཀུར་བྱེད་པའི་དོན་མཚོན་ལ། ཕྱི་མ་ནི་ལུག་གསོན་པོར་ཉལ་བའི་རྣམ་པ་མཚོན། མང་ཤས་ཀྱིས་ཕྱི་མ་ལྟར་སྒྲིག་པ་ཡིན། ཨ་ཞང་ཚང་གིས་གྲོས་གོར་གོར་རྡོ་འདྲ་འདྲ་ཞིག་བྱས་ཏེ་ཕྱིར་ནང་ལ་ཕེབས་ནས་གོ་རིམ་ལྟར་བཙོག་པ་ཡིན།
ཨ་ཞང་རྣམས་ཀྱི་མདུན་ནས་བསྡུ་རྗེས་ཇ་དང་དཀར་ཡོལ། གོས་དང་ཁ་བཏགས་བཅས་རྫོང་བ་རྣམས་རེ་རེར་བཞིན་ལག་ལ་འཇོག་པ་དང་བཅས་གཉེན་གྱི་འགོ་མཇུག་བར་གསུམ་ཚང་མ་བར་བས་རྩིས་སྤྲོད་བྱེད་པ་དང་ཨ་ཞང་རྣམས་འདི་ལྟར་བཅའ་བ་ཡིན།
གཉིས། མགྲོན་བཅའ་བ།
བར་བས།----ཡ----སྟོད་དབུས་གཙང་ལྷ་ཁང་ན་ནིང་བཞེངས་ཟིག དེ་འགོ་ཡི་གསེར་ཏོག་ད་ལོ་འགྲུབ་ཟིག དེ་འགྲུབ་པའི་འགྲུབ་སྟོན་དེ་རིང་རེད། སྨད་རྒྱ་ནག་རྒྱ་མཁར་ན་ནིང་བཞེངས་ཟིག དེ་འགོ་ཡི་གྱོ་ཏོག་ད་ལོ་འགྲུབ་ཟིག དེ་འགྲུབ་པའི་འགྲུབ་སྟོན་དེ་རིང་རེད། འུ་ཅག་གཉེན་འདི་གཞེས་ནིང་ལྒིང་ཟིག ཉེ་བོ་གཉེན་རྟགས་ན་ནིང་ བརྒྱབ་ཟིག ཆང་དམ་བི་ཁ་དར་ད་ལོ་བཀྲོལ་ཟིག དེ་འགྲུབ་པའི་འགྲུབ་སྟོན་དེ་རིང་རེད། །
----ཡ----ད་ལོ----ལོ་གི་དེད་ན་ལོ་ཡག་གི ཟླ་ནི་དེད་ན་ཟླ་ཡག་གི ཉིན་གི་དེད་ན་ཉིན་ཡག་གི །ཡག་གསུམ་ཡག་གི་ཉི་མ། །ཨ་ཞང་ཁྱེད་རྣམ་པས། །སྐྱིད་པའི་ཕ་ཡུལ་གཞུག་ལ་བསྐྱུར་ལེ། །གོས་ཚ་རུ་རྒྱབ་ལ་གྱོན་ནས། །རྟ་གོམ་ཆེན་གོང་ལ་བཅིབས་ཏེ། །རྐང་སག་ལྷམ་ཡོབ་ལ་བཞག་ནས། །ལམ་སྐྱ་མོའི་རྡུལ་གྱིས་བཏུམས་ནས། །ཙག་བསེར་བུ་གདོང་གིས་བསུ་ནས། །བོའུ་རྭ་རིང་ཕྲག་ལ་འཁུར་ནས། ། གཏམ་སྙན་མོ་ཁོག་ལ་བཅུག་ནས། །ཚེགས་ཆེན་པོ་རྒྱབ་ལ་འཁུར་ནས། །དོན་ཆེན་པོ་ཕྲག་ལ་བླངས་ནས་ངེད་གཉེན་ཚང་གི་ལྷ་ཁྱིམ་གུར་ཁྱིམ་ནང་དུ་ཕེབས་བཏང་ན། སྲིད་པའི་བོད་ལ་མཚོན་ན། ཚེར་དཀར་ལུག་ལ་ཀི་ཆོད་བྱེད་དགོས་ནི་རེད། གནག་མོ་ནོར་ལ་རྡོ་ཆོད་བྱེད་དགོས་ནི་རེད།ཀི་རི་རྟ་བོ་བང་ཆོད་བྱེད་དགོས་ནི་རེད། ཡིན་ནའང་། རྒྱལ་ཁབ་རྒྱལ་བོ་བརྗེས། ཆུང་མའི་མགོ་སྐྲ་བརྗེས་དཔེ་ལྟར། གཉེན་ཚང་ལ་མཚོན་རྒྱུ་ན་རྒོད་ཐང་དཀར་རྒྱབ་ཏུ་སྐྱེས་ནོ། །སྨྱུག་སེར་པོའི་སྟེང་དུ་སྟོད་དགོས་ནི་རེད། ཁ་བར་ནང་ལ་འཁྱིལ་ནོ། ཁ་སྟེགས་ཀླད་དུ་ལྡུག་དགོས་ནི་རེད་མོད། མཁར་རྡུང་སའི་ཡུལ་ན་ས་སྲབ་ཀི ལུག་འཚོ་སའི་གནས་སུ་རྩྭ་སྲབ་ཨ་ཞང་ཚང་ལ་ལོ་སར་ལག་འཇོག་ལྟ་བུ་ཞིག་ལས་མ་འཛོམས་ནོ་འདི་ཁ་འཁང་བ་མོ་ཞིག་དང་ཞེ་འཁང་ཚེར་མ་ཞིག་ཡོད་མི་ཉན།
ཞེས་རྫོང་བ་ལེགས་སྐྱེས་ཐམས་ཅད་རེ་རེ་སྐྱེས་བུ་མང་པོས་ལག་གཉིས་ཀྱིས་མདུན་ནས་ཡར་བཀྱགས་ནས་གོ་རིམ་ལྟར་བར་བས་ཚིག་དང་སྦྱར་ནས་འདི་ལྟར་འབུལ་ལོ། །
གསུམ། འགྲུལ་འགོ(བུ་མོའི་ཨ་ཁུ)ལ་མགྲོན་བཅའ་བ།
བུ་མོ་ཨ་བས་བྱིན་ནེ། རིན་ཐང་ཨ་ཁུ་ཡིན། གནམ་ཀ་བ་ཤེད་ཅན་པོ། ས་དོག་མོ་གནོན་པའི་རྒྱུ་ཅན་པོ། བུ་མོ་ཚ་མོའི་དབང་ཅན་པོ། དེ་རིང་སུ་ཡིན་ཟེར་ན་ཁྱོད་ཡིན་ནི་རེད། ཁྱོའི་ཚ་མོ་རྟ་མགྲིན་དམར་བོ་རེད། རྟ་མགྲིན་རྟ་ལ་བརྗེ་རྒྱུ་ཟེར་ནའང་ཁྱོའི་ལག་ཡིན་ནི་རེད། ཁྱོའི་ཚ་མོ་ཡིད་བཞིན་ནོར་བུ་རེད། ནོར་བུ་ནོར་ལ་བརྗེ་རྒྱུ་ཟེར་ན་ཁྱོའི་ལག་ཡིན་ནི་རེད། ཁྱོའི་ཚ་མོ་དུང་དཀར་ཁོག་པ་རེད། དུང་དཀར་ལུག་ལ་བརྗེ་རྒྱུ་ཟེར་ནའང་ཁྱོས་ལག་ཡིན་ནི་རེད། ངེད་ཚང་གཉེན་ཚང་ལ་མཚོན་ན། ཕྱི་རྫ་རི་སྨུག་པོ་ཡིན་ནོ། ། ནང་རྫ་ཁོག་སྐམ་པོ་ཡིན་ནོ། ། ལག་བསྲིངས་འདོད་ཀྱི་ཕུ་རིང་ཐུང་ཀི འདི་ཁྱེད་ཚང་གི་ཡ་ཐོད་ཀྱི་རྟ་ཡིན་དགོས། མ་ཐོད་ཀྱི་མཛོ་ཡིན་དགོས། ཁ་ར་འཁང་ར་ཞིག་ཡོད་མི་ཉན།བཞི། མ་ཞང་ལ་མགྲོན་བཅའ་བ།
འཇིག་རྟེན་ཁ་དཔེ་ལ། ཕ་ལྷ་ཕྲག་པ་གཡས་ནས་མཆོད། །མ་ལྷ་ཕྲག་པ་གཡོན་ནས་མཆོད། །ཞང་ལྷ་ཀླད་པའི་གཙུག་ནས་མཆོད། ། ཟེར་བའི་ནང་ལྟར། བུ་མོའི་ཞང་བོ་དགའ་ན་ཁྱིམ་ཕུག་གི་ལྷ་དགའ། ཞང་བོ་མ་དགའ་ན་ཁྱིམ་ཕུག་གི་ལྷ་མི་དགའ་ཟེར་ཀི ཁྱོད་འབབ་ཚོད་དབང་ཚོད་ཟིག་བཤད་ན། ཁྱོད་ཞང་རྟ་ཁམ་པ་རྔོག་རིང་། ཁྱོད་ཞང་འབྲི་འབྲི་མོ་ཁ་སྐྱ། ཁྱོད་ཞང་ལུག་དོམ་པ་རྭ་འཁྱིལ། ཁྱོད་ཞང་དཀར་དཀར་ཡོལ་དགུ་བརྩེགས། འབྲུ་བརྒྱ་མ། གསེར་ཁ་མ། དངུལ་ཁ་མ། ལྕང་ལོ་མ་སོགས་ཚང་དགོས་ནི་རེད་ད། ངེད་ཀ་གཉེན་ཚང་ལ་མཚོན་ན། རྟ་བསྐྱིལ་ས་ན་རྟུ་ལེ་མེད་ཀི ། ལུག་བསྐྱིལ་ས་ན་རིལ་མ་མེད་ཀི ། མེད་པ་ཡོད་བྱས་ལེ། ཡོད་པ་ལག་མགོ་བྱས་ནས། དགེ་ཚོད་མ་རེད་ལ། ངེད་ཀ་འཛོམས་ཚོད་ཡིན་པས་ཨ་ཞང་ཅིག་དགའ་དགོས། དགྱེས་དགོས།ལྔ། ཨ་ཕ་ལ་མགྲོན་བཅའ་བ།
དྲིན་ཆེན་ཕ་ལོ་ཁྱོད། ཙག་བསེར་བུ་ནང་ནས་སྟོད་ལ་རྒྱུག སྟོད་ནས་གོས་སྣ་རས་སྣ་སྒྲིག བུ་མོ་འདི་རྒྱབ་བཀབ་ནོ། ཙག་བསེར་བུ་ནང་ནས་སྨད་ལ་རྒྱུག སྨད་ནས་འབྲུ་སྣ་དང་ཟས་སྣ་སྒྲིག བུ་མོ་འདི་ཁ་གསོས་ནོ། ཡུལ་སྐྱིད་པོ་བསྐྱུར་ནས་རི་ལ་སོང་། རི་ནས་ཞོར་ལས་དང་ཚོང་ལས་གཉེར་ནས། ཁྱིམ་ཚང་དེ་ཡི་སྐྱ་རིག་སྔོ་རིག་གསོས་ནི་རེད། ཞི་མོ་ཨ་ཕ་ཁྱོས། ཁྱིམ་ཚང་འདིའི་དོན་ལ་མ་དག་ནི་དང་མ་མྱང་ནི་ཡོད་ནི་མ་རེད། བུ་མོ་འདིར་དྲིན་ཅན་མིན་པའི་བསམ་པ་ ཞིག་ཡོད་ནི་མ་རེད། ཁྱོད་སྟོད་དབུས་ཚང་ཡུལ་གྱི་ཕྲུག་དགོས་ནི་རེད།ཕྲུག་གཅིག་རུང་ཐིག་ལེ་མི་གཅིག་ནི་དགོས་ནི་རེད། སྨད་རྒྱ་ནག་ཡུལ་གྱི་གོས་དགོས་ནི་རེད། གོས་གཅིག་རུང་རི་མོ་མི་གཅིག་ནི་དགོས་ནི་རེད། སྐུ་བརྒྱ་བོད་ཀྱི་རས་དགོས་ནི་རེད། རས་གཅིག་རུང་ཁ་ཐེལ་མི་གཅིག་ནི་དགོས་ནི་རེད་ད། ངེད་གཉེན་ཚང་ཚང་འདི་ཕྱི་ནས་མིང་ ཆེན་ཡིན་རུང་། ནང་ནི་དོན་དངོས་མིན་ནོ། ཡོད་པའི་མཛོད་ཁ་བཀང་མེད་ནོ། མེད་པའི་མུག་ཁ་ཆོད་མེད་པའི་རྐྱེན་གྱིས་ད་ཐེངས་མར་མེད་རུང་གཏུལ་མ་ཙོག་ཙོག་བྱས་ཏེ། ཆུ་མེད་རུང་ཐོམ་བུ་ར་ར་བྱས་ནས། ཨ་ཞང་ཁྱོད་ཀ་འཛོམས་པ་འདི་ཙམ་ལས་མེད་པས་ངོ་ན་རྡུལ་ཞིག་ཡོད་ན་འདག་དགོས། གངས་དཀར་སེམས་ན་སྡུག་ཞིག་ཡོད་ན་ལེན་དགོས། གཅིག་དགའ་དགོས། གཅིག་དགྱེས་དགོས།དྲུག མྱིང་བོ་ལ་མགྲོན་བཅའ་བ།
གཅེན་སྲིང་གཉིས་ཀ་ཕ་མ་གཅིག་པའི་བྱང་ཁོག་བརྒྱུད་པའི་སྤུན་ཡིན་ནོ། ། མ་གཅིག་གི་ནུ་མ་ཁ་རེས་བྱས་ནས་ཡོང་ནོ། ལས་ངན་བུ་མོ་གནས་ཡུལ་རྒྱུ་དགོས་ནོ་འཇིག་རྟེན་གྱི་དཔེ་ཡིན་ནོ། ། སྲིང་ཐལ་རེའི་རིན་ལ་རྟ་བརྒྱ་དགོས། རྟ་བརྒྱ་བོ་མེད་རུང་བརྒྱད་པོ་དགོས། སྲིང་ཐལ་རེའི་རིན་ལ་འབྲི་བརྒྱ་དགོས། འབྲི་བརྒྱ་བོ་མེད་རུང་བརྒྱད་པོ་ དགོས། སྲིང་ཐལ་རེའི་རིན་ལ་ལུག་བརྒྱ་དགོས། ལུག་བརྒྱ་བོ་མེད་རུང་བརྒྱད་པོ་དགོས་ནི་རེད་ད། ངེད་ཚང་འདི་ཙམ་མ་འཛོམས་ཐལ།བདུན། མ་ཞང་འཁང་བ།
ང་མ་ཞང་ཞང་ལྷ་གཉེན་པོ་འདིར། སྐྱེ་རབས་བཤད་ན་རྒས་རབས་ཡོད། ང་ཙན་དན་དམར་བོའི་སྐྱེས་ཤུལ་ཡིན། བྱུ་རུ་དམར་བོའི་ཐོར་ཤུལ་ཡིན། རྩ་བ་རྒྱས་ནས་ས་གཞི་བཀང་། འདོ་རིག་རྟ་ཡི་རྒྱུག་ལམ་བཀག་ཟིག ཡལ་ག་རྒྱས་ནས་ནམ་མཁའ་བཀང་ཟིག བྱ་བརྒྱ་ཁྱུང་གི་འཕུར་ལམ་བཀག་ཟིག རྩེ་མོ་རྒྱས་ནས་བར་སྣང་བཀང་ཟིག ཉི་ཟླ་གཉིས་ཀྱི་ཤར་ལམ་བཀག་ཟིག ང་བཟང་བོ་མིང་ཅན་ཟིག་མ་རེད། ངན་པ་རྟགས་ཅན་ཟིག་རེད། བོས་ན་ཨ་ཟེར་ནི། བཤད་ན་ཡ་ཟེར་ནི། གོར་གོར་བྱས་ན་དཀྱིལ་ནས་འདུག་ནི། ནར་ནར་བྱས་ན་མགོ་ནས་འདུག་ནི་ཞིག་ཡིན་པས། ཁྱོད་ཚང་གིས་ལོ་སར་ལག་འཇོག་ཙམ་ཞིག་གིས་མི་ཆོགང་མ་ཞང་ནི་མགྲོན་བརྒྱ་གྲལ་གྱི་རྩེ་རྒྱ་ཡིན། བགོས་ན་སྐལ་ཡོད་ནི་ཞིག་དང་། ལེན་པའི་དཔེ་ཡོད་ནི་ཞིག་ཡིན། ངེད་ཚང་ལ་དགོས་ཚོད་བཤད་ན། ཕ་དགུང་སྔོན་འདྲ་བའི་བུ་མོ་ཡིན། ཕ་རྟ་གྱི་ལིང་གྱོ་རྒྱ་དགོས། མ་གཡུ་འབྲུག་འདྲ་བའི་བུ་མོ་ཡིན། མ་རྟ་གཞི་མོ་ལག་དཀར་དགོས། མྱིང་རྒྱ་སྟག་འདྲ་བའི་སྲིང་མོ་ཡིན། མྱིང་རྟ་གྲུ་གུ་ཁྲ་རིལ་དགོས། ཞང་གེ་སར་འདྲ་བའི་ཚ་མོ་ཡིན། ང་ཞང་རྟ་རྐྱང་བུ་ཁ་དཀར་དགོས། ཞང་མཛོ་ཀ་བ་རྭ་རིང་དགོས། ཞང་ལུག་ཚེར་མོ་རྭ་བཞི་དགོས། ཞང་དཀར་དཀར་ཡོལ་དགུ་བརྩེགས་དགོས། བྱིན་ན་མིང་ཡོད་ནི་ཞིག ཁྱེར་ན་འབབ་ཡོད་ནི་ཞིག བླངས་ན་དོན་ཡོད་ནི་ཞིག གསོག་ན་ནོམ་ཡོད་ནི་ཞིག་དགོས། ཞང་དཀར་དཀར་ཡོལ་འབྲུ་བརྒྱ་མ། དེ་རིང་མེད་ན་མི་ཆོག འདི་ན་མེད་རུང་དབུས་ལ་འགྲོ་དགོས། དབུས་ལྷ་སའི་ཁྲོམ་ནས་བཙལ་དགོས། འདི་ན་མེད་རུང་རྒྱ་ལ་འགྲོ་དགོས། རྒྱའི་པེ་ཅིན་མཁར་ནས་བཙལ་དགོས། དཀར་བོ་འབྲུ་བརྒྱ་མ། ས་ན་མེད་རུང་གནམ་ནས་ཡིན་ནའང་ཁྱེར་ནས་ཡོང་དགོས། འདི་ཐེག་པ་ཀླད་པའི་གཙུག་ཡིན་དགོས། མི་ཐེག་ཕྲག་གིས་འཁུར་ཡིན་དགོས། ཞེས་ཁྲོ་བའི་རྫིག་ཉམས་སྟོན།
གཉེན་ཚང་བྲེལ་འཚུབ་ངང་ནས་དཀར་ཡོལ་ཡར་བཙལ་མར་བཙལ་བྱེད་ལ། གལ་ཏེ་མ་རྙེད་ན་སྒོར་མང་པོ་སྟེར་དགོས། མང་ཡུལ་ན་དཀར་ཡོལ་འབྲུ་བརྒྱ་མེད་ཀྱང་གཅན་ཚ་ན་དཀར་ཡོལ་འབྲུ་བརྒྱ་མ་གཅིག་ཡོད་པ་ཐོས་མྱོང་། གཅིག་པོ་དེ་རེས་འཁོར་ནས་ཉོ་རེས་བྱེད་གྱིན་འདུག ད་ལོ་ངེད་ཚང་གིས་མནའ་མ་ལེན་དགོས་ན་དཀར་བོ་འབྲུ་བརྒྱ་མ་ངེས་པར་དུ་སྔོན་ཚང་ནས་ཉོས་ནས་གྲ་སྒྲིག་བྱེད་དགོས། མནའ་མ་བླངས་རྗེས་མནའ་མ་ལེན་མཁན་རྗེས་མ་ཚང་ལ་འཚོང་དགོས། ད་ལྟ་རིན་སྒོར་ལྔ་བརྒྱ་ལ་ཐོན་ཡོད་ཟེར།
གཉེན་ཚང་དང་བར་བས་གོས་དང་ཕྲུག སྒོར་མོ་སོགས་མ་ཞང་གི་མདུན་ལ་བཞག་ནས། བར་བས། ཁྱོད་མ་ཞང་ཞང་ལྷ་གཉེན་པོ། བུ་མོ་སྟོང་གི་ཞང་བོ། ཚ་བོ་བརྒྱ་ཡི་ཞང་བོ། ཤ་ཁྲག་གཉིས་ཀྱི་བདག་པོ། ཨ་མའི་མིང་བོ། ཁྱོད་ལ་འབབ་ནོ་བཤད་ན། འབབ་པ་རི་རིབ་ཡིན། དགོས་པ་རྒྱ་མཚོ་ཡིན།
ངེད་ག་གཉེན་ཚང་ལ་མཚོན་ན། མེ་བུད་པའི་དུ་བ་ཤེད་མེད་ཀི ཇ་བསྐོལ་བའི་འོ་མ་མདོག་མེད་ཀི མར་འཕངས་བའི་རྩམ་པ་སྣུམ་མེད་ཀི ཤ་བཙོས་པའི་སྒུ་ལ་ཞག་མེད་ཀི ཁྱིམ་བཟའ་ཚང་མང་བས་རྒྱུ་མེད་ཀི དེ་ཡིན་ནའང་། ངེད་ག་ཡོད་ཚོད་འཛོམས་ཚོད་ཀྱིས། ལུག་ས་སྤང་རི་སྔོན་མ་ན། ལུག་སྟོང་ཚོ་གཅིག་དང་ལྔ་བརྒྱ་ཡོད། དེ་གཉེན་ལ་མི་དབང་ཞང་ལ་སྟེར།ཞང་བོ་ལེན་ཤེས་བསྐྱུར་ཤེས་བྱོས། ནོར་ས་རྫ་རི་སྨུག་པོ་ནས། ནོར་སྟོང་ཚོ་གཅིག་དང་ལྔ་བརྒྱ་ཡོད། དེ་གཉེན་ཚང་མི་དབང་ཞང་ལ་སྟེར། ཞང་བོ་ལེན་ཤེས་བསྐྱུར་ཤེས་བྱོས། རྟ་ས་འཇག་རི་སུམ་མདོ་ནས། རྟ་སྟོང་ཚོ་གཅིག་དང་ལྔ་བརྒྱ་ཡོད། དེ་གཉེན་ཚང་མི་དབང་ཞང་ལ་སྟེར། ཞང་བོ་ལེན་ཤེས་བསྐྱུར་ཤེས་བྱོས། གཡང་ཁྱིམ་གྲུ་བཞི་མདུན་ཅོག་སྟེང་། སྒོར་སྟོང་ཚོ་གཅིག་དང་ལྔ་བརྒྱ་ཡོད། དེ་གཉེན་ཚང་མི་དབང་ཞང་ལ་སྟེར། ཞང་བོ་ལེན་ཤེས་བསྐྱུར་ཤེས་བྱོས།
མ་ཞང་གིས། གདོང་ལ་འཛུམ་གྱིས་ཁེངས་ནས།
ཡ---རེད---རེད---རེད། ང་དགའ་བཏང་ནི། དགྱེས་བཏང་ནི། རྟ་ར་ར་ཡིན། སྒ་ཁྲ་ཁྲ་ཡིན། བྱིན་པ་ཀླད་པའི་གཙུག་ཡིན། དགའ་བ་སྙིང་གི་ཁོག་ཡིན། ཞེས་སྒོར་ཁྱེར་ཚུལ་མི་གཅིག་ཀྱང་ཕལ་ཆེར་གྱིས་སྒོར་ལྔ་བརྒྱ་ལས་གཏན་ནས་མི་འཁྱེར། འཁྱེར་བའི་སྒོར་གྱིས་བག་མ་དང་མག་པ་གཉིས་ལ་གྱོན་པ་ཆ་ཚང་རེ་ཉོས་ནས་ཕྱིར་སྟེར་བ་ཡིན།
བརྒྱད། ཨ་ཞང་ཚང་གིས་བར་བ་བཅའ་བ།
བར་བ་གཡང་ཁ། བར་བ་ཁྱི་གུ་ཐར། བཞོན་རྒྱུ་རྟ་སྟེར་དགོས། རྟ་མེད་རུང་གཡག་སྟེར་དགོས། ཁ་གྱེན་ལ་སོང་བས་གོང་ ཐག་ཆད། ཁ་ཐུར་ལ་སོང་ནས་རྨེད་ཐག་ཆད། པུས་མོ་རྟ་བྱས་ནས། ཐུ་བ་གདན་བྱས་ལེ། ཁ་ལྕེ་ཝུ་དང་ཀླད་པ་དར་བ་བྱས་ཏེ། སྔུན་འདེད་རྒྱུ་དང་གཞུག་ན་འཁྲིད་རྒྱུ་ཞིག་དགོས་ནི་རེད་ཀྱང་ལུག་བསྐྱིལ་ སའི་ཤུལ་ན་རྩྭ་མེད་ཀི མཁར་རྡུང་སའི་ཤུལ་ན་ས་མེད་ཀི ཁ་གང་ལ་ལོང་ནོ་གོས་ཀྱི་རྩིས་འགོ གཟུགས་གྱེན་ལ་ལོང་ནོ་རྟ་ཡི་རྩིས་དགོས། ངེད་ཚང་ཨ་ཞང་ཚང་ཡོད་ཚོད་འཛོམས་ཚོད་ཀྱིས་འདི་འདྲ་མ་ཞིག་ མེད་པས་ཅིག་དགའ་དགོས། ངོ་ན་རྡུལ་ཞིག་ཡོད་ན་འདག་དགོས། སེམས་ན་སྡུག་ཅིག་ཡོད་ན་ལེན་དགོས།དགུ། གཉེན་ཚང་གི་བར་བ་བཅའ་བ།
ཉེ་བོ་སྔ་ལངས་མགོ་ན་བྱ་མེད་དུས། རྟ་བོ་སྔ་ལངས་མགོ་ན་སྲབ་མེད་དུས། ཙག་བསེར་བུ་ཐོད་ལ་བླངས་ཏེ། རྟ་འདོ་བ་ཐོང་རྔུལ་བྱས་ནས། ས་ནག་པོ་འདོམ་ལ་འཇལ་ལེ། སྤྲིན་དཀར་བོ་ཐོད་ལ་བླངས་ངེ་། ལ་གྱེན་ལ་འདོ་བའི་རྟ་ཚེགས་ནོ། རྟ་འདོ་བའི་གོང་ནས་སྒ་ཚེགས་ནོ། སྒ་ལྷུ་བཞི་གོང་ནས་བར་བ་ཁྱོད་ཚེགས་ནོ། ས་ནག་འདོམ་ལ་འཇལ་ལེ། སྤྲིན་དཀར་ཐོད་ལ་བཟུང་ནས། ས་བྱང་ལམ་རིང་མོ་ཐོད་གཏུགས། ཚིག་ཕ་མ་འདྲ་བོ་ངོ་སྤྲད། ཁྱོས་སྨུག་པོ་གཉེན་གྱི་ མཐའ་འཁྱོངས་ནོ། དཀར་བོ་ཆོས་ཀྱི་དབུས་དྲངས་ནོ། ཁྱོད་མིག་གཉིས་བར་གྱི་གདོང་ཡིན་ནོ། ཆུ་གཉིས་བར་གྱི་ཟམ་པ་ཡིན་ནོ། ཁ་ལྕེ་ཝུ་བ་བྱས་ནོ། ཀླད་པ་དར་བ་བྱས་ནོ། ཁྱོས་སྡུག་འདག་ནོ། ཚེགས་ཕུད་ཟིག སྐུད་སྣེ་ཁབ་ཀྱིས་འཁྲིད་དེ། སྟག་གཟིག་གཉིས་ཀྱི་གོང་བསྒྲིགས་ཟིག ཆུ་སྣེ་ཡིས་འཁྲིད་དེ། ཞིང་ཆུ་མ་གསུམ་ལ་ནས་བཏབ་ཟིག ཚིག་སྣེ་ཚིག་གིས་འཁྲིད་དེ་བདག་ཞང་འཛིན་གཉིས་ཀ་གཉེན་བཟུང་ཟིག སྟོད་ལ་སོང་ནས་ཚིག་འགོ་ཚིག་མནན་ནོ། སྨད་ལ་སོང་ནས་དོན་ཆེན་ཕྲག་ལ་བླངས་ནོ། ཡར་ལ་ཞུས་པ་བྱས་ནོ། མར་ལ་ཐུ་བ་བྱས་ནོ། བཤད་པའི་ཁ་ལྕེ་སྐམ་ནོ། ཁྱོད་འགྲོ་དུས་ཝ་མོ་ཞ་ཞ་བྱས་ནོ། འདུག་དུས་རི་བོང་ཙོག་ཙོག་བྱས་ནོ། འདུར་བའི་དཀའ་ཚེགས་མྱངས་ནོ། ཆུ་ཆེན་ལ་ཟམ་པ་བཙུགས་ནོ། ལམ་ཆེན་ལ་སྲོལ་ཕྱེས་ནོ་བར་བ་ཁྱོད་ཡིན་ནི་རེད། ཡོད་པས་རྟ་འབུལ་མཛོ་འབུལ་ཡིན་ནོ། ། མེད་པས་མེ་ཏོག་མཆོད་འབུལ་ཡིན་ནོ། །སྤྱིར་རྒྱ་ལ་བཤམས་རྒྱུ། བོད་ལ་ངོམས་རྒྱུ་དགོས་ཀྱང་། ངེད་ཚང་ཡོད་ཚོད་མ་རེད་འཛོམས་ཚོད་ཀྱིས་ལེགས་སྐྱེས་ལོ་སར་ཙམ་ལས་མ་འཛོམས་ནོ་ཁ་ར་བསྐངས་ར་ཞིག་ཡོད་མི་ཉན།འདི་སེམས་དཀར་བོའི་སྟེང་ན་ནག་ནོག་ཞིག་ཡོད་མི་ཉན། ལྕེ་དར་མའི་བར་ན་ཚིག་ལོག་ཅིག་ཡོད་མི་ཉན། དགུང་ཉི་མའི་ངོས་ན་བསེར་བུ་ཡོད་ན། དུང་ཟླ་བའི་ངོས་ན་མུན་པ་ཡོད་ན་ཅིག་འདག་དགོས།
བཅུ། བར་བ་འཁང་བ།
ཁྱོད་ཅག་བདག་ཞང་འཛིན་གཉིས་ག་སྟོད་ན་ཤྭ་བོ་ལྡིང་ས་ཡོད་ཀི ། སྨད་ན་ཡུ་མོ་གསང་ལམ་ཡོད་ཀི ། བར་ན་རི་བོང་ཁེར་ལམ་ཡོད་ཀི ། རྒྱུ་འབྱོར་བ་གཉིས་ཀྱིས་བཀང་ཡོད་ཀི དཔོན་གོ་ས་གཉིས་ཀ་བཟུང་ཡོད་ཀི སྟོད་རྒྱ་གར་ཡུལ་ལ་ཆོས་ལམ་ཕྱེས་ཟིག སྨད་རྒྱ་ནག་ཡུལ་ལ་ཚོང་ལམ་ཕྱེས་ཟིག སྤུ་རྒྱལ་བོད་ནས་སྲོལ་ལམ་ཕྱེས་ཟིག ཁྱོད་ཀ་གཉིས་ཀྱི་གཉེན་འདི་དོན་ལ། ང་བར་བ་རྒན་པོས་རི་ཆེན་པོ་ལྟག་གིས་བཞག་ལེ། ཐང་ཆེན་པོ་གཏུབ་གྱིས་བཅད་ནས་རྟ་འདོ་ བརྒྱུགས་ནས་བྱང་ལམ་བཅད་ལ། སྟོད་རི་རབ་ལ་དཀྲིས་གསུམ་བརྒྱབས་ལེ། ས་ནག་ཐང་ལ་ལམ་བཏོད་ཟིག སྟོད་ཀྱི་ཚིག་གསུམ་མར་འཁྱེར་བ། མར་གྱི་ཚིག་གསུམ་ཡར་ལ་ཞུས་ནོ། ཁོག་ཡ་ཆུང་ནང་ནས་གསོན་བཏབ་ནོ། ལྕེ་དར་མའི་ཁུག་ནས་ཚིག་བསྒྲིགས་ནོ། ཞུ་བ་མ་ཎི་བྱས་ཏེ། ཕྱག་ཐོད་པ་བྱས་ནས། གྲོས་འགོ་གྲོས་ཀྱིས་བསྐྱངས་ཏེ། བདག་གཞི་མགྲོན་གཉིས་ཀ་དོན་ཐོག་བབས་ཟིག ཚིག་འགོ་ཚིག་གིས་མནན་ལེ། བདག་ཞང་འཛིན་གཉིས་ཀྱི་གཉེན་བསྒྲིགས་ཟིག ང་བར་བ་འདི་ཙམ་ཞིག་གིས་ག་ལ་ཆོག ང་བར་བ་དགོས་ནོ་བཤད་ན་བར་སྒུ་ཆ་ཚང་ཕར་ཞོག ཕྲག་གཡས་ལ་དཔྱངས་རྒྱུ་དང་ཕྲག་ གཡོན་ལ་འཁུར་རྒྱུ་དགོས་ནས་རེད། སྟོད་ཀྱི་ལ་ལ་འགོས་ནོ། སྨད་ཀྱི་ལུང་བརྒལ་ནོ། ཙག་བསེར་བུ་གཉིས་གདོང་གིས་བསུ་ནོ། ཡར་ནས་ཁ་སྡིགས་ཉོས་ནོ། མར་ནས་སྣ་སྡིགས་ཉོས་ནོ། ང་བར་བ་ཡིན། ཁྱེད་ བདག་ཞང་འཛིན་གཉིས་ཀྱིས་འདི་འདྲ་ལེགས་སྐྱེས་རྟེན་འབྲེལ་ཙམ་གྱིས་མི་ཆོག་ཟེར། ཕན་ཚུན་གཉིས་ཀས་ཅི་ཐུབ་གང་ཐབས་ཀྱིས་བར་བ་དགའ་རུ་འཇུག་དགོས།མཆན།
①བོད་ཀྱི་ཡིག་ཆ་སྔོན་མ་དག་ལས་མགྲོན་པོ་སླེབས་ཚེ། གཡག་གཅིག་ཁྲིད་འོངས་པས། མགྲོན་པོ་རང་གིས་མདའ་བརྒྱབ་ནས་བསད་དེ་ཤ་འགྱེད་གཏོང《དེབ་དཀར》2004ལོའི་པར་ཐེངས་གཉིས་པའི་ཤོག45ངོས་ན་གསལ། “མགྲོན་པོ་ལ་ཅིས་ཀྱང་གཡག་གཅིག་ཁྲིད་ནས་འོངས་པ་དེ་མགྲོན་པོས་མདས་བཀུམས་ནས་ཤ་འགྱེད་གཏོང” དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། 1983ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ལྕགས་པར 《ཐང་ཡིག་གསར་མ》འི་ཤོག་ངོས7ན་གསལ།
②མགྲོན་ཤ་སྒྲིག་སྟངས་ལའང་བཤད་ཚུལ་མི་འདྲ་བ་མང་པོ་འདུག་ཀྱང་དོན་གྱིས་མིའི་བསམ་བློ་འཁྱེར་ཚུལ་མི་འདྲ་མ་གཏོགས་སྔོན་གྱི་སྲོལ་ལུགས་དེ་ཤན་ཞུགས་པ་རེད་སྙམ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com