མཚོ་ལྷོ་ཁུལ་གྱི་དབྱུག་རྩེད་སྤོ་ལོ་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2026-05-15 09:12:10 ཀློག་གྲངས།:
       མཇུག་སྒྲིལ་མ་ཐག་པའི2026ལོའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་པའི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་རྩེད་སྤོ་ལོ་རུ་ཁག་གིས་འགྲན་ཡའི་མདུན་དུ་དཔའ་མི་ཞུམ་པར་རིམ་བཞིན་འགྲན་བསྡུར་རེ་རེ་ལས་རྣམ་པར་རྒྱལ་ཏེ། མཐར་ཕུལ་བྱུང་ཚན་པའི་བྱ་དགའ་ཨང་གཉིས་པ་ཐོབ་ནས། མཚོ་སྔོན་ཞིང་ཆེན་གྱི་དབྱུག་རྩེད་སྤོ་ལོའི་ལུས་རྩལ་རྣམ་གྲངས་ལ་རྒྱལ་ཡོངས་ཀྱི་འགྲན་བསྡུར་ཁྲོད་ལོ་རྒྱུས་ཀྱི་ཆེས་བཟང་བའི་གྲུབ་འབྲས་ཐོབ།
       ཟླ5པའི་ཚེས9ཉིན་གསར་འགོད་པ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོར་སླེབས་པ་ན། གཡུར་ཟའི་གྲུབ་འབྲས་བླངས་ནས་ཕྱིར་ལོག་པའི་གཞོན་ནུ་དབྱུག་རྩེད་སྤོ་ལོའི་རུ་ཁག་དེ་མཐོང་བ་དང་འགྲན་བསྡུར་མཇུག་སྒྲིལ་ནས་ཕྱིར་ལོག་རྗེས་དུས་ཡུན་ཐུང་ངུར་ངལ་གསོས་རྗེས་རྩལ་ཁྲིད་པ་དཔལ་ལྡན་པདྨས་མྱུར་དུ་འགྲན་བསྡུར་མཇུག་སྒྲིལ་གྱི་སྤྱི་བསྡོམས་ཚོགས་འདུ་འཚོགས་ནས་ཐེངས་འདིའི་འགྲན་བསྡུར་བརྒྱུད་རིམ་ཁྲོད་ཀྱི་ཉམས་མྱོང་དང་མི་འདང་སར་དབྱེ་ཞིབ་དང་སྤྱི་བསྡོམས་བྱས་པ་རེད།  
       མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་རྩེད་སྤོ་ལོའི་རྩལ་ཁྲིད་པ་དཔལ་ལྡན་པདྨས་བཤད་རྒྱུར། ཐེངས་འདིའི་ལེགས་སྐྱེས་འགྲན་བསྡུར་ཁྲོད་ང་ཚོ་ནི་ནུབ་བྱང་གི་ཞིང་ཆེན་ལྔའི་འགྲན་བསྡུར་ཁྲོད་ཞུགས་མཁན་གྱི་རུ་ཁག་གཅིག་པུ་དེ་ཡིན་པ་མ་ཟད། རུ་མི་ཚང་མ་རང་ཁུལ་གྱི་མཐོ་རིམ་སློབ་འབྲིང་གི་སློབ་མ་ཡིན་པས། ང་ཚོས་རྒྱལ་ཡོངས་ཀྱི་ལེགས་སྐྱེས་འགྲན་བསྡུར་ཁྲོད་ཕུལ་བྱུང་ཚོགས་ཆུང་གི་བྱ་དགའ་ཨང་གཉིས་པ་བླངས་པ་དེ་ཐོབ་དཀའ་བ་ཞིག་ཡིན་ལ་ལས་སླ་མོ་ཞིག་ཀྱང་མིན། བྱིས་པ་རྣམས་ལ་མཚོན་ན་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་པ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད། འགྲན་བསྡུར་ཁྲོད་དུ་རུ་ཁག་གཞན་པ་དང་འབྲེལ་འདྲིས་བྱས་ནས་དབྱུག་རྩེད་སྤོ་ལོའི་ལག་རྩལ་དང་ཐབས་རྩལ་སློབ་ཐུབ་པར་མ་ཟད། དེ་བས་ཀྱང་རིག་གནས་མི་འདྲ་བ་དང་མི་རིགས་མི་འདྲ་བའི་བར་དུ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཀྱང་ཇེ་དྲག་ཏུ་བཏང་ཡོད་ཟེར།
       མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་རྩེད་སྤོ་ལོ་རུ་ཁག2006ལོར་བཙུགས་པ་དང་། དེ་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དབྱུག་རྩེད་སྤོ་ལོ་རུ་ཁག་ཐོག་མ་ཡིན། ལོ་ངོ་ཉི་ཤུའི་རིང་ལ་སྤོ་ལོ་རུ་ཁག་གིས་མཐོ་སྒང་གི་གྲང་རླུང་དང་ཚ་གདུག་ཁྲོད་སྦྱོང་བརྡར་བྱས་ནས་འཚར་ལོངས་བྱུང་ཡོད་ལ། སྔ་རྗེས་སུ་རྒྱལ་ཁབ་ཀྱི་དབྱུག་རྩེད་སྤོ་ལོའི་རུ་ཁག་གི་རུ་མི6སྐྱེད་སྲིང་བྱས་པ་དང་། རྒྱལ་ཡོངས་ཀྱི་འགྲན་བསྡུར་ཁྲོད་གྲུབ་འབྲས་མི་དམན་པ་བླངས་མྱོང་། ཐེངས་འདིར་ཨང་གཉིས་པ་བླངས་པ་དེས་རྒྱལ་ཡོངས་ཀྱི་ཆུ་ཚད་མཐོ་བའི་འགྲན་བསྡུར་ཁྲོད་མཚོ་སྔོན་གྱི་དབྱུག་རྩེད་སྤོ་ལོའི་གྲུབ་འབྲས་ཀྱི་སྟོང་ཆ་བསྐངས་པ་དང་། མཚོ་སྔོན་གྱི་གཞོན་ནུ་ལོ་ཆུང་གི་དབྱུག་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ལྟ་བུར་ཡང་གྱུར་ཡོད།
       མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་རྩེད་སྤོ་ལོ་རུ་ཁག་གི་རུ་མི་རིན་ཆེན་རྒྱལ་གྱིས་བཤད་རྒྱུར། སྦྱོང་བརྡར་བྱ་རྒྱུ་ཧ་ཅང་དཀའ་ཚེགས་ཆེ་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་འགྲན་རའི་ཁྲོད་རུ་ཁག་སྟོབས་ཆེན་དེ་འདྲ་མང་པོར་འགྲན་ཐུབ་པ་བྱུང་ན། དཀའ་ཚེགས་ཡོད་ཚད་ལ་དོན་སྙིང་ལྡན་པ་ཞིག་རེད་ལ། ང་ཚོ་མཐོ་སྒང་གི་གཞོན་ནུ་དེ་བས་མང་བ་དབྱུག་རྩལ་སྤོ་ལོའི་ར་བ་རུ་འཚར་ལོངས་འབྱུང་བཞིན་པ་མཐོང་བྱུང་ཟེར།
       གངས་ལྗོངས་ས་མཐོ་ནས་རྒྱལ་ཡོངས་ཀྱི་འགྲན་རའི་ཁྲོད། ཁོ་ཚོས་དབྱུག་རྩེད་སྤོ་ལོ་བརྒྱུད་ནས་རང་རང་གི་ཕུགས་འདུན་རྒྱང་རིང་ལ་བཅོལ་ཡོད། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་རྩེད་སྤོ་ལོ་རུ་ཁག་གི་གཏམ་རྒྱུད་ནི་མཚོ་ལྷོ་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འཕེལ་རྒྱས་ཀྱི་དན་རྟགས་ཡིན་ལ། དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་ཚོས་ཕུགས་འདུན་མངོན་འགྱུར་བྱེད་པའི་མཚོན་རྟགས་ཤིག་ཅི་ལ་མིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།