བོད་ཀྱི་གྱོན་ཆས་འཆར་འགོད་པ་བསྟན་འཛིན་རིན་དཔལ།

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2026-07-02 08:30:43 ཀློག་གྲངས།:
       དམག་ཞབས་ཐིམས་པའི་དམག་མི་ཞིག་ནས་གྱོན་ཆས་འཆར་འགོད་པ་ཞིག་གི་བར། ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་སའི་གཞོན་སྐྱེས་མ་བསྟན་འཛིན་རིན་དཔལ་གྱིས་དགའ་ཞེན་དང་སྙིང་རུས་ལ་བརྟེན་ནས་བོད་མི་རིགས་ཀྱི་གྱོན་ཆས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་འབད་བཞིན་ཡོད། ཁྱིམ་ཚང་གི་ཤུགས་རྐྱེན་དང་ཕ་མ་བཟང་པོའི་བཀའ་སློབ་བརྒྱུད་ཆུང་བྱིས་པའི་དུས་ནས་བོད་ཆས་གྱོན་པར་དགའ་བས། སློབ་གྲྭ་ཆེན་མོ་འགྲིམ་སྐབས་ཁོམ་པ་བྱུང་རིམ་བཞིན་འཆར་འགོད་ཀྱི་ལག་རྩལ་ཁག་ལ་སློབ་སྦྱོང་བྱེད་པ། སློབ་གྲྭ་ཐོན་རྗེས་སྔ་རྗེས་སུ་རྒྱལ་ནང་གི་མིང་གྲགས་ཡོད་པའི་སློབ་གླིང་ཁག་ཏུ་ཟབ་སྦྱོང་བྱེད་པར་བསྐྱོད། བསྟན་འཛིན་རིན་དཔལ་གྱིས་དེང་རབས་ཀྱི་འཆར་འགོད་འདུ་ཤེས་དང་སྲོལ་རྒྱུན་གྱོན་གོས་ཀྱི་མཛེས་ཉམས་མཉམ་འདྲེས་བྱས་ཏེ། བོད་ཆས་ལ་དུས་རབས་ཀྱི་གཞི་རྒྱུ་གསར་པ་སྣོན་བཞིན་ཡོད། ད་ལྟ་བོད་ལྗོངས་ལྷ་མོ་ཚོགས་པར་ཕྱག་ལས་གནང་བཞིན་པའི་ཁོང་གིས་གཟེངས་རྟགས་རེ་རེ་དང་འཆར་འགོད་བྱས་པའི་གྱོན་ཆས་རེ་རེས་བོད་ཀྱི་རིག་གནས་འཛམ་བུ་གླིང་དུ་ཁྱབ་སྤེལ་གཏོང་བའི་ཕུགས་འདུན་གསལ་པོ་མཚོན་ཐུབ།
སེམས་ཁོང་དུ་མཛེས་པའི་ས་བོན་བཏབ་པ།
       ཁོང་གིས་བོད་ཆས་ལ་དགའ་ཞེན་འདི་ལྟར་བྱེད་པ་དེ་ཁྱིམ་ཚང་གི་སློབ་གསོ་དང་འཚོ་བའི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། རྒན་རབས་ཀྱིས་སྲོལ་རྒྱུན་གྱོན་ཆས་ལ་བཅངས་པའི་བརྩེ་སེམས་དང་མཐོང་ཆེན་དེ་ས་བོན་ཞིག་དང་འདྲ་བར་བྱིས་དུས་ཀྱི་བསྟན་འཛིན་རིན་དཔལ་གྱི་སེམས་ཁོང་དུ་བཏབ་ཡོད། “ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་ཡིན། ང་རང་ཆུང་དུས་ནང་མི་ཚང་མ་ཕྱུ་པ་གྱོན་རྒྱུར་དགའ་པོ་ཡོད། ལྷག་པར་དུ་ལྷ་སར་ཕྱུ་པ་དང་རྒྱན་གོས་སོགས་ལ་དང་དོད་ཧ་ཅང་ཆེན་པོ་ཡོད། དེའི་དབང་གིས་ང་རང་ཡང་བོད་ཆས་ཀྱི་བཀྲག་མདངས་ཆེ་བའི་ཚོན་རིས་དང་ཁྱད་ལྡན་གྱི་ཁྲ་རིས་སོགས་ལ་བརྗོད་མི་ཐུབ་པའི་དགའ་སྣང་ཞིག་ཡོང་གི་འདུག སྐབས་དེ་དུས་ཨ་མ་ལགས་ཀྱིས་གྱོན་པའི་བོད་ཆས་དེ་འཛམ་གླིང་སྟེང་གི་གྱོན་ཆས་ཡག་ཤོས་དང་མཛེས་ཤོས་དེ་རེད་བསམ་གྱི་ཡོད། དེའི་སྟེང་གི་ཚོན་རིས་རེ་རེ་དང་ཁྲ་རིས་རེ་རེར་བརྗོད་མི་ཚར་བའི་གཏམ་རྒྱུད་རེ་རེ་ཡོད་པ་དང་མཚུངས་ཀྱི་འདུག”ཅེས་འདས་དོན་ལ་ཕྱིར་དྲན་བྱེད་ཞོར་འདི་ལྟར་བརྗོད།
       དེ་ཡང་། བསྟན་འཛིན་རིན་དཔལ་གྱིས་བོད་ཆས་ལ་བཅངས་པའི་བརྩེ་སེམས་དེ་མི་ཚེའི་གདམ་གའི་དབང་གིས་འགྱུར་ལྡོག་སྤུ་ཙམ་འགྲོ་མྱོང་མེད། དམག་མི་བྱེད་པའི་ཕུགས་བསམ་མངོན་འགྱུར་བྱུང་ནས་ཁོང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་ལ་ཡིག་རྒྱུགས་ལོན་ཞིང་། གཟི་བརྗིད་ལྡན་པའི་དམག་མི་ཞིག་ཏུ་གྱུར། དམག་ཁང་དུ་ཁོང་གི་སྙིང་རུས་ལ་ཞུན་བརྡར་ཟབ་མོ་ཐེབས་ཡོད་ལ་སྒྱུ་རྩལ་སློབ་གླིང་གི་ཁོར་ཡུག་གིས་ཁོང་གི་འཆར་འགོད་ཀྱི་མཛེས་དཔྱད་ལྟ་བར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། “དམག་མི་ཞིག་བྱེད་པ་ནི་ངའི་ཆུང་དུས་ཀྱི་ཕུགས་བསམ་ཞིག་ཡིན། གདམ་ག་དེས་ངའི་གཤིས་ཀ་ཙམ་མ་ཟད། མི་ཚེའི་རིན་ཐང་ལྟ་བར་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང”ཞེས་བརྗོད།
སྒྱུ་རྩལ་ལམ་བུར་ཆེད་ལས་ཀྱི་རྨང་གཞི་བཏིང་བ།
       སློབ་གླིང་འགྲིམ་པའི་དུས་བསྟན་འཛིན་རིན་དཔལ་གྱིས་ཁོམ་པ་ཡོད་རིམ་བཞིན་བོད་ཀྱི་སྲོལ་རྒྱུན་གྱོན་ཆས་རིག་གནས་དང་འབྲེལ་བའི་དཔེ་དེབ་དང་ས་གནས་ཁག་གི་བོད་ཆས་ཀྱི་ཁྱད་ཆོས་ལ་དོ་སྣང་དང་སློབ་སྦྱོང་མང་པོ་བྱེད་ཀྱི་ཡོད། སྦྱངས་པའི་གཞུང་ལུགས་རེ་རེ་དང་འཚོལ་ཞིབ་བྱས་པའི་ལག་ལེན་རེ་རེས་ཁོང་གི་འཆར་འགོད་ལམ་བུར་རྨང་གཞི་བརྟན་པོ་བཏིང་ཡོད། སྲོལ་རྒྱུན་གྱི་བོད་ཆས་ལ་གསོན་ཤུགས་གསར་པ་སྦྱིན་དགོས་ན་དགའ་ཞེན་ཡོད་པ་ཁོ་ནས་མི་འགྲིག་པར་ངེས་པར་དུ་རིག་གཞུང་གི་རྨང་གཞི་དང་སྒྱུ་རྩལ་གྱི་ཁད་ཡངས་པོ་ཞིག་དགོས་པ་དེ་གལ་ཆེའི་ནང་གི་འགངས་ཆེ་ཡིན་པ་ཐོག་མཐའ་བར་གསུམ་དུ་བསྟན་འཛིན་རིན་དཔལ་གྱི་བློ་ལ་བརྟན་པོར་ངེས་ཡོད།
     དེ་ལྟར། ཁོང་གིས་སློབ་ཆེན་རིང་སྦྱངས་པའི་གཞུང་ལུགས་དང་འཆར་འགོད་ལག་རྩལ་གཅིག་པུར་བློ་ཡིད་ཚིམས་ནས་མ་བསྡད་པར། རང་ཉིད་ཀྱི་གྱོན་ཆས་འཆར་འགོད་བྱེད་པའི་ལག་རྩལ་གོང་མཐོར་གཏོང་ཆེད་དང་བོད་ཆས་ཀྱི་མཛེས་ཉམས་དེང་རབས་ཀྱི་ན་གཞོན་ཚོའི་མཛེས་དཔྱད་ལྟ་བ་དང་དེ་བས་མཐུན་པ་ཡོང་ཆེད། སློབ་གྲྭ་ཆེན་མོ་ཐོན་རྗེས། སྔ་རྗེས་སུ་ཀྲུང་གོ་ཟློས་གར་སློབ་གླིང་དང་པེ་ཅིང་བྲོ་གར་སློབ་གླིང་དུ་ཟབ་སྦྱོང་བྱེད་པར་བསྐྱོད། རྩེར་སོན་གྱི་སྒྱུ་རྩལ་སློབ་གླིང་དུ་ཁོང་གིས་རང་ཉིད་ལ་རེ་བ་ནན་པོ་བཏོན་ཏེ་གྱོན་ཆས་འཆར་འགོད་ཙམ་མ་ཟད། གར་སྟེགས་ཀྱི་མི་སྣ་དང་གྱོན་གོས་འཆར་འགོད་ཐད་ཀྱི་རིག་གཞུང་ཉིང་བསྡུས་ལ་སློབ་སྦྱོང་ཧུར་ཐག་གནང་བ་རེད། ཟློས་གར་མི་སྣའི་ལོ་རྒྱུས་དང་། རྒྱབ་ལྗོངས་དང་མཐུན་པའི་གྱོན་གོས་འཆར་འགོད། བྲོ་གར་དང་མཛེས་འཆོས་ཀྱི་ལག་རྩལ་ལ་སོགས་པའི་ནང་ཚན་མཐའ་དག་ལ་སྐོམ་པ་ཆུ་འདོད་བཞིན་དུ་སྦྱོང་གི་ཡོད།
       ཟབ་སྦྱོང་ལ་སྐྱོད་པའི་རྩ་ཆེའི་ཉམས་མྱོང་ནི་བསྟན་འཛིན་རིན་དཔལ་གྱི་སྒྱུ་རྩལ་ལམ་བུ་ཇེ་ཡངས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་རེད། ན་གཞོན་ཚོའི་ཡིད་དབང་ཇི་ལྟར་འགུག་པ་དང་། གར་སྟེགས་ཀྱི་མི་སྣ་ཇི་ལྟར་འཆར་འགོད་བྱེད་པ། འཛད་སྤྱོད་པར་གྱོན་ཆས་རིག་གནས་ཇི་ལྟར་མཉམ་སྤྱོད་བྱེད་པ་ལ་སོགས་ཁོང་གི་འཆར་འགོད་ཀྱི་ལག་རྩལ་དང་བསམ་བློའི་འདུ་ཤེས་ལ་ཆུ་ལེན་བུམ་སྟོང་དུ་མ་གྱུར་པའི་ལག་ལེན་དངོས་ཀྱི་གྲུབ་འབྲས་ལེགས་པོ་ཐོབ། “དང་ཐོག་མ་འཆར་འགོད་བྱེད་དུས་མང་ཆེ་བ་རང་ཉིད་ཀྱི་ཚོར་སྣང་ལ་བརྟེན་གྱི་ཡོད། ད་ལྟ་ཆེད་ལས་ཀྱི་ལག་རྩལ་དང་རིག་གནས་ཀྱི་རྒྱབ་ལྗོངས་གཞིར་བཟུང་ནས་འཆར་འགོད་བྱས་པའི་གྱོན་ཆས་འདིས་རིག་གནས་གང་འདྲ་ཞིག་བརྒྱུད་སྤྲོད་བྱེད་པ་དང་། གྱོན་ཆས་འདི་དང་མི་སྣ། ཁོར་ཡུག གར་སྟེགས་སོགས་དབར་ལ་འབྲེལ་བ་གང་འདྲ་ཡོད་པ། ཕན་ཚུན་འབྲེལ་མཐུད་གང་འདྲ་བྱེད་པ་སོགས་ལ་བསམ་བློ་མང་པོ་གཏོང་དགོས་ཀྱི་ཡོད། དེར་བརྟེན། ཟབ་སྦྱོང་ལ་བསྐྱོད་རྒྱུ་བྱུང་བ་ནི་དངོས་གནས་གོ་སྐབས་རྩ་ཆེན་ཞིག་ཡིན་བསམ་གྱི་འདུག ཟབ་སྦྱོང་བྱེད་རིང་ང་རང་གིས་ཀྱང་དུས་ཚོད་འཕྲོ་བརླག་མི་གཏོང་བར་ལག་རྩལ་དང་ཆེད་ལས་སོགས་ལ་སློབ་སྦྱོང་ནན་ཏན་བྱས་པ་ཡིན། དེས་ངའི་སླད་ཕྱིན་གྱི་སྒྱུ་རྩལ་ལམ་བུར་ཕན་ཐོགས་ཆེན་པོ་བྱུང”ཞེས་ཁོང་གི་མིག་ཟུང་ལས་དྲིན་ཚོར་གྱི་འོད་སྣང་འཕྲོ་བཞིན་འདི་ལྟར་བརྗོད།
       དེ་ལྟར། དགའ་ཕྱོགས་ནས་ཆེད་ལས་བར། བསྟན་འཛིན་རིན་དཔལ་གྱི་འཆར་འགོད་ཀྱི་ལམ་བུ་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད།
སྲོལ་རྒྱུན་གྱི་གྱོན་ཆས་ལ་དེང་རབས་ཀྱི་ཚེ་སྲོག་སྦྱིན་པ།
       སྲོལ་རྒྱུན་གྱི་རྒྱན་གོས་རིག་གནས་དེ་དར་སྤེལ་གཏོང་དགོས་ན་ངེས་པར་དུ་དུས་རབས་ཀྱི་མཛེས་དཔྱད་ལྟ་བ་དང་བསྟུན་ནས་བཟོ་ལྟ་དང་། རྒྱུ་ཆ། ཚོན་རིས་སོགས་ལ་གསར་གཏོད་བྱེད་དགོས། དེ་འདྲ་བྱུང་ན་གཞི་ནས་ལོ་ངོ་བརྒྱ་ཕྲག་གོང་གི་མཛེས་ཉམས་ཀྱིས་དེང་དུས་ན་གཞོན་མང་པོའི་ཡིད་དབང་འགུག་ཐུབ་པ་དང་ཁོང་རྣམ་པས་མི་རིགས་ཀྱི་གྱོན་ཆས་གྱོན་རྒྱུར་དགའ་པོ་བྱེད་ཀྱི་རེད། འདི་ནི་བསྟན་འཛིན་རིན་དཔལ་གྱིས་འཆར་འགོད་ལ་བཟུང་བའི་ལྟ་སྟངས་ཤིག་རེད།
       ད་ལྟ། བསྟན་འཛིན་རིན་དཔལ་གྱིས་བོད་ལྗོངས་ལྷ་མོ་ཚོགས་པའི་རིམ་པ་གསུམ་པའི་གར་སྟེགས་གྱོན་ཆས་འཆར་འགོད་པ་དང། མི་སྣའི་བཟོ་དབྱིབས་འཆར་འགོད་པ་སོགས་ཀྱི་འགན་བཞེས་བཞིན་ཡོད་པ་དང་། ཁོང་གིས་འཁྱུག་དབྱིངས་དང་སྐད་འཕྲིན་སོགས་སུ་བསྐུར་བའི་འཆར་འགོད་བརྩམས་ཆོས་གྲས་སུ་ལྷ་མོའི་འཁྲབ་གཞུང་བརྒྱད་ནང་གི་མི་སྣའི་གར་སྟེགས་ཀྱི་བཀོད་པ་དང་། བཀྲག་མདངས་ལྷག་པར་ཆེ་བའི་བྲོ་གར་གྱི་རྒྱན་གོས། དེང་རབས་ཀྱི་སྟབས་བདེ་དང་དར་གསོ་ཆེ་བའི་ཕྱུ་པ་སོགས་མང་པོ་ཡོད་ཅིང་། དེ་བས་ཀྱང་འཛད་སྤྱོད་པའི་ཡིད་དབང་འགུག་པར་བྱེད་པ་ནི་ཁོང་གིས་བོད་ཀྱི་རིག་གནས་ཀྱི་བླ་སྲོག་སྟེ། བཀྲ་ཤིས་རྟེན་འབྲེལ་མཚོན་པའི་རི་མོ་དང་། རི་ཆུ། རང་བྱུང་ཁམས་ཀྱི་མཛེས་ཉམས་སོགས་དེང་རབས་ཀྱི་འཆར་འགོད་ལག་རྩལ་ལ་བརྟེན་ནས་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད་པ་དེ་ཡིན། ཁོང་གི་འཆར་འགོད་བྱས་པའི་གར་སྟེགས་ཀྱི་གྱོན་གོས་མཐའ་དག་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཀྱི་གཞིར་དམ་པོར་བསྟུན་ཡོད་ལ། དེང་རབས་གར་སྟེགས་རྣམ་པའི་མཛེས་ཉམས་དང་། གཟིགས་མོ་བའི་མཛེས་དཔྱད་ཀྱི་ལྟ་བ་སོགས་དང་དམ་པོར་སྦྲེལ་མཐུད་བྱས་ཡོད་པས། རང་མི་རིགས་ཀྱི་ཕུལ་བྱུང་གི་གྱོན་གོས་རིག་གནས་དེ་མ་ཉམས་རྒྱུན་འཛིན་དང་། དར་སྤེལ། ཁྱབ་གདལ་སོགས་ལ་ཐོན་པའི་ནུས་པ་གལ་ཆེན་ནི་བརྗོད་མི་དགོས་པ་ཞིག་རེད་ཨང་། ཁོང་གིས་འཆར་འགོད་བྱས་པའི་གར་སྟེགས་ཀྱི་གྱོན་གོས་འདི་དག་ལ་ཆེད་ལས་ཀྱི་དགེ་རྒན་དང་། གཟིགས་མོ་བ་རྒན་དར་གཞོན་གསུམ་ཚང་མས་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་བཞིན་ཡོད་པ་རེད།
       བརྩོན་འགྲུས་ཅན་ལ་རེ་བའི་འབྲས་བཟང་སྨིན། དེ་ལྟར་ཁོང་གི་ཧུར་བརྩོན་དང་རྒྱུན་འཁྱོངས་ལ་གྲུབ་འབྲས་མི་དམན་པ་ཐོབ་ཅིང་། བསྟན་འཛིན་རིན་དཔལ་གྱིས་སྔ་རྗེས་སུ་ལོ་ལྔའི་རིང་བོད་རང་སྐྱོང་ལྗོངས་ལོ་གསར་མཚན་ཚོགས་ཀྱི་གྱོན་ཆས་སྤྱི་ཁྱབ་ལྟ་ཞིབ་པ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་མཛད་སྒོའི་ཐོག་གི་ཉིང་ཁྲི་དང་ལྷོ་ཁའི་ཚོགས་པའི་གྱོན་ཆས་དང་རིག་རྩལ་མཚན་ཚོགས་ཀྱི་གྱོན་ཆས་འཆར་འགོད་པ། ལྷ་ས་དང་ནག་ཆུ་སོགས་ས་གནས་ཁག་གི་ལོ་གསར་མཚན་ཚོགས་ཀྱི་གྱོན་ཆས་འཆར་འགོད་པ། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་དང་སྒོར་གཞས་འགྲན་བསྡུར་ཆེན་མོ་སོགས་ཀྱི་གྱོན་ཆས་འཆར་འགོད་པ་སོགས་བྱེད་མྱོང་ཡོད་པ་མ་ཟད། «འུན་ཤིང་ཀོང་ཇོ»དང་། «གེ་སར་རྒྱལ་པོ» «དོན་ཡོད་དོན་གྲུབ»སོགས་ཟློས་གར་གྱི་མི་སྣའི་བཟོ་དབྱིབས་དང་གྱོན་གོས་འཆར་འགོད་དང་། ཡུལ་རྣམ་རྣམ་པའི་གཏམ་བརྗོད་ཟློས་གར«མི་དམངས་ཀྱི་དད་མོས»ཀྱི་གྱོན་ཆས་འཆར་འགོད་དང་མི་སྣའི་མཛེས་འཆོས་མཁན་གྱི་འགན་བཞེས་ཏེ། གར་སྟེགས་སྟེང་གི་མི་སྣ་རྣམས་དེ་བས་གསོན་ཉམས་དོད་པ་དང་དེ་བས་མངོན་སུམ་ཡོང་བར་འབད་འཐབ་གནང་བ་རེད།
       2025ལོའི“བོད་མིའི་ཉམས་བཟང་། གངས་རིའི་གོས་རྒྱན”ཞེས་པའི་འཆར་འགོད་འགྲན་བསྡུར་སྐབས་དང་པོར། བསྟན་འཛིན་རིན་དཔལ་གྱིས་འཆར་འགོད་བྱས་པའི་བརྩམས་ཆོས་ལ་བྱ་དགའ་ཨང་དང་པོ་ཐོབ་ཅིང་། ཁོང་གིས་གསར་འགོད་པར་སྐབས་དེ་དུས་འཆར་འགོད་བྱས་པའི་བརྩམས་ཆོས་ཀྱི་པར་སྟོན་བཞིན“རང་ཉིད་ལ་བྱ་དགའ་ཨང་དང་པོ་ཐོབ་ཀྱི་རེད་བསམས་མ་བྱུང་། འོན་ཀྱང་། ཁོང་རྣམ་པས་ངས་འཆར་འགོད་བྱས་པའི་བརྩམས་ཆོས་ལ་མཉེས་པོ་གནང་བ་མཐོང་དུས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། དེ་བས་ངའི་བློ་ངོར་འདི་ནི་གདེང་འཇོག་མཐོ་པོ་བྱས་པ་ཁོ་ན་མ་ཡིན་པར། མི་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་དར་སྤེལ་གཏོང་བའི་འགན་འཁྲི་ཆེན་པོ་ཞིག་སྤྲད་པའི་ཚོར་སྣང་ཡང་བྱུང་། དེར་བརྟེན། བྱ་དགའ་འདི་རག་རྗེས། རང་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་བས་ཡག་པ་སྦྱངས་ཁར་དེར་དེང་རབས་ཀྱི་གསོན་ཤུགས་སྦྱིན་ཏེ། མི་དེ་བས་མང་བས་བོད་ཀྱི་རྒྱན་གོས་རིག་གནས་ལ་ཤེས་རྟོགས་དང་དགའ་པོ་བྱེད་པར་འབད་བརྩོན་བྱེད་པའི་སེམས་ཤུགས་ཆེན་པོ་སྐྱེས་བྱུང”ཞེས་བརྗོད།
       དེ་ཡང་། གསར་འགོད་པས་ཁོང་ལ་ད་བར་འཆར་འགོད་བྱས་པའི་བརྩམས་ཆོས་ཁྲོད་ནས་བློ་ཡིད་ཚིམས་ཤོས་དེ་གང་ཡིན་མིན་སྐོར་ལ་བཀའ་འདྲི་ཞུ་སྐབས། བསྟན་འཛིན་རིན་དཔལ་གྱིས“ད་བར་ངས་འཆར་འགོད་བྱས་པའི་གར་སྟེགས་ཀྱི་གྱོན་གོས་ཧ་ཅང་མང་པོ་ཡོད། ཡིན་ནའང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་མཛད་སྒོ་དང་རིག་རྩལ་མཚན་ཚོགས་ཀྱི་གྱོན་གོས་འདི་དག་བློ་ཡིད་ཚིམས་ཤོས་ཡིན་བསམ་གྱི་འདུག གང་ལགས་ཤེ་ན། གཅིག་ནས་རང་སྐྱོང་ལྗོངས་དབུ་བརྙེས་པའི་བཀྲ་ཤིས་རྫོགས་ལྡན་གྱི་དུས་བཟང་འདི་འདྲ་ཞིག་ལ་རང་ཉིད་ཀྱི་ནུས་ཤུགས་ཅུང་ཟད་འདོན་རྒྱུ་བྱུང་བ་ནི་ང་རང་གི་གཟི་བརྗིད་ཅིག་ཡིན་བསམ་གྱི་འདུག གཉིས་ནས་སྐབས་དེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་མཛད་སྒོ་འཚོག་ཡུལ་དང་རིག་རྩལ་མཚན་ཚོགས་ལ་ཞུགས་པས། དངོས་གནས་དམིགས་བསལ་གྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་སྤོབས་སེམས་ཆེན་པོས་བརྗོད།

གྱོན་གོས་རིག་གནས་ཁྱབ་གདལ་གཏོང་བར་འབད་པ།
       བསྟན་འཛིན་རིན་དཔལ་གྱིས་ཞིབ་ཚགས་ཤིང་ངང་རྒྱུད་རིང་བའི་གཤིས་ཀར་བརྟེན་ནས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱན་གོས་རིག་གནས་ལ་འཚོལ་ཞིབ་གཏིང་ཟབ་དང་། དམག་མིའི་བློ་བརྟན་འགྱུར་མེད་ཀྱི་རང་གཤིས་ལ་བརྟེན་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཁྲག་རྒྱུན་སྐྱོང་བཞིན་ཡོད། ཁོང་གི་བློ་ངོར་བོད་ཆས་རེ་རེ་ནི་རྒྱུན་སྤྱོད་ཀྱི་གྱོན་གོས་ཤིག་དང་། རྟེན་མཛོད་ཁང་ནང་གི་རིག་དངོས་ཙམ་ཞིག་མ་ཡིན་པར། མི་རིགས་ཀྱི་དྲན་ཤེས་གཏམས་ཤིང་བོད་ཀྱི་གཏམ་རྒྱུད་གླེང་བའི་སྒྱུ་རྩལ་གྱི་ཐོན་རྫས་ཤིག་ལ་བརྩི་ཡི་ཡོད།
       མ་འོངས་པར། བསྟན་འཛིན་རིན་དཔལ་ལ་འཆར་གཞི་ཁ་གསལ་ཡོད་དེ། ཁོང་གིས“ད་ལྟ་བོད་ལ་གར་སྟེགས་གྱོན་ཆས་འཆར་འགོད་ཀྱི་ལས་ཀ་བྱེད་མཁན་མང་པོ་དེ་ཙམ་མེད། འོན་ཀྱང་། ངས་མུ་མཐུད་སློབ་སྦྱོང་ཡག་པོ་དང་རྒྱུན་འཁྱོངས་ཡག་པོ་བྱས་ཏེ། འཆར་འགོད་ལ་བརྟེན་ནས་བོད་ལ་དགའ་པོ་བྱེད་མཁན་དང་བོད་ཆས་ལ་དགའ་པོ་བྱེད་མཁན་རྣམ་པར་བློ་ཡིད་ཚིམས་པའི་བོད་ཆས་གྱོན་ཐུབ་པ་དང་། བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཛམ་གླིང་དུ་དར་སྤེལ་གཏོང་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡིན། རེ་བར་ན་གཞོན་དེ་བས་མང་བས་ང་དང་མཉམ་དུ་རང་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བའི་བྱ་གཞག་ལ་ཞུགས་རྒྱུའི་རེ་བ་ཡོད”ཅེས་གདེང་ཚོད་ཆེན་པོས་བརྗོད།
       བསྟན་འཛིན་རིན་དཔལ་གྱི་འཆར་འགོད་ལམ་བུ་ལས་ང་ཚོའི་བོད་ཀྱི་གཞོན་སྐྱེས་མའི་ཕུགས་བསམ་ཆེད་དུ་འབད་བརྩོན་དང་རྒྱུན་འཁྱོངས་བྱེད་པ་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གསར་དར་ལག་རྩལ་སློབ་སྦྱོང་དང་གསར་གཏོད་བྱེད་ཕོད་པ་བཅས་ཀྱི་རང་གཤིས་ཤུགས་སུ་མངོན་བཞིན་འདུག་ལ། འདི་ནི་ཏང་གི་སྲིད་ཇུས་བཟང་པོའི་འོག བོད་ཀྱི་ན་གཞོན་ཚོས་རང་ཉིད་ཀྱི་ཕུགས་འདུན་དོན་དུ་གཉེར་ཞིང་ཀྲུང་ཧྭའི་རིག་གནས་འཛམ་གླིང་ལ་ཁྱབ་གདལ་གཏོང་བར་འབད་འཐབ་བྱེད་བཞིན་པའི་བསྡུས་རིས་ཤིག་ཀྱང་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།