ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > དེབ་གསར«རྟེན་འབྲེལ་དང་སྟོང་པ། —རྒྱ་བོད་ནང་བསྟན་གྱི་རྟེན་འབྲེལ་ལྟ་དགོངས་གཤིབ་སྡུར།»པར་དུ་སྐྲུན།
དེབ་གསར«རྟེན་འབྲེལ་དང་སྟོང་པ། —རྒྱ་བོད་ནང་བསྟན་གྱི་རྟེན་འབྲེལ་ལྟ་དགོངས་གཤིབ་སྡུར།»པར་དུ་སྐྲུན།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-07-01 17:22:10
ཀློག་གྲངས།:
བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་ར་ས་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་བརྩམས་པའི་དཔྱད་འབྲས་གསར་པ«རྟེན་འབྲེལ་དང་སྟོང་པ། —རྒྱ་བོད་ནང་བསྟན་གྱི་རྟེན་འབྲེལ་ལྟ་དགོངས་གཤིབ་སྡུར།»ཞེས་པ་ཉེ་ཆར་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

གཅིག དེབ་གསར་གྱི་ནང་དོན་གནད་བསྡུས།
རྒྱ་བོད་ནང་བསྟན་མཚན་ཉིད་རིག་པའི་ནང་གི་རྟེན་འབྲེལ་དང་འབྲེལ་བའི་དགོངས་དོན་དེ། རྩ་བ་གཅིག་ལས་གྱེས་པའི་ཡལ་ག་ཤིན་ཏུ་ཡངས་ཤིང་ཡས་པ་གཉིས་ཡིན། ཡལ་ག་དེ་ཡི་གྲིབ་བསིལ་སྣུམ་པོའི་འོག་ཏུ། མི་ལོ་སྟོང་ཕྲག་ལྷག་རིང་། རིགས་ཤེས་གཙོ་བོར་གྱུར་པའི་བསམ་བློའི་རིག་གནས་དང་ཡིད་དུང་གཙོ་བོར་གྱུར་པའི་སྒྱུ་རྩལ་གྱི་རྣམ་གྲངས་ཤིན་ཏུ་མང་པོ། གནས་འདིར་འཚོ་བའི་སྐྱེ་འགྲོ་མང་པོའི་གསོས་སུ་སྨིན་ཞིང་། ཕན་ཚུན་འཆམ་མཐུན་དང་ཞི་བདེའི་ངང་ནས་འབྲེལ་འདྲིས་བྱེད་པའི་གྲུ་བོ་མཆོག་ཏུ་གྱུར་པ་ཞིག་ཏུ་གྲུབ་པ། རིག་གནས་དང་ལོ་རྒྱུས་ལ་སྤྱན་མིག་ཡངས་པ་ཀུན་ལ་མཐོང་ཆོས་མྱོང་གྲུབ་ཏུ་གྱུར་པ་དེ་ལྟར་ལགས། ཡང་ཡུལ་དུས་དང་བསམ་བློའི་བཀོད་ཤུགས་དབང་གིས་རང་རང་སོ་སོར་ཐུན་མིན་གྱི་ཁྱད་ཆོས་ཀྱང་ཅུང་ཟད་ཅུང་ཟད་རེ་མངའ་བ་ནི་བརྗོད་མི་དགོས་ཤིང་། དེ་འདྲའི་ཐུན་མིན་གྱི་ཁྱད་ཆོས་རེ་མངའ་ཡོད་ལ། མངའ་ཡང་ཆོག་པའི་ཁྱད་ཆོས་དེ་ནི་ཏག་ཏག་ནང་བསྟན་མཚན་ཉིད་རིག་པས་ཐབས་ཀྱི་ཆ་ལ་ཤིན་ཏུ་གཙིགས་འཛིན་གནང་བའི་འབྲས་བུ་ཞིག་ཀྱང་ཡིན་ལ། དེ་ཉིད་གཞུང་ལུགས་ཁོ་ན་མཁྲེགས་སུ་འཛིན་པ་མིན་པར། གདུལ་བྱར་སྨན་ན། ཁམས་དང་མོས་པའི་དབང་གིས་ཡུལ་དུས་གང་ཡང་རུང་བར་བསྟུན་ཏེ། ལྡེམ་དགོངས་ཅན་བརྒྱད་ལ་སོགས་པའི་ཐབས་རྨད་དུ་བྱུང་བ་མང་པོ་ཡོད། ཡང་ཁམས་དང་མོས་པའི་དབང་གིས་ཡུལ་དུས་གང་ཡང་རུང་བར་བསྟུན་ཞེས་བརྗོད་ན། རྩ་དོན་མེད་པ་ཡང་མིན་ཏེ། འོ་ན་རྩ་དོན་གང་ཞེ་ན། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི༼བསྒོམ་རིམ་དང་པོ༽ཡི་ཐོག་མ་རུ། དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། ཞེས་བསྟན་གནང་བ་ལྟར། རྩ་དོན་གཅིག་པུ་ནི་སྙིང་རྗེ་ཆེན་པོ་ཡིན་ཞིང་། སྙིང་རྗེ་ཆེན་པོའི་དབང་གིས་སྐྱེ་འགྲོར་སྨན་སླད་ཡུལ་དང་དུས་ལ་བསྟུན་པར་སོང་བ་ཡིན་ལ། ཡང«མངོན་རྟོགས་རྒྱན»ལས་ཀྱང་། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་ཤེས་རབ་ཀྱིས་གཞན་དབང་དུ་གྱུར་པའི་སྲིད་པ་རྩ་བའི་འཁོར་བ་བཅད་པ་ཙམ་གྱིས་མི་ཆོག་པར། ཐབས་སྙིང་རྗེ་ཆེན་པོས་རང་དབང་གིས་སླར་ཡང་སྲིད་པ་འཁོར་བར་ཞུགས་ཏེ་སེམས་ཅན་གྱི་དོན་བྱེད་དགོས་ཚུལ་མང་དུ་ཡོད། དེ་ནི་ཐབས་ཀྱི་ཆའམ་རྟེན་འབྲེལ་གྱི་ཡོན་ཏན་རྨད་དུ་བྱུང་བ་ཡིན་ཕྱིར། འདིར་ཐབས་ཀྱི་ཆའམ་རྟེན་འབྲེལ་གྱི་ཆ་ལ་གཙོར་འདོན་གྱིས་གཤིབ་དཔྱད་བྱེད་པའི་དགོས་པ་ཡང་དེ་ཡིན་ནོ། །
གཉིས། དེབ་ཀྱི་དཀར་ཆག



ཆེད་དེབ་འདིར་ས་བཅད་ཆེ་བ་ལྔར་བགོས་ཡོད་དེ། ས་བཅད་དང་པོར་གཙོ་བོ༼རྟེན་འབྲེལ༽སྤྱི་བཤད་དང་ད་དུང་སྐད་བརྡ་རིག་པ་དང་རིག་གནས་ཀྱི་རྒྱབ་ལྗོངས་དང་འབྲེལ་ཏེ་དེའི་འཕེལ་རིམ་ལ་དཔྱད་ཡོད། ས་བཅད་གཉིས་པར་བོད་བརྒྱུད་ནང་བསྟན་གྱི་རྟེན་འབྲེལ་དང་འབྲེལ་བའི་ལྟ་གྲུབ་ལ་འགྲེལ་བརྗོད་བྱས་ཡོད། གཙོ་བོ་རྙིང་མ་བས་བཞེད་པའི་རྟེན་འབྲེལ་གྱི་ལྟ་གྲུབ་སྐོར། ས་སྐྱ་བས་བཞེད་པའི་རྟེན་འབྲེལ་གྱི་ལྟ་གྲུབ། བཀའ་བརྒྱུད་པས་བཞེད་པའི་རྟེན་འབྲེལ་གྱི་ལྟ་གྲུབ། ཇོ་ནང་པའི་རྟེན་འབྲེལ་ལས་བྱུང་བའི་ལྟ་དགོངས། ཇོ་ནང་བས་འདོད་པའི་རྟེན་འབྲེལ་གྱི་གོ་བ། དགེ་ལུགས་པའི་རྟེན་འབྲེལ་དང་འབྲེལ་བའི་ལྟ་དགོངས་བཅས་ལ་འགྲེལ་བརྗོད་བྱས་ཡོད། ས་བཅད་གསུམ་པར་རྒྱ་བརྒྱུད་ནང་བསྟན་གྱི་རྟེན་འབྲེལ་དང་འབྲེལ་བའི་ལྟ་གྲུབ་ལ་འགྲེལ་བརྗོད་བྱས་ཡོད། གཙོ་བོ་བསྟན་བཅོས་གསུམ་གྱི་ལུགས(三论宗)དང་འབྲེལ་བའི་རྟེན་འབྲེལ་སྐོར། ཆོས་ཀྱི་མཚན་ཉིད་སྨྲ་བའི་ཆོས་བརྒྱུད(法相宗)ཀུན་གཞིའི་རྟེན་འབྲེལ་གྱི་དགོངས་པ། ཐེག་ཆེན་དད་པའི་སྒོ་འབྱེད་ཀྱི་བསྟན་བཅོས་ཀྱི་དེ་བཞིན་ཉིད་ཀྱི་རྟེན་འབྲེལ་གྱི་ལྟ་བ། ཐན་ཐཱེ་ཆོས་བརྒྱུད་ཀྱི་ཆོས་ཀྱི་མཚན་ཉིད་སྨྲ་བའི་ལྟ་དགོངས།(天台宗诸法实相论) མདོ་སྡེ་ཕལ་ཆེའི་ཆོས་བརྒྱུད་ཀྱི་ཆོས་ཀྱི་ཁམས་ཀྱི་རྟེན་འབྲེལ་ལྟ་བ།(华严宗的法界缘起论) བསམ་གཏན་ཆོས་བརྒྱུད།(禅宗) དག་ཞིང་ཆོས་བརྒྱུད་དང་དེའི་ལྟ་དགོངས།(净土宗) འདུལ་བའི་ཆོས་བརྒྱུད།(律宗) གསང་སྔགས་ཆོས་བརྒྱུད་ཀྱི་ལྟ་དགོངས(密宗)བཅས་ལ་འགྲེལ་བརྗོད་བྱས་ཡོད། ས་བཅད་བཞི་པར་རྒྱ་བོད་ནང་བསྟན་གྱི་རྟེན་འབྲེལ་གྱི་ལྟ་དགོངས་གཤིབ་སྡུར། (སྟོད་ཆ)ལ་གཙོ་བོ་ཡུལ་དུས་ཀྱི་རྒྱབ་ལྗོངས་ནས་བསྡུར་བ། སྒྲིག་གཞིའི་ཐོག་ནས་བསྡུར་བ། རིག་གནས་ཀྱི་བསམ་བློའི་རྨང་གཞི་གཤིབ་སྡུར་དང་དཔྱད་པ་བྱས་ཡོད། ས་བཅད་ལྔ་པར་རྒྱ་བོད་ནང་བསྟན་གྱི་རྟེན་འབྲེལ་གྱི་ལྟ་དགོངས་གཤིབ་སྡུར། (སྨད་ཆ)ལ་གཙོ་བོ་རྒྱ་བོད་ནང་བསྟན་གྱི་རྟེན་འབྲེལ་ལ་འཛིན་པའི་གོ་སྟོབས་ཀྱི་ཁྱད་པར། རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་གྱི་གཙོ་གནད་ལ་ཁྱད་པར་ཡོད་པ། ཀུན་རྫོབ་རྟེན་འབྲེལ་གྱི་རྣམ་གཞག་གི་ཐོག་ནས་གཤིབ་སྡུར་དང་། རྒྱ་བོད་ནང་བསྟན་གྱི་རྟེན་འབྲེལ་ལྟ་གྲུབ་ཀྱི་མཐུན་ཆོས་བཅས་ཀྱི་ཐོག་ནས་གཤིབ་དཔྱད་པ་བྱ་ཁུལ་བྱས་མོད། ཕྲན་རང་སྐྱེས་སྦྱང་གི་སྟོབས་རྩལ་ཞན་པས། གནས་ལུགས་ཀྱི་རང་ཞལ་གསལ་བར་སྟོན་མི་ནུས་པའི་ཆའང་གང་མང་ཡོད་ངེས་པས། དཔྱོད་ལྡན་དག་གིས་ཀུན་སློང་དག་ཅིང་ཐུགས་བརྩེ་འདོར་བ་མེད་པའི་ཐོག་ནས་རིན་ཐང་བཀའ་སློབ་གང་མང་སྩོལ་གནང་ཡོད་པ་ཞུ་ཞེས་ཀྱང་ཡང་ནས་ཡང་དུ་ཞུའོ། །
གསུམ། རྩོམ་པ་པོ་ངོ་སྤྲོད།

ར་ས་བསྟན་འཛིན་ཆོས་གྲགས། 1982ལོར་ལྷ་ས་གྲོང་ཁྱེར་དུ་སྐྱེས། བོད་ལྗོངས་སློབ་ཆེན་བོད་ཀྱི་སྐད་ཡིག་རྩོམ་རིག་ཚན་ཁག་ཏུ་དགེ་མིང་ཙམ་འཛིན་བཞིན་ཡོད། ད་བར«རིག་གནས་རིག་པ་སྤྱི་བཤད»སོགས་དཔེ་དེབ་བདུན་པར་སྐྲུན་དང་། «བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་མཛེས་རྟོག་བསམ་བློར་དཔྱད་པ»སོགས་དཔྱད་རྩོམ་བཅུ་གྲངས་ཤིག་དུས་དེབ་ཁག་ཏུ་སྤེལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།







青公网安备63252102000006号