སྒྲུང་གཏམ་འབྲི་ཐབས་རགས་བསྡུས་ཤིག་ངོ་སྤྲོད་པ།

རྩོམ་པ་པོ།:ཐེ་སྙོམས་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-11 09:45:00 ཀློག་གྲངས།:
༢ སྤྱི་ཚོགས་ཁོར་ཡུག་འབྲི་ཚུལ།
      སྤྱི་ཚོགས་ཁོར་ཡུག་ཅེས་པ་ནི་རྩོམ་གཞུང་དུ་སྤྱི་ཚོགས་ཀྱི་ཆབ་སྲིད་དཔལ་འབྱོར་གྱི་ལམ་ལུགས་དང་དུས་རབས་ཀྱི་འཕོ་འགྱུར་སྣ་ཚོགས་དང་། མི་རིགས་ཀྱི་རིག་གནས་སྲོལ་རྒྱུན། ཡུལ་སྲོལ་གོམས་གཤིས་དང་མི་ཕན་ཚུན་གྱི་འབྲེལ་བ་ལ་སོགས་པའི་ཁོར་ཡུག་རྒྱ་ཆེན་པོ་དང་དེ་མིན་བརྗོད་བྱའི་མི་སྣ་འགྲོ་འདུག་ཉལ་གསུམ་གྱི་འཚོ་གནས་དངོས་ཀྱི་རི་ར་བ་ཁང་ཁྱིམ་གྱི་ཁོར་ཡུག་བྱེ་བྲག་པ་ལ་བྱའོ་ཞེས་འབྲེལ་ཡོད་ལ།དཔེར་ན།《སྤྲུལ་སྐུ》ཞེས་པའི་སྒྲུང་རྩོམ་དུ་ལོ་རབས་བརྒྱད་ཅུ་བའི་ནང་བྱུང་མྱོང་བའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་གཞིར་བཟུང་སྟེ་ཆོས་མིན་ཆོས་སུ་བརྫུས་པའི་སྤྲུལ་སྐུ་རྫུན་མ་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱས་པ་བརྒྱུད་ནས་དེའི་ནག་ཉེས་ཐེར་འདོན་དང་དམངས་ཀྱི་རྨོངས་ཞེན་ལ་དགག་བཞག་དང་སུན་འབྱིན་དེ་མིན་རྗེས་ལུས་དང་བག་འཁུམས་སོགས་ཚུར་དངོས་སྣང་གི་རྣམ་པའི་ཚུལ་ལ་སྦྱར་ཏེ་སྤྱི་ཚོགས་གནས་ཚུལ་མཚོན་པར་བྱས་པ་ལྟ་བུའོ།ཁོར་ཡུག་ཞིབ་འབྲི་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ཡང་ཁོར་ཡུག་རིས་སུ་ཐོན་པར་བྲིས་པ་ལ་བརྟེན་ནས་མི་སྣའི་རང་གཤིས་ཀྱི་ཉམས་ཐོན་པར་བྱ་རྒྱུ་དང་། རྩོམ་པ་པོའི་ནང་སེམས་ཀྱི་ཆགས་སྡང་སེམས་བྱུང་གི་འགྱུར་བ་སྣང་བརྙན་གྱི་གཟུགས་སུ་མངོན་པར་རམ་འདེགས་བྱ་རྒྱུ་དེ་ཡིན། ལྷག་པར་མི་སྣའི་ནང་སེམས་ཀྱི་འགྱུར་བ་ཕྱིའི་ཡུལ་ལྗོངས་ཀྱི་རྣམ་པ་བརྟེན་ནས་མཚོན་པའི་འོ་ཆུ་བཞིན་འདྲེས་པའི་སྣང་ཚུལ་འབྲི་བཞེངས་བྱ་ཐུབ་ཚེ་སྒྲུང་གཏམ་དེ་གསོན་ཉམས་ཀྱི་དཔལ་དང་ལྡན་ནོ།།
༣ བརྩམས་སྒྲུང་གི་མི་སྣའི་བྱ་འགུལ་འབྲི་བཞེངས་བྱེད་ཚུལ།
བརྩམས་སྒྲུང་གི་མི་སྣའི་བྱ་འགུལ་འབྲི་བཞེངས་བྱེད་པ་ལ།
༡ དཀའ་ཞིང་སྡུག་པའི་ཁོར་ཡུག་གི་ནང་ནས་མི་སྣའི་བྱ་འགུལ་འབྲི་བཞེངས་བྱེད་པ་སྟེ།མི་སྣ་དེའི་བསམ་པའི་རྣམ་པ་མངོན་པར་མཚོན་དགོས།
༢ འཐབ་རྩོད་ཀྱི་ཀློང་ནས་མི་སྣའི་བྱ་འགུལ་འབྲི་བཞེངས་བྱས་ཏེ། མི་སྣའི་བསམ་པའི་རང་བཞིན་མཚོན་དགོས།
༣ རྒྱུན་ཆགས་ཀྱི་འཚོ་བའི་ཁྲོད་མི་སྣའི་བྱ་འགུལ་འབྲི་བཞེངས་བྱས་ཏེ། མི་སྣའི་བསམ་པ་གསལ་བར་མཚོན་དགོས།
༤ ཆེད་འབྲི་ལྟ་བའི་ཐབས་ལམ་ལ་བརྟེན་ནས་མི་སྣའི་བྱ་འགུལ་འབྲི་བཞེངས་བྱས་ཏེ། མི་སྣའི་རང་བཞིན་དྲག་ཏུ་གཏོང་དགོས་སོ།།

དོན་ཚན་གསུམ་པ།

༡ སྒྲུང་རྩོམ་གྱི་སྒྲིག་གཞི་བརྗོད་པ།
༢ སྒྲིག་གཞིའི་རིགས་དབྱེ་ཚུལ།
༣ སྒྲུང་རྩོམ་རིགས་གསུམ་དུ་དབྱེ་ཚུལ།
༡ སྒྲུང་གཏམ་གྱི་སྒྲིག་གཞི།
      སྒྲིག་གཞི་ཡི་གོ་དོན་ནི་རྩོམ་འཇུག་རིག་གཞོན་དགའ་ཚལ་དུ་“མི་སྣ་གསར་བཟོ་དང་བསྟན་དོན་མཚོན་པའི་དགོས་མཁོ་ལྟར། རྩོམ་མཁན་གྱིས་རྟོག་བཟོ་བྱས་ཟིན་པའི་མི་སྣ། དོན་རྐྱེན་སྣང་ཡུལ་སོགས་དྲང་ཟོལ་ཟུང་འབྲེལ། འཇགས་འགུལ་སྣོལ་སྡེབ། རྒྱས་བསྡུས་འཚམ་པ། གྲིམ་ལྷོད་རན་པའི་སྒོ་ནས་ཚོགས་ཤིང་འདུས་ཏེ་གཅིག་འདུ་འོས་འཚམ་ཆ་ཚང་བཅས་ཡིན་པའི་སྒྱུ་རྩལ་ཕུང་བོ་ཞིག་བསྒྲིགས་པ་དེ་ལ་ཟེར”ཞེས་གསུངས་པ་ལྟར་གསར་རྩོམ་གྱི་སྐབས་སུ་ཐོག་མར་དོན་གྱི་བྱུང་རིམ་དང་། རྩོམ་ནང་དུ་བཀོད་པའི་མི་སྣ་ཕྱིར་འབུད་བྱེད་སྟངས། མི་སྣའི་གཤིས་ཀ་ཕྱི་རྣམ་པའི་ཚུལ་དུ་ཇི་ལྟར་མངོན་དགོས་པ། མི་སྣའི་སེམས་ཁམས་ཀྱི་འདུ་ཤེས་ཇི་ལྟར་ཕྱིར་དུ་སྟོན་དགོས་པའི་ཉམས་ལ་སོགས་པ་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་སྙིགས་དོར་བཅུད་ལེན་བྱེད་དགོས། སྒྲིག་གཞི་ལའང་རྩ་བའི་གོ་རིམ་དུ་མ་ཡོད་ལ་གསར་རྩོམ་ལ་བཞུགས་མཁན་ཞིག་གིས་སྒྲིག་གཞི་གཏན་འབེབས་བྱེད་སྐབས་གོ་རིམ་དེ་ངེས་པར་ཤེས་དགོས། ༡བཟོ་གཅོད་དམ་འདོར་ལེན། ༢སྒྲིག་བཀོད། ༣འཚམས་སྦྱོར། ༤ གཞོགས་འདེགས་བཅས་ཡིན་ཡིན།
༡ བཟོ་གཅོད་དམ་འདོར་ལེན་ཞེས་པ་ནི་བརྩམས་ཆོས་ཀྱི་ནང་དུ་བརྗོད་བྱ་དང་མི་མཐུན་པའམ། བརྩམས་ཆོས་དང་འོས་འཚམས་མིན་པའི་ཐ་སྙད་དམ་ཚིག་སྦྱོར་སོགས་བཟོ་བཅོས་ཀྱི་ཐབས་ལམ་ཞིག་ལ་གོ་ན་མི་འགྲིག་པ་མེད་སྙམ།གསར་སློབ་པ་ཞིག་ལ་མཚོན་ན་བརྩམས་སྒྲུང་འབྲི་སྐབས། འདོར་ལེན་གྱི་ཐབས་ལམ་ལ་རྟེན་ན་ཚིག་སྦྱོར་འབྲེལ་ཆགས་ཤིང་། བརྗོད་བྱའི་དོན་གཏིང་ཇེ་ཟབ་ཏུ་འགྲོ་ངེས་ཡིན།
༢ སྒྲིག་བཀོད་ཅེས་པ་ནི། བརྗོད་བྱར་བཟུང་བའི་དོན་རྣམས་གོ་རིམ་བཞིན་སྤེལ་ཚུལ་གྱི་ཐབས་ཤེས་ཤིག་ཡིན་ལ། སྒྲིག་གཞི་ཡི་སྐབས་སུ་སྒྲིག་བཀོད་ཀྱི་ཐབས་ཤེས་ལ་བསྟེན་ཚེ་བརྩམས་སྒྲུང་དེ་བཙན་སྒྲིག་བྱས་པ་ཞིག་མ་ཡིན་པར། སྒྱུ་རྩལ་གྱི་རྣམ་པ་ངང་ངམ་ཤུགས་ཀྱིས་ཐོན་ཐུབ། སྒྲིག་བཀོད་ཀྱི་ལེགས་ཉེས་ཀྱིས་སྒྲིག་གཞིའི་ལེགས་ཉེས་ཀྱང་མཚོན་ཐུབ་པས་སྒྲིག་བཀོད་ལེགས་པོར་འབྱུང་བར་ཏན་ཏན་འབད་དགོས།
༣ འཚམས་སྦྱོར་ཞེས་པ་ནི་སྒྲིག་བཀོད་དང་བསྟུན་ནས་འཚམས་སྦྱོར་འོས་མཐུན་ཇི་ལྟ་བྱ་བ་དེ་ཡིན་ལ། མི་སྣའི་ཕྱི་ནང་གི་འགུལ་སྤྱོད་དམ་ཡང་ན་རང་ཉིད་ཀྱི་ཡིད་མཚོན་བཤད་པ་སོགས་ཕྱོགས་གཅིག་ཏུ་སྦྱར་དགོས་པ་དེའོ།།
༤ གཞོགས་འདེགས་ནི། དོན་བསྡུས་པའི་སྒོ་ནས་བཤད་ན་ཕན་ཚུན་ལ་རོགས་རམ་བྱེད་པ་དེ་ཡིན་ལ། སྒྲིག་གཞིའི་སྐབས་སུ་ཅིའི་ཕྱིར་གཞོགས་འདེགས་ཞེས་པའི་ཐ་སྙད་འདི་དགོས་པ་རེད་ཞེ་ན། སྒྱུ་རྩལ་གྱི་ཐབས་ལམ་གཅིག་བསམ་གཞིགས་ཀྱི་ཁྲོད་ནས་བརྩམས་སྒྲུང་ཁྲོད་དུ་བཀོད་རྒྱུ་བྱུང་ན། དེའི་ནུས་ཤུགས་ཀྱིས་བརྩམས་ཆོས་དེའི་སྒྱུ་རྩལ་གྱི་རྣམ་པ་སྔར་ལས་མཛེས་ཉམས་ཀྱིས་སྤུད་ཐུབ་པས་དེས་དེ་ལ་གཞོགས་འདེགས་བྱས་པའོ།།
༢ སྒྲིག་གཞིའི་རིགས་དབྱེ་ཚུལ།
      སྒྲིག་གཞིའི་རིགས་དབྱེ་ཚུལ་ལ་ཁྲི་བསམ་གཏན་གྱིས་བརྩམས་པའི༼རྩོམ་འཇུག་རིག་གཞོན་དགའ་ཚལ༽དུ།
༡ བསྟན་དོན་མང་ཉུང་གི་ཆ་ནས་གཉིས་སུ་དབྱེ་ཚུལ་དང་།
༢ སྣེ་མོ་མང་ཉུང་གི་ཆ་ནས་གསུམ་དུ་དབྱེ་ཚུལ།
༣ དོན་རྐྱེན་སྒྲིག་ཐབས་ཀྱི་ཆ་ནས་དྲུག་དུ་དབྱེ་ཚུལ་སོགས་གསལ་བོར་བརྗོད་ཡོད་ལ།
རེ་རེ་ཀློག་བདེ་བར་བཀོད་ན་འདི་ལྟར།
སྒྲིག་གཞིའི་རིགས་ལ་རྣམ་གྲངས་དུ་མ་སྟེ།།
༡ བསྟན་དོན་མང་ཉུང་ཆ་ནས་དབྱེ་ན་གཉིས།།
འགྲོས་ཐིག་གཅིག་ཅན་འགྲོས་ཐིག་གཉིས་ཅན་ནི།།
བསྟན་དོན་མང་ཉུང་ཆ་ཡི་དབྱེ་བ་དང་།།
༢ སྣེ་མོ་མང་ཉུང་ཆ་ནས་དབྱེ་ན་གསུམ།།
སྣེ་གཅིག་ཅན་དང་སྣེ་གཉིས་སྣེ་གསུམ་ཡིན།།
༣ དོན་རྐྱེན་སྒྲིག་ཐབས་ཆ་ནས་དབྱེ་ན་དྲུག།
མགོ་མཇུག་ཇི་བཞིན་མཚོན་པའི་འབྱེད་གཏོང་ཅན།།
བཀག་སྡོམ་ཅན་དང༼ཡོངས་འདུས༽༼བརྒྱུད་འབྲེལ༽དང་།།
སྐོར་བ་ཅན་དང་སྤྲོ་ཟེར་ལ་སོགས་དྲུག།
དོན་རྐྱེན་སྒྲིག་ཐབས་དྲུག་གི་རྣམ་གྲངས་ཡིན།།
༣ སྒྲུང་རྩོམ་རིགས་གསུམ་དུ་དབྱེ་ཚུལ།
      སྤྱིར་བརྩམས་སྒྲུང་གི་རིགས་དབྱེ་ཚུལ་ལ་བཞི་ཡི་སྒོ་ནས་དབྱེ་ཚུལ་དང་གསུམ་གྱི་སྒོ་ནས་དབྱེ་ཚུལ་དང་བརྗོད་དོན་དང་མཚོན་ཚུལ་གྱི་རྣམ་པ་མི་འདྲ་བའི་དབང་གིས་རང་རྣམ་གྱི་བརྩམས་སྒྲུང་དང་། རབ་བཏགས་ཀྱི་བརྩམས་སྒྲུང་། ལོ་རྒྱུས་ཀྱི་བརྩམས་སྒྲུང་སོགས་དབྱེ་བ་མང་པོ་ཡོད་ཞེས་སྟོབས་རྒྱལ་གྱིས་བརྩམས་པའི་རྩོམ་རིག་གཞུང་ལུགས་རྣམ་བཤད་དུ་གསལ་ལ་རྒྱུགས་ཆེ་བ་ནི་རིགས་གསུམ་གྱི་སྒོ་ནས་དབྱེ་ཚུལ་ཡིན། རིགས་བཞི་ཡི་སྒོ་ནས་དབྱེ་ཚུལ་ནི་བརྩམས་སྒྲུང་རིང་གྲས་དང་། བརྩམས་སྒྲུང་འབྲིང་གྲས། བརྩམས་སྒྲུང་ཐུང་གྲས། བརྩམས་སྒྲུང་ཆེས་ཐུང་གྲས་བཅས་ཡིན་ལ། གཞུང་ལུགས་གཞན་དག་ཏུ་གསུངས་པར་ནང་བཞིན་སྒྲུང་རིང་སྒྲུང་འབྲིང་སྒྲུང་ཐུང་གསུམ་དུ་དབྱེ་ཆོག་པ་ལས་གོང་གི་བརྗོད་དོན་གྱི་ཆ་ནས་དབྱེ་བ་སོགས་འདིའི་རིགས་སུ་མ་འདུས་པ་མེད་པའི་ཕྱིར།
༡ སྒྲུང་རིང་།
      སྒྲུང་རིང་ཞེས་པ་ནི་སྒྲུང་རྩོམ་རིང་གྲས་ཡིན་ལ། ཆེ་བ་མིའི་རིགས་སྤྱི་དང་རྒྱལ་ཁབ་སོགས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་བཀོད་འབྲི་བྱས་ཆོག་ལ། དེ་མིན་ཚོགས་ཁག་གམ་མི་སྒེར་གྱི་དོན་རྣམས་སྒྱུ་རྩལ་གྱི་ཐབས་ཤེས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་རྩ་བའི་རང་བཞིན་མངོན་པར་མཚོན་དགོས། རྩོམ་གཞུང་དུ་སྒྲུང་རིང་གི་ཚད་ཡིག་འབྲུ་འབུམ་ཕྲག་གཅིག་ནས་དུ་མའི་བདག་ཉིད་ཅན་ཡིན་དགོས་ཚུལ་བཤད་ཡོད་མོད། བརྩམས་སྒྲུང་རིང་གྲས་རིང་བོར་འབྲི་བ་ནི་གཏམ་རྒྱུད་དང་ཚིག་ཚོགས་སྣོན་རྒྱུ་དེ་གཅོ་བོར་མ་ཡིན་པར་ནང་སེམས་ཀྱི་བརྩེ་བ་དྭངས་མ་ཞིག་གམ་སྒྱུ་རྩལ་གྱི་རྣམ་པ་འབྲི་བཞེངས་བྱ་རྒྱུ་གཙོ་བོ་ཡིན། དེ་མིན་སྒྲུང་རིང་འབྲི་བ་ལ་མི་སྣ་མང་ཞིང་སྤྱི་ཚོགས་འཚོ་བ་གཏིང་ཟབ་ས་ནས་མཚོན་རྒྱུ་གལ་ཆེ། ཡིག་འབྲུ་ཡི་ཆ་ནས་ཚད་འཛིན་པ་ནི་རྩོམ་རིག་དཔྱད་བརྗོད་པས་གཞུང་དུ་བཀོད་པ་ཡིན་ལ། རྩོམ་པ་པོ་ཞིག་མཚོན་ན་འདི་ལ་དམིགས་ཡུལ་བཅིངས་ནས་གསར་རྩོམ་ལ་ཚད་བཀག་བྱེད་མི་རུང༌། རྩོམ་པ་པོས་སྤྱི་ཚོགས་འཚོ་བའི་བརྗོད་བྱ་བདམས་སྐབས་བརྗོད་བྱ་འགའ་རེ་སེམས་ལ་འཆར་ཙམ་བྱས་རྗེས་ནུབ་པ་དང༌། བརྗོད་བྱ་འགའ་རེ་གཅིག་ལ་གཅིག་འབྲེལ་ཅིང་མུ་བསྐྱངས་ཏེ་གནས་པ། བརྗོད་བྱ་འགའ་སྣ་མང་རྙོག་འཛིང་ལྡན་པ། བརྗོད་བྱ་འགའ་རེ་རྐྱང་བར་གནས་པ་བཅས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་སྒྲུང་རིང་སྒྲུང་ཐུང་སོགས་བྱུང་བ་ཡིན། སྒྲུང་རིང་སྒྲུང་ཐུང་ཡིག་འབྲུས་འབྱེད་ཅེས་པ་དང༌། སྒྲུང་རིང་སྒྲུང་ཐུང་བརྗོད་བྱས་འབྱེད་ཅེས་པ་གཉིས་ནི་རྩོམ་རིག་གཞུང་ལུགས་པ་དང་རྩོམ་པ་པོ་གཉིས་ཀྱི་བར་དུ་གོ་ནོར་བྱུང་བ་ཞིག་རེད། རྩོམ་རིག་གཞུང་ལུགས་དཔྱད་བརྗོད་པས་ཡིག་གྲངས་ལ་བལྟས་ནས་སྒྲུང་རིང་འབྲིང་ཐུང་གསུམ་འབྱེད་པ་ལས་བརྗོད་བྱ་ལ་བལྟས་ནས་སྒྲུང་རིང་སྒྲུང་འབྲིང་སྒྲུང་ཐུང་གསུམ་འབྱེད་མི་ཐུབ། ཡིག་འབྲུ་བརྒྱ་ཡས་མས་ཀྱི་ཡིག་བརྒྱ་མ་ཞིག་སྒྲུང་རིང་རེད་ཟེར་སྲོལ་མེད་ལ། ཡིག་འབྲུ་སུམ་འབུམ་གྱི་བརྩམས་སྒྲུང་ཞིག་སྒྲུང་ཐུང་རེད་ཟེར་སྲོལ་མེད། རྩོམ་པ་པོས་བརྗོད་བྱ་ལ་བརྟེན་ནས་སྒྲུང་རིང་སྒྲུང་ཐུང་བདམས་དགོས། བརྗོད་བྱ་མུ་འབྲེལ་བ། རྙོག་འཛིང་ཆེ་བ་ཞིག་ཡིག་འབྲུ་བརྒྱས་མཚོན་མི་ཐུབ་ལ། བརྗོད་བྱ་སྣ་གཅིག་གམ་རྐྱང་བ་ཡིག་འབྲུ་སུམ་འབུམ་གྱིས་མཚོན་པའི་དགོས་པ་མེད། གལ་ཏེ་ཡིག་འབྲུ་སུམ་འབུམ་གྱིས་བརྩམས་ཆོས་སྒྲུང་གཏམ་ཞིག་ཡིན་ན། དེའི་བརྗོད་བྱ་རྐྱང་བ་ཞིག་མིན་ཁོ་ཐག་ཡིན་ལ། གལ་ཏེ་བརྗོད་བྱ་སྣ་གཅིག་ལས་མེད་ན་ཡིག་འབྲུ་སུམ་འབུམ་ལོངས་ཐབས་མེད། གནད་འགག་འདིའི་སྟེང་ནས་སྒྲུང་རིང་སྒྲུང་ཐུང་གི་ཁྱད་པར་ལ་བལྟ་དགོས། ༢༠༡༢ལོའི་ནོར་བེར་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་གྲགས་ཅན་མོ་ཡན་གྱིས་བརྩམས་སྒྲུང་རིང་གྲས་ཀྱི་མཚོན་བྱེ་འདི་ལྟར་བཞག་ཡོད་དེ་རིང་ཚད་དང་ཚགས་དམ་ཚད་དཀའ་ཚད་གསུམ་བརྩམས་སྒྲུང་རིང་གྲས་ཀྱི་མཚོན་བྱེད་ཡིན་ཞེས་བཤད་ཡོད་ལ། རིང་ཚད་ཞེས་པ་ནི་གང་འདོད་དུ་འཐེན་པ་མིན་ལ། གང་འདོད་དུ་བསྐྱིལ་བ་འང་མིན། འུད་ཤོབ་ཤོད་པ་མ་ཡིན་ལ། ཁོག་སྟོང་དེ་བས་མིན། ཤོག་བུས་བཟོས་པའི་སྟག་གཟིག་མ་ཡིན་ལ་གཟིགས་ལྤགས་བསྐོན་པའི་བོང་བུ་འང་མིན། རིང་ཚད་ནི་བདེན་དགེ་མཛེས་གསུམ་ཡིན། ཁྲུང་ཁྲུང་གི་རྐང་པ་ཡིན། ངེས་པར་དུ་རིང་པོ་དགོས། རིང་པོ་མེད་ན་འགྲིག་ཐབས་མེད། རིང་པོ་ཐམས་ཐད་རིང་པོ་ཡིན་དགོས། ལྕགས་རི་རིང་པོ་དེ་ལྟར་རིང་དོན་ཅི། དེའི་སྟག་རྒྱབ་ན་མེ་ལྕེ་བཞིན་འབར་བའི་རྒྱལ་སྲིད་ཅིག་ཡོད་པས་དེ་ལྟར་བརྐྱངས་བྱུང་། བརྩམས་སྒྲུང་རིང་གྲས་ཀྱི་ཚགས་དམ་ཚད་ཞེས་པ་ནི། ཚགས་དམ་པའི་དོན་རྐྱེན་དང་ཚགས་དམ་པའི་མི་སྣ། ཚགས་དམ་པའི་བསམ་བློ་ལྡན་པར་གོ་དགོས། སེམས་པའི་མཚོ་མོ་དགུང་དུ་བསྐྱོམས་ནུས་པ་དང་དོན་རྐྱེན་དང་མི་སྣ་རང་གྲུབ་ཏུ་གྱུར་བ། ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་ནུས་པའི་རྩོམ་དེ་ཡིན་པ་ལས། སྐད་ཆ་ཚིག་འགའ་རེས་མཚོན་ཐུབ་པའི་བརྩམས་སྒྲུང་མ་ཡིན། བརྩམས་སྒྲུང་རིང་གྲས་ཀྱི་སྐད་བརྡའི་དཀའ་ཚད་ཞེས་པ་ནི་བརྩམས་སྒྲུང་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐད་སྤྱད་པར་གོ་དགོས། འོན་ཀྱང་། ཡུལ་སྐད་དེ་བཙོ་སྦྱངས་ཐོབ་ཟིན་པའི་སྐད་ཆ་ཡིན་དགོས་པ་ལས་ཆེད་དུ་ཡུལ་ལུང་བྱེ་བྲག་པའི་ཡུལ་སྐད་བསྲེས་ཏེ་ལྟ་ཀློག་ལ་དཀའ་ཁག་བཟོ་བ་མ་ཡིན། ཡུལ་སྐད་ནི་སྐད་བརྡའི་གཏེར་མཛོད་ཡིན་ཀྱང་མི་སྣའི་བར་གྱི་གཏམ་གླེང་ཁོ་ནར་ཡུལ་སྐད་སྤྱད་དེ་གསོན་ཉམས་ལྡན་པའི་མི་སྣའི་གཤིས་ཀ་འབྲི་བཞེངས་བྱེད་འདོད་པ་ནི་ནོར་འཁྲུལ་ཞིག་རེད། དོན་དངོས་ཐོག་འཕྱོར་འབྲིའི་སྐད་ཆར་ཡུལ་སྐད་སྤྱོད་ཐུབ་ན་དེ་ནི་སྐད་བརྡའི་ལེགས་སྐྱེས་ཤིག་རེད། བརྩས་སྒྲུང་རིང་གྲས་ཀྱི་རིང་ཚད་དང་ཚགས་དམ་ཚད། དཀའ་ཚད་ཀྱིས་བརྩམས་སྒྲུང་རིང་གྲས་རང་ངོས་ཀྱི་བརྗིད་ཉམས་ལྡན་པའི་ངོས་ཤིག་བསྐྲུན་པ་ཡིན། བརྩམས་སྒྲུང་རིང་གྲས་ཀྱི་ནང་དུ་མགོ་བདེ་དྲན་འཕྲུལ་ཅན་ཡོད་མི་རིགས། དེ་ནི་ཟིལ་ཉམས་ལྡན་ཅིང་ཤོང་ཚད་ཆེ་བ་དང་། བཟང་ངན་མཉམ་འདྲེས་ཅན་གྱི་རྩོམ་ལུས་ཤིག་ཡིན། དེའི་ནང་དུ་སུན་སྣང་ཅན་དང་གྲུང་མདོག་ཅན་གནས་ས་མེད་ཅིང་། གླགས་ཡུས་ཤོད་ས་དང་ངོ་དགའ་སྤྲེལ་ལད་ཤོད་ས་དེ་བས་ཀྱང་མེད་ཅེས་གསུངས་པ་བཞིན་སྒྲུང་རིང་ཡིན་མིན་གྱི་དབྱེ་བ་ཡང་ཡིག་འབྲུ་ཡི་ཚད་རྐྱང་བ་མ་ཡིན་པར་ཕྱོགས་དུ་མ་ནས་བསྟེན་ཡོད་པ་བཞིན་ནོ།།
༢ སྒྲུང་འབྲིང་།
      སྒྲུང་རིང་མ་ཡིན་ལ་སྒྲུང་ཐུང་མ་ཡིན་པའི་བར་མ་དེ་ལ་སྒྲུང་རྩོམ་འབྲིང་བ་ཞེས་ཟེར་ཞིང་། སྒྲུང་འབྲིང་གིས་དངོས་ཡོད་འཚོ་བའི་ནང་གི་དངོས་དོན་བྱེ་བྲག་པ་ཞིག་ངེས་པར་མཚོན་དགོས་ལ། འཚོ་བའི་ཁྲོད་ཀྱི་དོན་རྐྱེན་ཆེ་ཤོས་གང་རུང་བརྗོད་བྱར་བཟུང་ནས་སྣང་བརྙན་རིས་སུ་ཐོན་པར་འབྲི་དགོས། བམ་ཚད་དེ་ལ་ཡིག་འབྲུ་ཆིག་ཁྲི་དུ་མ་དགོས་པ་རྩོམ་གཞུང་དུ་ཡང་བཤད་འདུག དཔེར་ན་ཨཱQཡི་རྟོགས་བརྗོད་ལྟ་བུ་སྒྲུང་འབྲིང་རིགས་ཀྱི་བརྩམས་སྒྲུང་ཡིན།
༣ སྒྲུང་ཐུང་།
      སྒྲུང་ཐུང་ནི་ཚིག་ཚོགས་མང་པོ་མི་སྤུངས་བར་བརྗོད་བྱ་གཏིང་ཟབ་མོའི་སྒོ་ནས་འབྲི་ཐབས་ཤིག་ཡིན་ལ།མ་གཞི་འབྲི་ཐབས་དེ་ཐུང་གྲས་ཡིན་པས་བརྗོད་བྱ་གཏིང་ཟབ་དགོས་པ་མ་གཏོགས་རྒྱ་སྐྱེད་མི་རུང་། མི་སྣའང་ཉུང་དགོས་ཤིང་སྤྱི་ཚོགས་འཚོ་བ་སྙིང་བསྡུས་བཅུད་ལེན་གྱི་སྒོ་ནས་སྒྱུ་རྩལ་གྱི་རྣམ་པ་བེད་སྤྱད་ནས་འབྲི་དགོས།ཨུ་རུ་སུའི་སྒྲུང་རྩོམ་མཁན་གྲགས་ཅན་ཆི་ཁོ་ཧྥུ་ཡིས་བརྩམས་པའི་སྒྲུང《ཁྲ་ཁྲ་འུག་པའི་སྒྲོ》ལྟ་བུ་ནི་ཡིག་འབྲུ་ཉུང་ཤིང་དོན་གྱི་བྱུང་བའི་ཡུན་ཚད་ཀྱང་ཆུ་ཚོད་གཅིག་ཙམ་མ་ལོངས་པ་ཞིག་ཡིན་ཡང་། བརྗོད་བྱ་གཏིང་ཟབ་ལ་སྤྱི་ཚོགས་འཚོ་བའི་ལོགས་གཅིག་གི་སྣང་ཚུལ་མངོན་པར་མཚོན་པར་བྱས་ཡོད་པས་སྒྲུང་ཐུང་འབྲི་བ་འདི་ལྟ་བུའི་ཐབས་ལམ་དགོས། དེང་སྒྲུང་ཐུང་འབྲི་བར་རློམ་པའི་རྩོམ་པ་པོ་དབྱར་གྱི་ཤ་མོ་བཞིན་རྡོལ་བཞིན་ཡོད་མོད།  ཁོ་ཚོས་ཡི་གེའི་མང་ཉུང་ཆ་ནས་བསམ་གཞིགས་བྱེད་བཞིན་ཡོད་པ་མ་གཏོགས་དོན་གྱི་བྱུང་བའི་ཡུན་ཚད་མི་སྣའི་མང་ཉུང་སོགས་ལ་མཉམ་འཇོག་བྱེད་བཞིན་མེད་པ་འདྲ།དེའི་ཕྱིར་ང་ཚོས་ངེས་པར་གཞུང་ལུགས་ཚད་ལྡན་ཞིག་སྦྱངས་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། ང་ཚོ་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་ཞིག་ཡོད་དུས་སྒྲུང་རྩོམ་འབྲི་བ་བོ་ཡིན་ན་འདྲ། མཐའ་དཔྱོད་པ་ཞིག་ཡིན་ནའང་འདྲ་སོ་སོའི་ནུས་པ་དེ་སྔར་ལས་ཐོལ་བརྒལ་རང་བཞིན་ཅན་དུ་འགྱུར་སྲིད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།