སྒྲུང་གཏམ་འབྲི་ཐབས་རགས་བསྡུས་ཤིག་ངོ་སྤྲོད་པ།

རྩོམ་པ་པོ།:ཐེ་སྙོམས་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-11 09:45:00 ཀློག་གྲངས།:

གླེངབརྗོད།

      དེ་ཡང་སློབ་དཔོན་ཙནྟྲ་གོ་མའི་ཞལ་ནས་གང་ཕྱིར་མཁས་པའི་ལས་གསུམ་ལས།། འཆད་རྩོད་ངག་ལ་མ་ངེས་པ།། སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ།། ལེགས་ངག་མཆོག་ནི་རྩོམ་པ་གསུངས།།ཞེས་བསྟན་པ་ལྟར་མཁས་པའི་བྱ་བ་གསུམ་ལས་རྩོམ་པའི་བྱ་བ་རླབས་ཆེ་ལ། ཡབ་མེས་གོང་མ་ཚོའི་བསུབ་མེད་ཀྱི་མཛད་རྗེས་དེ་དག་རྡོ་བརྐོས་ཀྱི་རི་མོ་ཇི་བཞིན་ལྷམ་མེ་ལྷན་ནེ་ལྷང་ངེ་ང་ཚོའི་མིག་ལམ་དུ་མངོན་བཞིན་པ་ཡང་རྩོམ་པའི་བྱེད་ནུས་ཡིན་པའང་བསྙོན་དུ་མེད། ཡིན་ཡང་། དང་ཐོག་གསར་རྩོམ་ལ་འཇུག་སྐབས་གཞུང་ལུགས་སོགས་ཀྱི་དོན་ཇི་བཞིན་རྟོགས་ཕྱིར་ད་གཟོད་བརྗོད་འདོད་ཀྱི་དོན་དེ་འདུ་ཤེས་ཀྱི་རྩོལ་བ་བརྒྱུད་ནས། ཚིག་སྦྱོར་གྱི་ལམ་དུ་སྤེལ་ཚེ་སྒྱུ་རྩལ་གྱི་སྣང་བརྙན་འབུར་དུ་ཐོན་ཐུབ་པ་མ་གཏོགས། གཞུང་ལུགས་སོགས་ཀྱི་རྒྱབ་རྟེན་གང་ཡང་མེད་པར་རྩོམ་པར་འཇུག་པ་ནི་ལག་མེད་བྲག་ལ་འཛེགས་པ་བཞིན་ནོ། ཡིན་ཡང་ཡིན་ཏེ། ལེ་ཉིན་གྱིས་གསར་བརྗེའི་རིགས་པའི་གཞུང་ལུགས་མེད་ན་གསར་བརྗེའི་ལས་འགུལ་སྤེལ་མི་ནུས་སོ་ཞེས་གསུངས་པ་ལྟ་བུ་དང་། རྩོམ་རིག་གཞུང་ལུགས་སྤྱི་དོན་དུ་སྤྱིར་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ་གཞུང་ལུགས་ཀྱི་སྤྱིའི་རྣམ་བཞག་ཙམ་ལ་མ་བསླབ་པའི་ལག་ལེན་ནི་ལག་རྟེན་མེད་པའི་ལོང་བ་གཡང་སར་ལྷུང་བ་བཞིན་ཉེན་ཁ་ཆེའོ་ཞེས་བཤད་པ་བཞིན་གཞུང་ལུགས་ནི་ང་ཚོའི་ལམ་སྟོན་གྱི་སྒྲོན་མེ་ཡིན་པ་དེའོ།། དཔེར་ན་རྗེ་བདག་ཉིད་ཆེན་པོའི་རྣམ་ཐར་འགངས་གཅིག་ཏུ་འདུལ་བའི་ཚིག་བཅད་ཤོ་ལོ་ཀ་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཞེས་པ་ལྟ་བུ་ལ་གཞིགས་ན། རང་ཉིད་ཀྱི་ངེས་ཤེས་སམ་རྣམ་དཔྱོད་རྐྱང་བ་ལ་མ་བསྟེན་པར། གཞུང་ལུགས་ལ་སྦྱངས་པ་རྒྱ་ཆེན་བྱེད་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་སྙམ། སྤྱིར་རྩོམ་རིག་ཅེས་པ་ནི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་ལ། སྒྱུ་རྩལ་ལའང་ནང་གསེས་སུ་གཟུགས་སྐྲུན་པའི་སྒྱུ་རྩལ་དང་། སྐད་ཆའི་སྒྱུ་རྩལ། འཁྲབ་སྟོན་སྒྱུ་རྩལ་དང་སྣ་མང་སྒྱུ་རྩལ་སོགས་རིགས་ཀྱི་དབྱེ་བ་ཡོད་པ་ང་ཚོས་གཞུང་ལུགས་སུ་ཤེས་དགོས་ལ། འདིའི་སྐབས་སུ་རེ་རེ་ནས་གསལ་བྱེད་བྱེད་དགོས་པའི་ངེས་པར་མེད་དོ།། འོ་ན་རྩོམ་རིག་གཞུང་ལུགས་ཞེས་པ་ནི་ཇི་ལྟ་བུ་ཞིག་ཡིན་ནམ་ཞེ་ན། རྩོམ་རིག་གཞུང་ལུགས་ཞེས་པ་ནི་རྩོམ་རིག་གསར་རྩོམ་ལག་ལེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། རྩོམ་རིག་གི་ངོ་བོ་དང་ཆོས་ཉིད་བརྗོད་པའི་རིག་པའི་གཞུང་ལུགས་ཤིག་ལ་ཟེར་ཞིང་། རྩོམ་རིག་གཞུང་ལུགས་སྤྱི་དོན་ལས་རྩོམ་རིག་གི་རིགས་པའི་གཞུང་ལུགས་ནི་རྩོམ་རིག་སྒྱུ་རྩལ་གྱི་མཛེས་རྟོག་གི་ཆོས་ཉིད་ལ་རྟོག་ཅིང་དཔྱོད་པའི་སྤྱི་ཚོགས་ཚན་རིག་ཅིག་སྟེ། རིགས་གཞུང་འདིའི་གཞལ་བྱའི་རྩོམ་རིག་སྒྱུ་རྩལ་ནི་རྩོམ་པ་པོའི་རྟོག་སྣང་གི་རིག་པའི་འཆར་སྒོ་ལ་བརྟེན་ནས་སྒྱུ་རྩལ་སྣང་བརྙན་གསར་སྐྲུན་དང་ཆགས་སྡང་གི་སེམས་བྱུང་སྣ་ཚོགས་དང་། སྤྱི་ཚོགས་འཚོ་བ་དང་། མི་ཚེའི་རིན་ཐང་སོགས་དང་འབྲེལ་བའི་རྩོམ་པ་པོའི་མཛེས་རྟོག་གི་འདུ་ཤེས་མངོན་པར་མཚོན་པའི་ངག་གི་རྣམ་པར་རིག་བྱེད་དུ་རྦུར་བའི་སྐད་ཆའི་སྒྱུ་རྩལ་དེ་ཡིན་ཞེས་བཤད་པ་བཞིན་ནོ།།

དོན་ཚན་དང་པོ།

སྒྲུང་གཏམ་གྱི་གོ་དོན་དང་སྒྲུང་གཏམ་གྱི་བྱུང་འཕེལ་མདོ་ཙམ་བརྗོད་པ།
༡ སྒྲུང་རྩོམ་མམ་སྒྲུང་གཏམ་ཞེས་པའི་གོ་དོན།
༢ སྒྲུང་གཏམ་གྱི་བྱུང་འཕེལ་མདོ་ཙམ་བརྗོད་པ།
༡ སྒྲུང་རྩོམ་གྱི་གོ་དོན།
      རྩོམ་རིགས་གཞུང་ལུགས་སྤྱི་དོན་དུ(སྒྲུང་རྩོམ་ནི་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱེད་པ་ལྟེ་བར་བཟུང་ནས་སྤྱི་ཚོགས་འཚོ་བ་མཚོན་ཞིང་རྩོམ་པ་པོའི་བསམ་འདུན་མཚོན་པའི་དོན་གྱི་བྱུང་བ་བརྗོད་པའི་ཚིག་ལྷུག་གི་རྣམ་པའི་རྩོམ་ལུས་ཤིག་ཡིན)ཞེས་འགྲེལ་ཡོད་པ་དང་། གསར་བྱུང་རྒྱུན་བཀོད་མིང་མཛོད་དུ(མི་སྣའི་སྣང་བརྙན་བསྐྲུན་པ་དང༌། དོན་རྐྱེན་གྱི་བྱུང་རིམ་སྒྲིག་པ། ཁོར་ཡུག་གི་ཡུལ་ལྗོངས་ཀྱི་རྣམ་པ་ཞིབ་འབྲི་བྱེད་པ་སོགས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་འཚོ་བ་དང་འགལ་བ་སོགས་སྙིང་བསྡུས་སུ་མཚོན་པར་བྱེད་པའི་དོན་བྲིས་ངོ་བོ་ཅན་གྱི་རྩོམ་རིག་པའི་རྩོམ་སྟངས་ཤིག་སྟེ། དེའི་ནང་གསེས་རྒྱས་བསྡུས་འབྲིང་གསུམ་གྱི་དབྱེ་བ་སོགས་ཡོད་དོ་ཞེས་བྲིས་ཡོད། ཁྲི་བསམ་གཏན་གྱིས་སྒྲུང་གཏམ་གྱི་མཚན་ཉིད་དུ(སྒྲུང་གཏམ་ནི་རང་རྐྱ་ཐུབ་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན། དེ་སྙན་ངག་དང་འཁྲབ་གཞུང་སྣ་ཚོགས་དང་མི་མཚུངས་ལ། སྒྲུང་གཏམ་མ་འདུས་པའི་སྒྲ་དོག་འཇུག་གི་ཚིག་ལྷུག་དང་ཡང་མི་མཚུངས། དེར་ངེས་པར་ཚང་དགོས་པའི་གྲུབ་རྐྱེན་གཏན་འཁེལ་རང་བཞིན་ཞིག་ཡོད་པ་རེད། དེང་སང་གི་མིས་ངོས་འཛིན་བྱེད་པའི་སྒྲུང་གཏམ་ལ་ཕལ་ཆེར་གསལ་བྱེད་འདི་འདྲ་བྱས་ཆོག་སྟེ། ཚིག་ལྷུག་གི་ལམ་ནས་རྟོག་བཟོས་མི་ཚེ་བྱུང་བ་འབྲི་བ་ཡིག་སྐད་ལམ་ནས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་ཞིག་ཡིན)ཞེས་བཀོད་འདུག སྟོབས་རྒྱལ་གྱིས་བརྩམས་པའི་རྩོམ་རིག་རྣམ་བཤད་དུ(བརྩམས་སྒྲུང་ནི་སྒྱུ་རྩལ་གྱི་ཐབས་ཤེས་གཅིག་སྡུད་ཀྱིས་བེད་སྤྱོད་བྱས་ཏེ་མི་སྣའི་སྣང་བརྙན་བསྐྲུན་པ་དང་། དོན་རྐྱེན་གྱི་བྱུང་རིམ་ཀྱག་ཀྱོག་ལྡན་ཞིང་འགལ་འབྲེལ་གྱི་འཕེལ་འགྲིབ་གསལ་བ།གཞི་རྒྱ་ཆེ་བའི་སྒོ་ནས་སྤྱི་ཚོགས་འཚོ་བའི་ནང་གི་རྙོག་འཛིང་ཆེ་བའི་གནས་ཚུལ་སྣ་ཚོགས་དོན་དངོས་དང་མཐུན་པའི་ཚུལ་གྱིས་མཚོན་པར་བྱེད་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན)   ཞེས་བཤད་ཡོད་ལ། ང་ཚོས་མིག་སྦྲེལ་ཏེ་བལྟས་ན་གོང་གི་མཚན་ཉིད་འདི་དག་ལས། གནད་དུ་འཁེལ་བའི་མཚན་ཉིད་གཅིག་ང་ཚོས་ཧ་ལམ་རྟོགས་ཐུབ། སྤྱིར་གསར་བྱུང་གི་ཐ་སྙད་ལ་མཚན་ཉིད་འཇོག་སྟངས་ཀྱི་ཆ་ནས་མཁས་པ་སོ་སོ་བཞད་པ་མི་མཐུན་པ་མང་དུ་མཆིས་མོད། རྒྱུ་མཚན་ཡང་དག་གམ་རྟགས་ཡང་དག་བཀོད་པའི་མཚན་ཉིད་ཅིག་རྒྱུ་ལ་ངེས་རྒྱུ་ཤིན་ཏུ་གལ་ཆེ། དཔེར་ན། རིག་གནས་ཞེས་པའི་ཐ་སྙད་དེ་ལའང་མཚན་ཉིད་འཇོག་སྟངས་མི་འདྲ་བ་མང་པོ་ཡོད་ལ། ཕྱི་ལོ༡༨༧༡ལོར་དབྱིན་ཇིའི་མིའི་རིགས་ཀྱི་རིག་པ་སྨྲ་བ་ཨེད་ཝ་པོར་ནེ་ཐི་ཐེ་ལེར(Edward Burnett Tylor爱德华伯内特泰勒)ཡིས་རིག་གནས་ཞེས་པའི་ངེས་ཚིག་གམ་ཡང་ན་ངོ་བོ་གཏན་ལ་ཕབ་པ་དང་།  རྗེས་སུ་མིའི་རིགས་ཀྱི་བསམ་གཞིགས་ཀྱི་ངོ་བོ་གཏིང་ཇེ་ཟབ་ཏུ་སོང་བ་དང་བསྟུན་ནས། ཕྱི་ལོ༡༨༧༡ནས་ལོ༨༠ཐམ་པའི་རིང་ལ་རིག་གནས་ཞེས་པའི་ངེས་ཚིག༡༦༤ཙམ་བྱུང་ཡོད་པ་བཤད་ལ་ད་ལྟ་ནི་དེ་ལས་མང་པོར་བྱུང་ཡོད་པ་སྨོས་མ་དགོས་སོ། བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད་དུ་རིག་གནས་ཞེས་པ་ནི་ཤེས་པར་བྱ་བའི་ཡུལ་རིག་པའི་གནས་སམ་ཡུལ་རིག་པའི་གནས་སམ། ཡུལ་རིག་པའི་རབ་ཏུ་ཕྱེ་བའི་གནས་ཤིག་ལ་ཟེར་ཞེས་སྒྲ་བཤད་དང་བཅས་ཏེ་གསར་བོར་བརྗོད་པ་ལྟ་བུ་ནི་རྟགས་ཡང་དག་དང་རྒྱུ་མཚན་ཡང་དག་ལྡན་པས། མཚན་ཉིད་ཅིག་འཇོག་པ་ལ་ཚིག་ཉུང་ཞིང་དོན་ཚང་བ་འདི་ལྟ་བུ་ཞིག་ཡིན་དགོས་ལ། འདི་ལྟ་བའི་རིག་ལམ་གྱི་འོག་ནས་ད་གཟོད་ང་ཚོས་གཞུང་ལུགས་ནང་གི་བརྡ་ཆད་དག་ངོས་འཛིན་ཐུབ་དགོས་སྙམ། མདོར་ན་བརྩམས་སྒྲུང་ངམ་སྒྲུང་གཏམ་ཞེས་པ་ནི་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱ་རྒྱུ་ལྟེ་བ་འཛིན་པའི་དོན་བརྗོད་རང་བཞིན་གྱི་རྩོམ་རིག་གི་བརྩམ་བྱ་ཞིག་ཡིན་ཞེས་བཤད་ཆོག
༢ སྒྲུང་གཏམ་གི་བྱུང་འཕེལ་མདོ་ཙམ་བརྗོད་པ།
      དེང་རབས་ཀྱི་བརྩམས་སྒྲུང་ནི་གདོད་མའི་ལྷ་སྒྲུང་གི་རྨང་གཞིའི་སྟེང་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ཞེས་བཤད་ཆོག་ལ། སུའུ་ལེན་རྒྱལ་ཁབ་ཀྱི་རྩོམ་པ་པོ་གྲགས་ཅན་ཀོར་ཨེར་ཅིས(Golgi高尔基1868—1936)“ལྷ་སྒྲུང་ནི་རྟོག་བཟོ་བྱས་པ་དང་རྟོག་བཟོ་ནི་ཕྱི་རོལ་ཡུལ་གྱི་གནས་ཚུལ་དངོས་ཀྱི་སྤྱི་ཡོངས་ནས། ཁོའི་རྩ་བའི་དོན་སྙིང་བཀར་ཡོང་བ་དེ་གཟུགས་སུ་བཀོད་ནས་མཚོན་པར་བྱ་དགོས། དེའི་ཕྱིར་ང་ཚོར་དངོས་ཡོད་རིང་ལུགས( དངོས་ཡོད་འཚོ་བའི་རྣམ་པ་དངོས་ལྟར་སྤྱི་ཚོགས་འཚོ་བ་མཚོན་ཞིང་། སྣང་བརྙན་གསར་སྐྲུན་བྱེད་པའི་གསར་རྩོམ་གྱི་ཐབས་ཤེས་ཤིག་ཡིན)བྱུང་བ་རེད།       ཡིན་ནའང་གལ་ཏེ་ཕྱི་རོལ་ཡུལ་གྱི་གནས་ཚུལ་དངོས་ཀྱི་ནང་དུ་བཀར་བའི་དོན་སྙིང་སྟེང་ལྟར་སྣང་གི་གཏན་ཚིགས་རིག་པས་ཚོད་དཔག་བྱེད་པའི་ཕུགས་འདུན་དང་ཡོད་སྲིད་པའི་དངོས་པོའི་གཞི་འཛིན་ས་བསྣན་པས་གཟུགས་ཅན་དེ་མངོན་ལས་ཀྱང་ལེགས་པར་ཆ་ཚང་དུ་བཏང་བ་བརྟེན། ང་ཚོར་འཆར་ཡན་རིང་ལུགས(རྟོག་པ་འཆར་ཡན་རིངལུགས། དངོས་ཡོད་འཚོ་བའི་ཕུགས་བསམ་གྱི་རྣམ་པ་དངོས་ལྟར་དངོས་ཡོད་འཚོ་བའི་ཕུགས་བསམ་མཚོན་ཞིང་། སྒྱུ་རྩལ་སྣང་བརྙན་གསར་སྐྲུན་བྱེད་པའི་རྩོམ་རིག་གསར་རྩོམ་གྱི་ཐབས་ཤེས་ཤིག)བྱུང་བ་རེད”ཅེས་བཤད་པ་བཞིན་ནོ།། ལྷ་སྒྲུང་ཡང་གདོད་མའི་རུས་རྒྱུད་འཚོ་བའི་དུས་སྐབས་སུ་བྱུང་བ་ཡིན་ལ། ཡི་གེ་མི་ཤེས་ཤིང་རིག་གནས་དང་བསམ་བློའི་ཆུ་ཚད་ཅུང་ཙམ་དམའ་བའི་ངལ་རྩོལ་མི་དམངས་ཀྱི་ངག་ཐོག་ནས་བརྒྱུད་པ་ཡིན། དཔེར་ན་བོད་ཀྱི་ལྷ་སྒྲུང་ལྟ་བུ་ལ་མཚོན་ན་སྙིང་བོ་མེད་པ་ཞིག་མ་ཡིན་པར། ང་ཚོས་དེའི་ཁྱད་ཆོས་ལ་གཞིགས་ཚེ་བོད་ཀྱི་མེས་པོ་གོང་མ་ཚོས་རང་བྱུང་ཁམས་ཆེན་པོའི་གསང་བ་རྟོག་ཞིབ་ཀྱི་བསམ་བློ་དང་མཛེས་སྡུག་གི་འཚོ་བ་ལ་རེ་སྙེག་བྱེད་བཞིན་ཡོད་པ་རྟོགས་ཐུབ་ལ། ཁོང་ཚོའི་ཀླད་པས་བསམ་གཞིགས་རྒྱུ་མགོ་བརྩམས་སྟེ། ཕྱི་རོལ་ཡུལ་གྱི་གནས་ཚུལ་དངོས་ལ་རྟོག་དཔྱོད་བྱས་པའི་སེམས་ཀྱི་ལྟ་སྐྱོང་དེའང་རྟོགས་ཐུབ། འོན་ཀྱང་གདོད་མའི་མི་ཡི་དབང་བོ་དེ་འདྲ་རྒྱས་མེད་སྟབས་རང་བྱུང་ཁམས་ཆེན་པོ་ལྷས་ཁ་ལོ་བསྒྱུར་བར་བསམ་པ་དེའོ།། སྒྲུང་གཏམ་ཞེས་པའི་ཐ་སྙད་འདི་དབྱི་ཏ་ལིའི་སྐད་ལས་ཐོན་པ་ཞིག་ཡིན་འདུག་ལ། དེས་གཏམ་རྒྱུད་ཐུང་གྲས་ཤིག་སྟོན་པ་ཡིན། དེ་སྒྲ་དོག་འཇུག་གི་སྒྲུང་གཏམ་ཡིན་པ་ལས། དེང་རབས་ཀྱི་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་རྩོམ་རིག་གི་ལུས་ཆེན་པོ་བཞིའི(སྒྲུང་གཏམ། སྙན་ངག་དང་ཟློས་གར། ཚིག་ལྷུག་བཅས་སོ།)ནང་གི་སྒྲུང་གཏམ་ཡིན་ཞེས(རྩོམ་འཇུག་རིག་གཞོན་དགའ་ཚལ་དུ་འཁོད་འདུག)ཟློས་གར་ལྟ་བུ་ལ་མཚོན་ན་སྤྱི་ལོའི་སྔོན་གྱི་ལོ་བཞི་བརྒྱ་དང་ལྔ་བརྒྱའི་ཡར་སྔོན་ལ་གནའ་བོའི་ཀུ་རུ་སུ་རུ་ཟློས་གར་སྐྱོ་གར་དང་སྤྲོ་གར་གཉིས་བྱུང་མྱོང་ལ། སྙན་ངག་ཀྱང་ཧི་མ་ཧྲི་ཧྲི་ལྟ་བུ་བྱུང་མྱོང་ཡོད་པ་རེད། འོན་ཀྱང་བརྩམས་སྒྲུང་བྱུང་མེད། འཛམ་གླིང་བརྩམས་སྒྲུང་ནི་རིག་རྩལ་བསྐྱར་དར་སྐབས་སྤྱི་ལོའི་དུས་རབས་བཅུ་གསུམ་ཡས་མས་སུ་བྱུང་བ་འདོད། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ། སྒྲུང་གཏམ་འབྲི་ཐབས་ཀྱི་གོ་དོན་རིམ་བཞིན་འགྱུར་ནས་ཅུང་རིང་བའི་རྒྱུན་ལྡན་འཚོ་བ་ཞིབ་འབྲི་བྱས་པའི་དངོས་འབྲི་སྒྲུང་གཏམ་ཁོ་ན་སྟོན་པ་སྐབས་དེའི་རྩོམ་པ་པོ་ལེ་ཧྥུ་ཐོར་སི་ཐར་གྱི་སྐད་ཆ“སྒྲུང་གཏམ་ནི་འཚོ་བ་དངོས་དང་ཡུལ་སྲོལ་གོམས་འདྲིས། མི་དང་མིའི་བར་གྱི་འབྲེལ་བའི་རི་མོ་ཞིག་དང་། སྒྲུང་གཏམ་འབྱུང་བར་བྱེད་པའི་དུས་རབས་དེའི་རི་མོ་ཞིག་ཡིན”ཞེས་པ་ལས་རྟོགས་ཐུབ། སུའུ་ཐང་ཏ་དང་པ་ཨན་ཏྲ་ཁུ་ལ་སོགས་པའི་སྐབས་སུ་འཛམ་གླིང་གི་བརྩམས་སྒྲུང་འཚར་ལོངས་བྱུང་བ་རེད་ཅེས་བཤད་ཆོག་ལ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འདི་དག་གིས་གོང་མ་ཚོའི་འབྲི་ཐབས་གཏམ་རྒྱུད་ཀྱི་བྱུང་རིམ་དང་མི་སྣའི་གཤིས་ཀ་འབྲི་བཞེངས་བྱས་པའི་ཐབས་ཤེས་ལ་གཞི་བཅོལ་ཏེ། གཏིང་ཟབ་ས་ནས་མི་སྣའི་སེམས་ཁམས་འབྲི་བ་གཙོ་བོར་བཟུང་ནས་སྣང་བརྙན(སྣང་བརྙན། རྩོམ་པ་པོས་དངོས་ཡོད་འཚོ་བའི་ལག་ལེན་གྱི་མྱོང་ཚོར་དང་ཉམས་རྟོགས་ལས་སྐྱེས་པའི་མཛེས་རྟོག་གི་འདུ་ཤེས་ཕྱི་དངོས་གཟུགས་སུ་བསྐྲུན་ཅིང་རང་གི་ཆགས་སྡང་གི་སེམས་ཀྱིས་གཏམས་པའི་སྒྱུ་རྩལ་སྣང་བརྙན་ཏེ། མཛེས་རྟོགས་འདུ་ཤེས་ཕྱིདངོས་གཟུགས་སུ་བསྐྲུན་པ་ཞིག་ཡིན)ལ་རང་གཤིས་ཀྱི་ཤ་ཁྲག་རྣམ་པར་རྒྱས་པར་བརྩོན་པའི་གསར་རྩོམ་གྱི་རྣམ་བཞག་གསར་བའི་སྲོལ་གཏོད་ཅིང་དར་རྒྱས་སུ་སྤེལ་བའི་ཕྱིར་རོ།། རྒྱ་ལྟ་བུ་ལ་མཚོན་ན་སྒྲུང་རྩོམ་གྱི་རྣམ་པའི་ལུས་འདི་དར་ཅུང་ཙམ་འཕྱིས་ཏེ། མིན་རྒྱལ་རབས་དང་ཆིན་རྒྱལ་རབས་ཀྱི་དུས་ལ་དངོས་སུ་དར་འགོ་ཚུགས་པ་ཡིན་འདུག འཛམ་གླིང་ལ་གྲགས་པའི་རྒྱའི་གནའ་རྩོམ་གྲགས་ཅན་བཞི(རྒྱལ་ཕྲན་གསུམ་གྱི་གཏམ་རྒྱུད། ཆུ་ངོགས་གཏམ་རྒྱུད། ནུབ་ཕྱོགས་སུ་བསྐྱོད་པའི་གཏམ་རྒྱུད། ཐོག་ཁང་དམར་པོའི་རྨི་ལམ་བཞི་བཅས་སོ)འང་ཆིན་རྒྱལ་རབས་དང་མིན་རྒྱལ་རབས་ཀྱི་སྐབས་སུ་བྱུང་བ་ཡིན་ལ། མིན་རྒྱལ་རབས་ཀྱི་དུས་འགོ་ཙམ་དུ་ལོ་ཀོན་ཀྲུང罗贯中གིས་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ཅེས་པའི་བསྟན་བཅོས་ཆེན་མོ་དེ་བརྩམས་པ་དང་། བསྟན་བཅོས་འདི་ནི་རྒྱ་ནག་ལ་མཚོན་ན་སྒྲུང་རྩོམ་གྱི་ཐོག་མའི་གྲས་ཡིན་ཞེས་བཤད་ཆོག དེ་ནས་ཧྲི་ནན་ཡན་གྱིས施耐掩ཆུ་ངོགས་གཏམ་རྒྱུད་བརྩམས། མིན་རྒྱལ་རབས་ཀྱི་དུས་དཀྱིལ་ཙམ་ལ་ཝུ་ཁྲིན་ཨེན་གྱིས་ནུབ་ཕྱོགས་སུ་བསྐྱོད་པའི་གཏམ་རྒྱུད་ཅེས་པའི་སྒྲུང་རྩོམ་རིང་མོ་དེ་བརྩམས། ཆིན་རྒྱལ་རབས་ཀྱི་སྐབས་སུ་ཐོག་ཁང་དམར་པོའི་རྨི་ལམ་ཞེས་པའི་སྒྲུང་རྩོམ་དེ་ཚོ་ཞོ་ཆིན曹雪芹གྱིས་བརྩམས་པ་ཡིན་ལ་དེ་ནས་མཁས་པ་རིམ་བྱོན་རྣམ་གྱི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་སྒྲུང་རྩོམ་གསར་བ་དར་རྒྱས་སུ་བཏང་བ་ཡིན་ནོ།།
      རང་རེའི་བོད་ལ་མཚོན་ན་གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ་ལྷ་སྒྲུང་གི་རིགས་མང་པོ་བྱུང་ཡོད་པ་རེད། རང་བྱུང་ཁམས་ཆེན་པོའི་ལྷ་སྒྲུང་དང་། འགྲོ་བ་མིའི་རིགས་བྱུང་ཚུལ་གྱི་ལྷ་སྒྲུང་དང་། ཐོན་སྐྱེད་ངལ་རྩོལ་གྱི་ལྷ་སྒྲུང་སོགས་མང་པོ་ཡོད་ཀྱང་། བཙན་པོའི་རྒྱལ་ཁབ་མཇུག་རྫོགས་པ་དང་བསྟུན་ནས་རྩོམ་གྱི་བརྗོད་སྙིང་ཡང་མི་ཆོས་ལས་ལྡོག་ཏེ་དམ་པའི་ལྷ་ཆོས་བརྗོད་བྱ་གཙོ་བོར་བཟུང་ནས་བྲིས་པ་རྐྱང་རྐྱང་ཡིན་འདུག བོད་ཀྱི་གནའ་རབས་རྩོམ་རིག་ལས་རྩོམ་ལུས་དེ་ལ་གཏོགས་པའི་བརྩམ་བྱ་མེད་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མདོ་མཁར་བས་བརྩམས་པའི་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དང་། བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད། ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་ལ་སོགས་པ་སྒྲུང་གཏམ་གྱི་བརྩམ་བྱ་ཡིན་པ་ང་ཚོས་མཁས་ལེན་དགོས་སྙམ། དེ་དག་གི་རྩོམ་ལུས་དེ་ལ་གཏོགས་པ་མ་གཏོགས་ཕྱི་གླིང་གི་གནའ་དེང་སྒྲུང་གཏམ་སོགས་ལ་བསྡུར་ན་ཧེ་བག་ཆེན་པོ་ཡོད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། བརྩམས་ཆོས་དེ་དག་གི་ནང་མི་སྣའི་ཁ་བརྡས་རྩོམ་གྱི་གྲུབ་ཆ་གཙོ་བོར་བཟུང་བ་དང་། ཁ་བརྡ་དེ་དག་འཚོ་བ་དངོས་དང་མི་མཐུན་པར་ཚིག་བཅད་ཀྱི་ལམ་ནས་བཙན་སྦྱོར་བྱས་པ་ལྟ་བུ་དང་། མི་སྣའི་སེམས་ཁམས་འབྲི་བཞེངས་བྱས་པ་ཉུང་ལ། གཏམ་རྒྱུད་ཀྱི་བྱུང་རིམ་སོགས་དེ་འདྲ་རྙོག་འཛིང་མེད་པ་དང་ཀྱ་ཀྱོག་མེད་པ་སོགས་ཀྱི་སྐྱོན་གྱིས་གོས་པས་ད་ལྟའི་སྒྲུང་གཏམ་ལྟར་གཏིང་ཟབ་མོ་ཞིག་མིན་ཞེས་བཤད་ཆོག  གེ་སར་རྒྱལ་སྒྲུང་ལྟ་བུ་ལ་མཚོན་ན་དངོས་ཡོད་འཚོ་བ་དང་འཆར་ཡན་ཟུང་དུ་སྤྲེལ་བའི་འཛམ་གླིང་སྒྲུང་ཆེན་གྱི་གྲས་ཡིན་ལ། སྒྲུང་སྣ་གཉིས་བརྒྱ་ལྷག་ཡོད་པ་རེད། འོན་ཀྱང་དེ་ནི་དམངས་ཁྲོད་རྩོམ་རིགས་ཀྱི་གྲས་ཡིན་པ་ལས་མི་གཅིག་གིས་སྤྱི་ཚོགས་འཚོ་བ་ཚུར་སྔོན་བྱས་པའི་བརྩམས་ཆོས་ཤིག་མིན། བོད་ཁུལ་དུ་སུམ་པ་ཡེ་ཤེས་དཔལ་འབྱོར་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་རྣམ་གཉིས་ཀྱིས༡༧༧༩ལོར་འཕྲིན་ཡིག་གི་ལམ་ནས་སྒྲུང་སྐོར་གྱི་གླེང་མོལ་བྱས་པ་བརྟེན། ཕྱིས་སུ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་གླིང་སྒྲུང་ལ་ཞིབ་འཇུག་གནང་བ་ཡིན་ལ། རྗེས་སུ་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཕུར་རེ་བར་སུ་དང་སོག་པོའི་མཁས་པ་པོ་ཐ་ཉིན་སོགས་བོད་ཁུལ་དུ་ཡོང་བས། ལག་ཏུ་གེ་སར་སྒྲུང་གི་དཔྱད་གཞིའི་ཡིག་ཆ་འབོར་ཆེན་འབྱོར་བ་དང་། ཁོང་ཚོས་གེ་སར་སྒྲུང་གི་སྐོར་དཔྱད་རྩོམ་མང་པོ་བྲིས་རབས་གནང་། དུས་རབས་བཅུ་དགུ་བ་ནས་བཟུང་གེ་སར་རྒྱལ་སྒྲུང་འཛམ་གླིང་སྟེང་དར་ཁྱབ་ཏུ་སོང་བ་ཡིན་འདུག གེ་སར་རྒྱལ་སྒྲུང་ནི་ང་ཚོའི་འཚོ་བ་དངོས་དང་ཁ་འཕྲོད་པ་ཞིག་ཡིན་ཡང་། གོང་སྨྲས་བཞིན་གེ་སར་རྒྱལ་སྒྲུང་ནི་དམངས་ཁྲོད་རྩོམ་རིགས་ཀྱི་ཁོངས་སུ་གཏོགས་པ་ཡིན། ང་ཚོ་བོད་ལ་མཚོན་ན་སྲོལ་རྒྱུན་གྱི་འབྲི་ཐབས་ལས་རིམ་བཞིན། དེང་རབས་ཀྱི་འབྲི་ཐབས་ལ་བསྐྱོད་པའི་དུས་ཚིགས་ནི་ལོ་རབས་བརྒྱད་ཅུ་བའི་ནང་ཡིན་ཞེས་བཤད་ཆོག་ལ། ཚབ་མཚོན་གྱི་བརྩམས་སྒྲུང་ནི་གླང་མདུན་དཔལ་འབྱོར་གྱིས་བརྩམསཔའི་མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ལྟ་བུ་བཞག་ན་འགྲིག་ཞེས་དགེ་རྒན་དམ་པའི་གསུང་ལས་ཐོས་མྱོང་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་གྱིས་སྒྲིག་རྩོམ་བྱས་པའི་བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་བདམས་བཀོད་དང་ཕྲན་བཤད་ཀྱི་ནང་དུའང“མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ཞེས་པའི་རྩོམ་འདི་སྲོལ་རྒྱུན་བརྩམས་སྒྲུང་དང་། དེང་རབས་བརྩམས་སྒྲུང་གི་བར་མཚམས་ན་འགྲེང་བའི་རྩོམ་ཞིག་ཡིན”ཞེས་བཀོད་འདུག རྩོམ་དེའི་ནང་སྲོལ་རྒྱུན་གྱི་ཆ་ཡོད་པ་དེ་ལས“རྩོམ་འདིའི་འབྲི་སྟངས་ཀྱང་སྤྱིར་སྲོལ་རྒྱུན་བརྩམས་སྒྲུང་གི་འབྲི་སྟངས་ཇི་བཞིན་གཙོ་བོར་མི་སྣའི་བར་གྱི་ལབ་གླེང་གིས་གྲུབ་པ་ཡིན”ཞེས་པ་དང་། དེང་རབས་ཀྱི་ཆ་ནི་མི་སྣ་རང་གི་གཤིས་ཀ་གྲུབ་པ་དང་གཤིས་ཀ་དངོས་ལ་དམིགས་པ་ཅན་ཡིན་ཞེས་བཤད་པ་དེའོ།། སྤྱིར་སྐུ་ཞབས་དོན་གྲུབ་རྒྱལ་ལམ་རང་གྲོལ་ལྟ་བུ་ལ་མཚོན་ན། བོད་ཀྱི་དེང་རབས་བརྩམས་སྒྲུང་འབྲི་པ་པོའི་ཐོག་མ་ཡིན་ཡང་། ཁོའི་རྩོམ་རྩལ་དེ་སྲོལ་རྒྱུན་དང་དེང་རབས་ཀྱི་བར་མཚམས་ནས་འགྲེང་བ་ཞིག་མ་ཡིན་པར་རྒྱ་འམ་ཕྱི་གླིང་བའི་འབྲི་ཐབས་ཀྱི་ལད་ཟློས་དངོས་བྱས་པ་ཡིན་པས་གནའ་དེང་གི་བར་མཚམས་ནས་འགྲེང་བའི་རྩོམ་ལ། མེ་ཏོག་ལྡུམ་རའི་ནང་གི་གླེང་ཀ་བདམས་པ་དེ་ཡིན།
     སྤྱིར་བརྩམས་སྒྲུང་འཕེལ་རྒྱས་ཀྱི་ཆུ་ཚད་ནི་མི་རིགས་ཤིག་གི་རིག་གནས་འཕེལ་རྒྱས་ཀྱི་ཚད་འཇལ་བྱེད་ཡིན་པའི་ངོས་ནས་བལྟས་ཚེ་ད་ལྟའི་བོད་ཀྱི་གནས་བབས་ནི་ཅུང་ཞེ་སྡུག་དགོས་པའི་ཚོད་དུ་འདུག ང་ཚོའི་མི་རིགས་ལ་མཚོན་ན་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་ལས་བརྒལ་བའི་བརྩམས་སྒྲུང་གསར་བའི་མཐོ་རླབས་ཤིག་འཕྱུར་ཡོང་མོད། འོན་ཀྱང་དེ་དག་ནི་བརྗོད་བྱའམ་མཚོན་ཚུལ་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་ཕན་ཚུན་ལ་ལད་ཟློས་བྱས་པའི་ཆ་ཆེན་པོ་འདུག ཕྱིས་སུ་ཤེས་ཡོན་པ་ཁ་ཤས་ཀྱིས་རྩོམ་རིག་གི་མིག་དབང་རྒྱ་ཆེར་བསྐྱེད་དེ། འཛམ་གླིང་རྩོམ་རིགས་སྤྱིའི་འཕེལ་ཕྱོགས་ལ་ལག་སྙོབ་བྱེད་པ་དང་། ལྷག་པར་དུ་ཕྱི་གླིང་གི་རྩོམ་རིག་གིས་བོད་ཀྱི་རྩོམ་པ་པོ་དག་ལ་ཆེས་ཐད་ཀའི་ཤུགས་རྐྱེན་ཐེབས་པའི་རྨང་གཞིའི་ཐོག་ནས། བོད་ཀྱི་རྩོམ་པ་པོ་དག་ལ་ཡང་རང་མི་རིགས་ཀྱི་རྩོམ་རིག་གི་མདུན་ལམ་དེ་འཛམ་གླིང་རང་བཞིན་ཅན་དུ་ཕྱོགས་དགོས་པའི་གོ་རྟོགས་སད་ཅིང་།   དེའི་ཐད་ནས་བརྩམས་ཆོས་ཀྱང་མི་ཉུང་བ་ཐོན་ཡོད་ལ། དེ་ལས་ཆེས་མང་ཤོས་ནི་དངོས་ཡོད་རིང་ལུགས་དང་། དེང་རབས་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་དེ་བྲིས་པ་དང་། རྟོག་པ་འཆར་ཡན་རིང་ལུགས་དང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་ཁ་ཤས་ཀྱང་རིམ་གྱིས་ཐོན་དང་ཐོན་མུས་སུ་ཡོད། འདི་དག་ལ་འཕེལ་རྒྱས་ཀྱི་མིག་དབང་སྤྱད་ཚེ་དགའ་བའི་གནས་སུ་ཡོད་ཀྱང་འཛམ་གླིང་རང་བཞིན་དང་མི་རིགས་གཞན་པ་ལ་བསྡུར་ཚེ་ད་དུང་ཀྱང་ངོ་གནོངས་དགོས་པའི་ཚད་དུ་ལུས་འདུག་པས། འདི་དག་ནི་མི་རིགས་འདིའི་ཤེས་ཡོན་པའམ་ཡང་ན་མི་རིགས་ཡོངས་ཀྱིས་དང་ལེན་བྱེད་དགོས་པའི་ལོ་རྒྱུས་ཀྱི་གསལ་བརྡ་ཞིག་ཡིན་ལ། དངོས་ཡོད་ཀྱི་གནས་བབས་ལ་ནི་ང་ཚོས་ཅིས་ཀྱང་གདོང་གཏོད་དགོས་ཤིང་། དེ་ནི་ཆེས་མ་མཐའ་ཡང་མི་རིགས་ཤིག་ལ་འཛོམ་དགོས་པའི་སྙིང་སྟོབས་ཤིག་ཀྱང་རེད། དེ་འདྲ་ཡིན་ཙང་། གོང་གི་བོད་ཀྱི་རྩོམ་པ་པོ་དག་གིས་བརྩམས་པའི་སྒྲུང་གཏམ་གྱི་གྲས་སུ་ཡང་སྒྱུ་རྩལ་གྱི་ཚད་མཐོ་བའི་བརྩམས་སྒྲུང་ལེགས་པོ་སྐོར་ཤིག་ཀྱང་ཡོད་པ་སྨོས་མེད་རེད། མི་རིགས་ཀྱི་འགན་འཁྲི་གདུང་འདེགས་ཀྱི་ཀ་བ་བཞིན་ཕྲག་ཏུ་བབས་པའི་ཆུང་རབས་པ་དག་གིས། ནུས་ཤུགས་རྩལ་སྦྲུགས་ཀྱི་སྒོ་ནས་བོད་ཀྱི་དེང་རབས་རྩོམ་རིག་སྔར་ལས་ལྷག་པའི་གཏིང་ཇེ་ཟབ་ཏུ་གཏོང་དགོས་སྙམ།

དོན་ཚན་གཉིས་པ།

སྒྲུང་རྩོམ་གྱི་ཁྱད་ཆོས་དང་འབྲེལ་ཏེ་སོ་སོའི་འབྲི་ཐབས་མདོར་གླེང་།
༡ གཟུགས་རིས་སམ་སྣང་བརྙན་འབྲི་ཚུལ།
      སྤྱིར་རྩོམ་རིག་གི་རྩ་བའི་བྲི་བྱ་ནི་མི་ཡིན་ལ། མིའི་སེམས་ཁམས་དང་བྱ་སྤྱོད། སྐད་ཆ། གཟུགས་རིས་སོགས་ཞིབ་འབྲིའམ་དེའི་སྣང་བརྙན་བཞེངས་བསྐྲུན་བྱས་ཏེ།  ད་གཟོད་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་མཚོན་པར་བྱས་པས། རྩོམ་རིག་གཞུང་ལུགས་གནད་བསྡུས་ནང་དུ“རྩོམ་རིག་གསར་རྩོམ་གྱི་རྩ་བའི་དམིགས་ཡུལ་ནི་མི་སྣ་རིས་འབྲི་བྱེད་པ་དེ་ཡིན”ཞེས་བརྗོད་པའོ།། རྩོམ་རིག་ནི་སྣང་བརྙན་རང་བཞིན་ཅན་ཞིག་ཡིན་ལ་བསྟན་བཅོས་གང་ལ་མཚོན་ན་མི་སྣའི་གཟུགས་རིས་འབྲི་བཞེངས་བྱེད་རྒྱུ་ནི་གཅོ་བོར་བཟུང་ཡོད་ལ། ལྷག་པར་སྒྲུང་རྩོམ་ཞིག་ལ་མཚོན་ན་དེ་བས་ཀྱང་ལྟེ་བར་འཛིན་དགོས། ཁྲི་བསམ་གཏན་གྱིས་གཟུགས་ཀྱི་མཐོ་དམན་ཆེ་ཆུང་དང་ཕྱིའི་ཆ་ལུགས། བཞིན་གྱི་མདངས། ཉམས་འགྱུར། ངང་ཚུལ་བཅས་ལ་སོ་སོའི་ཁྱད་ཆོས་ལྡན་པའི་སྒོ་ནས་གཟབ་འབྲི་བྱེད་པ་དེའོ། དེ་ནི་མི་སྣའི་གཟུགས་བརྙན་འབྲི་བཞེངས་བྱེད་པའི་ཐབས་ཤེས་འགངས་ཆེན་ཞིག་རེད་ཅེས་གསུངས་པ་བཞིན་བརྩམས་སྒྲུང་གི་ནང་དུ་བྱུང་བའི་མི་སྣ་དེ་ང་ཚོས་རྟོག་སྣང་གི་འཆར་སྒོའི་བློ་བཀོད་ཕུན་སུམ་ཚོགས་པར་སྤེལ་ཏེ་འབྲི་དགོས་ཤིང་། སྒྲོ་འདོགས་ཀྱི་རིག་ལམ་སྣ་ཚོགས་བེད་སྤྱད་ནས་ཡིད་ལས་འདས་པའི་གཟུགས་རིས་འབྲི་བཞེངས་བྱས་ཚེ། བརྩམས་སྒྲུང་དེའི་སྒྱུ་རྩལ་གྱི་རྣམ་པའང་རྒྱ་ཇེ་ཆེར་འགྲོ་ཐུབ། བོད་ཀྱི་བརྩམས་སྒྲུང་ནང་དུ་ཚེ་རིང་དོན་གྲུབ་གྱི་ར་ལོ་ལྟ་བུ་ནི། མི་སྣའི་གཟུགས་རིས་སམ་གཤིས་ཀ་འབྲི་བཞེངས་གཙོ་བོར་བཟུང་ཡོད་ལ། བརྩམས་སྒྲུང་དེ་གཤིས་ཀ་དངོས་ལ་དམིགས་པ་ཅན་ཞིག་ཡིན་ཡང་། ཕྱི་གླིང་གི་བརྩམས་སྒྲུང་ལ་བསྡུར་ན་མི་འདངས་ས་མང་དུ་མཆིས། དེའི་ཕྱིར་གཟུགས་རིས་འབྲི་བ་ལ་ཕྱོགས་དུ་མ་ནས་བསྟེན་དགོས།མི་སྣ་རེ་རེའི་ཁྱད་ཆོས་འབུར་དུ་ཐོན་དགོས་པ་དང་མིག་དབང་དང་མིག་ཉམས་ཀྱང་འབྲི་དགོས།རྩོམ་པ་པོས་འབྲི་བཞེངས་བྱས་པའི་གཟུགས་རིས་དེ་ལ་བརྟེན་ནས་སེམས་ཀྱི་འགྱུར་བ་མཚོན་པར་བྱེད་དགོས། གཟུགས་རིས་འབྲི་བཞེངས་བྱས་པའི་མི་སྣ་སོ་སོའི་སྐད་ཆའི་སྒྱུ་རྩལ་ཡང་མངོན་སྤེལ་བྱ་དགོས།མི་སྣ་རེ་རེའི་ཁྱད་ཆོས་འབུར་དུ་ཐོན་པ་ཞེས་པ་ནི“་སྒྲུང་རྩོམ་གྱི་ནང་དུ་བཀོད་པའི་ཁྱད་གཞི་མི་སོ་སོའི་རང་རང་གི་རྟགས་མཚན་གསར་བ་འབྲི་བ་ལ་ཟེར་ཞིང་”། རྟགས་དང་མཚན་མ་དེ་ལ་བརྟེན་ནས་མི་དེའི་ཕྱིའི་རྣམ་འགྱུར། གཟུགས་བྱད། ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དེ་ཀློག་པ་པོའི་མིག་ལམ་དུ་ལྷམ་མེར་བསྐྲུན་ཐུབ་དགོས།དཔེར་ན་ལྷུན་གྲུབ་ཀྱི་བརྩམས་སྒྲུང་རྟ་ནག་སྒྲོག་འགྲོས་ཀྱི་ནང་དུ་རྩོམ་པ་པོས་དབང་ཆེན་པ་འུ་ལག་གཉིས་ཀྱི་ཁ་བརྡ་བརྒྱུད་ནས་རོང་ཚ་བཀྲ་ཤིས་མཚོའི་མཛེས་ཉམས་ཕྱིར་ཚུགས་ཐོན་པ་བྱས་པ་ལྟ་བུ་ཡིས་རོང་ཚ་བཀྲ་ཤིས་མཚོའི་མཛེས་ཉམས་ཀྱི་གཟུགས་རིས་དེ་འབྲི་བཞེངས་བྱས་ཡོད་ལ། རྩོམ་པ་པོས་རོང་ཚ་བཀྲ་ཤིས་མཚོའི་མཛེས་ཉམས་ཀྱི་ཁྱད་ཆོས་དེ་ཐད་ཀར་མ་བརྗོད་པར་ཀྱ་ཀྱོག་གི་ཐབས་ལམ་སྣ་ཚོགས་ལ་རྟེན་པ་དེས་ཀྱང་རྒྱུ་རྩལ་གྱི་རྣམ་པའང་གཏིང་ཇེ་ཟབ་ཏུ་བཏང་ཡོད། གཟུགས་རིས་འབྲི་བཞེངས་བྱེད་སྐབས་སྐད་ཆའི་སྒྱུ་རྩལ་སྔོན་དུ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ལ། སྔོན་སྤེལ་བྱེད་སྐབས་གཞན་གྱིས་བེད་སྤྱོད་བཏང་ཟིན་པའི་ཚིག་དེ་དག་བསྐྱར་ཟློས་སུ་མི་འབྲི་བར་རང་ཉིད་ཀྱི་རིག་དཔྱོད་ལ་བརྟེན་རྒྱུ་གནད་དུ་འཛིན་དགོས།དེ་ཡང་ཧྥ་རན་སུའི་རྩོམ་རིག་སྨྲ་བ་ཙུའོ་ལཱ་ཡིས་རིག་སྟོབས་ཉམས་པའི་སྒྲུང་རྩོམ་མཁན་དག་ལ་ཁོ་ཚོས་བརྐུས་བཤུས་མངོན་པར་མ་བྱས་རུང་ཁོ་ཚོར་གསར་སྐྲུན་གྱི་ཀླད་པ་མེད་པར་ཚོང་རྫས་སྣ་ཚོགས་འཛིངས་པར་སྤུངས་པའི་ཚོང་ཁང་ཇི་བཞིན་དེ་ན་ཀུན་ལ་ཆ་རྒྱས་ཅན་གྱི་ཚིག་རྙིང་སྣ་ཚོགས་ཀྱིས་གང་བ་འདུག་ཅེས་པའི་གནད་གཅོ་བོར་ཡང་དེ་ལ་འཁེལ་འདུག  དེའི་ཕྱིར་སྐད་ཆའི་སྒྱུ་རྩལ་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་དགོས་ཤིང་མཛེས་ཉམས་མངོན་པར་ཐོན་དགོས། ཚིག་སྦྱོར་གྱི་རང་བཞིན་ལ་མཛེས་རྟོག་གསར་སྐྲུན་གྱི་རིགས་ལམ་དང་ཀློག་པ་པོ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ལྷང་ལྷང་སྟེར་བའི་སྐད་ཆའི་སྒྱུ་རྩལ་མངོན་སྤེལ་བྱེད་དགོས། སྐད་ཆ་ལ་མཛེས་རྟོག་གི་ཉམས་ཕུན་སུམ་ཚོགས་པ་ཐོན་རྒྱུ་ནི་འཚོ་བའི་ཉམས་མྱོང་གི་ཤེས་རྟོགས་དང་བརྗོད་བྱའི་ཡུལ་སོགས་ལ་རྒྱུས་ལོན་མིན་ལ་རག་ལས་པས། དཀའ་སྤྱད་ལ་མ་བརྟེན་པར་གང་འདོད་དུ་བསླབ་ཐུབ་པ་ཞིག་གཏན་ནས་མིན། དཔེར་ན། སཱ་སི་པེ་ཡཱས་མི་ཚེ་གང་པོར་མིང་ཚིག་ཐ་སྙད་མང་པོ་སྡུད་གསོག་བྱས་པས་མིང་ངམ་ཚིག་ཁྲི་ཉིས་སྟོང་ལྷག་བསགས་ནས་མཁོ་ཚེ་བཙལ་བདེ་བ་བྱས་པ་ལྟ་བུའོ།།
༢ ཁོར་ཡུག་འབྲི་བཞེངས་བྱེད་པ།
      ཁོར་ཡུག་འབྲི་ཐབས་ལ་རང་བྱུང་གི་ཁོར་ཡུག་རིས་སུ་ཐོན་པ་འབྲི་བ་དང་སྤྱི་ཚོགས་ཁོར་ཡུག་རིས་སུ་ཐོན་པ་འབྲི་བ་གཉིས་ཡོད་པ།
༡ རང་བྱུང་ཁོར་ཡུག་འབྲི་ཚུལ།
      རང་བྱུང་ཁོར་ཡུག་ནི་རྩོམ་གཞུང་དུ་མི་སྣ་འཚོ་གནས་ཀྱི་ཡུལ་གྲུ་བྱེ་བྲག་པའི་སྣོད་བཅུའི་བཀོད་པ་སྟེ་རི་ར་བ་ཁང་ཁྱིམ་དང་གནམ་གཤིས་ལ་སོགས་པའི་ཕྱི་སྣོད་འཇིག་རྟེན་གྱི་བཀོད་པའི་ཡུལ་ལྗོངས་དངོས་ལ་བྱ་ཞེས་འབྲེལ་ཡོད་ལ་སྒྲུང་གཏམ་ཞིག་འབྲི་བ་ལ་ཁོར་ཡུག་འབྲི་བཞེངས་བྱེད་རྒྱུ་གལ་ཆེ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན་མིའི་རིགས་ཀྱི་འཚོ་གནས་ནི་རང་བྱུང་གི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་འབྲེལ་བ་དམ་པོ་ཡོད་པས་སོ།། གལ་སྲིད་སྒྲུང་གཏམ་གྱི་ནང་དུ་ཁོར་ཡུག་འབྲི་བཞེངས་བྱེད་མ་ཐུབ་ཚེ་སྒྲུང་གཏམ་དེ་རབ་རིབ་ཏུ་གྱུར་བས་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་པའི་ནུས་པ་མེད། དཔེར་ན་པདྨ་ཚེ་བརྟན་གྱི་སྒྲུང་གཏམ་མག་མོག་གི་ནུབ་ཁའི་ཉི་མ་ལྟ་བུ་ལ་མཚོན་ན་སྒྲུང་ངོས་སུ་ཉི་མ་ནུབ་ཟིན། རྒྱང་རིང་གི་གནམ་སའི་བར་འཚམས་སུ་ཡོད་ཚད་མག་མོག་ཏུ་སྣང་ཞིང་། མཁའ་མཐའི་སྐར་མ་འགས་ལྐོག་ཏུ་གསལ་ལ་མི་གསལ་བའི་འོད་མདངས་འཚེར་བཞིན་ཡོད་ལ། ཟླ་བའི་འོད་སྣང་ཡང་རྒྱང་རིང་གི་གནམ་སའི་མཚམས་ནས་ཡར་འཕྲོས་པས་ཀླད་ཀྱི་ནམ་མཁའ་ཆུང་ཆུང་དེ་དཀར་གསལ་ལེར་བཏང་ཡོད། གར་འོང་མི་ཤེས་པའི་གྲང་རླུང་ཞིག་གཡུག་འོང་བས་ཁོ་མོས་ཁོག་འདར་ཞིག་བརྒྱབ་ལ། ད་གཟོད་གཞི་ནས་རང་ཉིད་འདི་རུ་ཧད་ཡོད་པ་ཚོར་བྱུང་ཞེས་བྲིས་ཡོད་ལ། བུ་མོ་ཁེར་ཧྲེང་ཞིག་གི་ནང་སེམས་ཀྱི་འཇིག་རྟེན་དེ་ཆེས་ཟབ་ས་ནས་འབྲི་སྐབས་ནུབ་ཁ་དེ་རྒྱབ་ལྗོངས་མཚོན་དོན་དུ་བྱས་ནས་བྲིས་ཡོད་པ་དང་། འདི་ལྟ་བུའི་ནུབ་ཁའི་རྣམ་པ་དེ་མི་སྣ་འཚོ་སྡོད་དང་འགུལ་སྐྱོད་བྱེད་སའི་རང་བྱུང་ཡུལ་ལྗོངས་ཤིག་ཏུའང་བྱས་ཏེ་བྲིས་པ་དེས་བརྩམས་སྒྲུང་གི་བར་སྣང་ཡང་རྒྱ་བསྐྱེད་ཡོད་ལ།མོའིནང་སེམས་ཀྱི་འགྱུར་བ་ལའང་རམ་འདེགས་བྱས་ཡོད། དོན་གྲུབ་རྒྱལ་གྱི་སྤྲུལ་སྐུ་ལྟ་བུ་ལ་མཚོན་ན་སྡེ་འདབས་ཀྱི་ཞིང་ནང་དུ་ལོ་ཏོག་སྔོ་ལྗང་ལྗང་དུ་ཡོད་པ་དང་། དབྱར་གསུམ་རླུང་གིས་བསྐྱོད་པའི་ཚེ་ན་དེ་རྒྱ་མཚོ་སྔོན་མོར་རླབས་ཀྱི་གཉེར་མ་གཡོ་བ་དང་འདྲ་ཞེས་དང་ཞོགས་པའི་རླུང་གིས་ལམ་འགྲམ་གྱི་ཞིང་ནང་གི་ལྗང་མྱུག་རྣམས་དལ་བུར་བསྐྱོད་པ་དང་། རི་སྡེའི་མི་ཁྱིམ་རྣམས་ཀྱི་དུད་ཁུང་ལས་དུ་བ་སྔོ་ལྷོག་ལྷོག་འཕྱུར་གྱིན་ཡོད་པས་ཅེས་པ་ལྟ་བུ་སོགས་རང་བྱུང་གི་ཁོར་ཡུག་འབྲི་ཐབས་སྤྱད་ནས་རྩོམ་ཧྲིལ་བོ་རོང་བའི་ཞིང་གྲོང་གི་བྲོ་བ་སྣུམ་པོ་ཡོད་དུ་བཅུག་པ་ལྟ་བུའོ།། ཁོར་ཡུག་ནི་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་འགུལ་སྐྱོད་བྱེད་ས་ཡིན་ལ། མི་སྣའི་སྣང་བརྙན་རང་གཤིས་ཅན་དང་གསོན་ཉམས་ལྡན་པར་བྲིས་ཏེ་མཐར་ཐུག་གི་བསམ་བློའི་དགོངས་དོན་གང་ཞིག་མཚོན་པར་བྱེད་རྒྱུ་དེ་ཡིན་པ་དང༌། ཁོར་ཡུག་བཞེངས་བསྐྲུན་གྱི་ཐབས་ལམ་ལ་བརྟེན་ནས་མི་སྣ་འབྲི་བཞེངས་དང་མི་སྣའི་རང་གཤིས་ཀྱིས་འགལ་འདུའི་རང་བཞིན་ཅན་གྱི་ཚབ་མཚོན་བསམ་བློ་དེ་མངོན་པར་བྱེད་དགོས་པས། 《སྐྱོ་འཛུམ》ཞེས་པའི་བརྩམས་སྒྲུང་དེའི་་ནང་དུའང་རྨོངས་པའི་མུན་པ་འཐིབས་པའི་བོད་པའི་འདུ་ཤེས་དང་འཁྲེགས་འཛིན་གྱི་ལྟ་བ། བག་འཁུམས།  རྗེས་ལུས་ཀྱི་སྣང་ཚུལ་དངོས་སུ་མངའ་བའི་སྤྱི་ཚོགས་ཁོར་ཡུག་ཅིག་བརྩམས་སྒྲུང་དུ་བཞེངས་བསྐྲུན་བྱས་ཤིང༌།གསོན་ཉམས་ཀྱིས་ཕྱུག་པའི་ཁོར་ཡུག་བཞེངས་བསྐྲུན་གྱི་སྒྱུ་རྩལ་མཚོན་ཐབས་ཀྱིས་སྒྲུང་གཏམ་ཁྲོད་དུ་ནུས་པ་ཆེན་པོ་ཞིག་ཐོན་ཡོད་དེ།  བརྩམས་སྒྲུང་ལས“གློ་བུར་དུ་མདུན་ཐད་ཀྱི་ཉི་འོད་དབེན་པའི་ནམ་མཁའ་ནས་བྱིའུ་ཆུང་ཞིག་མགྱོགས་མྱུར་ངང་ངེད་གཉིས་ཀྱི་དྲང་ཐད་དུ་འཕུར་ཡོང་ལ། ཉེ་འཁོར་གྱི་རི་རྩེར་བསླེབས་འཕྲལ་ཚབ་ཚུབ་ངང་བྲ་མའི་ཚེར་ཕུང་ཞིག་གི་གསེབ་ཏུ་ཡིབས། ངས་བྱིའུ་དེའི་རྒྱུན་ལྡན་མ་ཡིན་པའི་ངང་ཚུལ་ལ་ཞིབ་ལྟ་བྱེད་སྐབས། ཉམ་ཆུང་གི་ཚེ་སྲོག་དེ་ནི་མ་གཞིར་བྱིའུ་ཁྲས་བདས་ནས་ཡོང་བ་ཞིག་རེད། རྗེས་དེད་ནས་འཕུར་ཡོང་བའི་བྱིའུ་ཁྲ་གདུག་རྩུབ་ཅན་དེས་བྱིའུ་ཆུང་ཚེར་མའི་གསེབ་ཏུ་འཛུལ་བས་ཐབས་ཟད་དེ་ཕྱོགས་གཞན་ཞིག་ཏུ་ཁ་བསྒྱུར་ནས་འཕུར་སོང༌། རེ་ཞིག་ནས་ཉམ་ཐག་པའི་བྱིའུ་དེ་ཚེར་ཕུང་གི་རྩེ་མོར་བབས་ནས་ཕར་ལྟ་ཚུར་ལྟ་བྱེད་བཞིན་ཀྱུར་སྐད་ཡང་ཡང་རྒྱག་བཞིན་འདུག ཉམ་ཐག་པའི་ཚུགས་ཀར་བལྟས་ན་དེས་ཕལ་ཆེར་རང་ཉིད་གཞན་དབང་གིས་ཁྱུ་ཚོགས་དང་བྲལ་པའི་ཁེར་རྐྱང་བྱིའུ་ཞིག་ཏུ་གྱུར་པའི་ལས་སྐལ་ལ་སྐྱོ་སྡུག་གི་སྨྲེ་སྔགས་འདོན་བཞིན་པ་འདྲ”ཞེས་པ་དང“སྐབས་དེར་ས་སྲོད་ཀྱི་ཉི་འོད་མོག་པོ་ཞིག་སྤྲིན་པའི་བར་གསེང་བརྒྱུད་ནས་ཀྲོང་ངེར་འགྱིང་པའི་གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོའི་ངོས་ལ་གསེག་འཕྲོ་བྱས་འདུག་པས། ཨར་འདམ་གྱིས་གྲུབ་པའི་ཁོར་ཡུག་སྲ་མཁྲེགས་ཅན་དེ་ལའང་གདུང་སེམས་ཀྱི་ཚོན་མདངས་དམར་པོ་ཞིག་གསར་དུ་བསྒོས་འདུག”ཅེས་པའི་གསོན་ཉམས་ལྡན་པའི་རང་བྱུང་ཁོར་ཡུག་བཞེངས་བསྐྲུན་བྱས་པས། གཞན་དབང་གི་མནར་གཅོད་བར་ན་གར་འགྲོ་རང་དབང་བྲལ་བའི་བུ་མོ་སྒྲོལ་དཀར་སྐྱིད་ཀྱི་ལས་དབང་ཤུགས་སུ་མཚོན་པར་བྱས་ཡོད་པ་མ་ཟད། ཁོ་མོའི་སེམས་ཁོང་གི་སྐྱོ་ངལ་དང་འཁང་ར་མཐའ་དག་རྩོམ་པ་པོས་རང་བྱུང་ཁོར་ཡུག་བཞེངས་བསྐྲུན་གྱི་སྒྱུ་རྩལ་ཐབས་ལམ་ལ་བརྟེན་ནས་ཀློག་པ་པོ་ཚོའི་ཡིད་ངོར་བཞེངས་བསྐྲུན་བྱས་ཡོད་ལ། ད་དུང་ཁོར་ཡུག་བཞེངས་བསྐྲུན་བྱས་པ་ལ་བརྟེན་ནས་དུས་རབས་གསར་བའི་བོད་པའི་གཞོན་སྐྱེས་མི་བུ་རྣམས་ཀྱི་བསམ་བློའི་ཕུགས་འདུན་དང་རེ་སྨོན་སོགས་ཀྱང་མཚོན་པར་བྱས་ཡོད་དེ། “སྐབས་དེར་མུན་པ་ཡོངས་སུ་རུབ་ཟིན། ངས་ཐོག་རྩེག་ལྔ་པའི་ཁང་མིག་གསུམ་པའི་སྒེའུ་ཁུང་གི་ཧྲེག་བར་ནས་མུ་མཐའ་བྲལ་བའི་སྨག་ནག་གི་ནམ་མཁའ་མཐོང་ཞིང༌། ནམ་མཁའི་དབྱིངས་སུ་རྒྱུ་སྐར་གྲངས་མེད་ཅིག་ལམ་ལམ་དུ་འཚེར་བཞིན་པ་མཐོང་སོང”ཞེས་པའི་ཚན་པ་དེའོ། ། སྤྱིར་གོང་གི་ཁོར་ཡུག་བཞེངས་བསྐྲུན་གྱི་ཚན་པ་དེ་དག་གིས་སྒྲུང་གཏམ་འབྲི་བའི་བརྒྱུད་རིམ་ཧྲིལ་བོའི་ཁྲོད་དུ་བླ་ལྷག་གི་གོ་གནས་གལ་ཆེན་ཞིག་ཟིན་མེད་ལ། དུས་སྐད་ཅིག་མའི་རང་བྱུང་ཁོར་ཡུག་གི་རྣམ་པ་ཕྲན་ཙམ་ལས་བྲིས་མེད་མོད། འོན་ཀྱང་ཞིབ་ཏུ་བསམ་ན་དེ་ནི་སྒྲུང་གཏམ་འདིའི་མཐར་ཐུག་གི་དགོངས་དོན་གསལ་བོར་མཚོན་པའི་གོ་རིམ་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་འདོད། དཔེར་ན། ཀློག་པ་པོར་བདེ་སྣང་དང་སྤྲོ་སེམས་མི་སྟེར་བར་ཐེ་ཚོམ་དང་སྐྱོ་སྣང་སྟེར་བའི་སྒྲུང་གཏམ་ཁྲོད་ཀྱི་གོང་གི་རང་བྱུང་ཁོར་ཡུག་གི་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་འབྲི་བཞེངས་བྱས་པའི་ཚན་པ་དག་གི་ཚབ་དུ། བག་ཕེབས་དང་དགའ་མགུ། བདེ་བ་སྟེར་ནུས་པའི་རང་བྱུང་ཁོར་ཡུག་གི་རྣམ་པ་ཞིག་བྲིས་ན། དེས་ཀློག་པ་པོར་ཅི་ཡིན་ཆ་མི་འཚལ་བའི་ཚོར་འདུ་ཞིག་ལས་སེམས་པ་དབང་མེད་དུ་འགུགས་ཤིང་ཡིད་ལ་བཅོས་མིན་གྱི་མཛེས་རྟོག་ཅིག་སྟེར་བའི་ནུས་པ་མེད་པར་འགྱུར་ངེས་ལ། ལྷག་པར་དུ་བརྩམས་སྒྲུང་དུ་བཀོད་པའི་རང་བྱུང་ཁོར་ཡུག་གི་རྒྱུན་ལྡན་མ་ཡིན་པའི་ཚན་པ་དེ་དག་གིས་བོད་པའི་རྗེས་ལུས་ཀྱི་འདུ་ཤེས་དང་རྨོངས་མུན་ཀྱི་བསམ་བློས་དེང་རབས་གཞོན་སྐྱེས་དག་གི་མདུན་ལམ་ལ་གཏོར་བརླགས་དང་ཚད་བཀག་ཐེབས་པའི་སྐྱོ་ངལ་དང་འཁང་ར་ཤུགས་སུ་མཚོན་པར་བྱས་ཡོད་པ་མ་ཟད། བཅོས་བསྒྱུར་དང་དངོས་ཡོད་ཀྱི་བདེན་དོན་ལ་བརྩོན་ལེན་བྱེད་པའི་དེང་རབས་གཞོན་སྐྱེས་རྣམས་ཀྱི་བསམ་བློ་དང་འདུ་ཤེས་རྙིང་བས་རང་མགོ་གཡོག་ཅིང་རྨོངས་པས་བཀང་བའི་བོད་པའི་བསམ་བློ་གཉིས་ཀྱི་འགལ་བ་དེ་གཙོ་བོར་མཚོན་པར་བྱས་ཡོད་པས་རང་བྱུང་ཁོར་ཡུག་འབྲི་བཞེངས་བྱས་པའི་ཚན་པ་དེ་དག་ཀྱང་བརྩམས་སྒྲུང་འདིའི་དགེ་མཚན་གྱི་ཆ་ཞིག་ཡིན་པར་འདོད་དོ།། མདོར་ན་མི་ནི་རང་བྱུང་གི་འཇིག་རྟེན་ཁམས་ཆེན་པོར་རྟེན་ཞིང་གནས་པའི་བདག་ཉིད་ཅན་ཞིག་ཡིན་པས་སྒྲུང་གཏམ་ཞིག་འབྲི་བ་ལ་སྐབས་བབས་ཀྱི་བརྗོད་བྱ་དང་འབྲེལ་ཏེ་དེ་དང་འབྲེལ་བའི་ཁོར་ཡུག་ཀྱང་ངེས་པར་འབྲི་དགོས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།