༄༅།།ཡུལ་ཤུལ་གྱི་གེ་སར་སྒྲུང་པའི་གསལ་འབྱེད་སྐྱེ་རྒུ་ནས་སྤེལ་བ།

རྩོམ་པ་པོ།:ཆབ་འགག་ཇོ་རུ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-12-11 15:13:14 ཀློག་གྲངས།:
       ཟླ༡༢པའི་ཚེས༧ནས་ཚེས༨ཉིན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གེ་སར་སྒྲུང་གི་སྐོར་ལ་གནང་བའི་གལ་ཆེའི་གསུང་བཤད་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ།  མུ་མཐུད་དུ་གེ་སར་རིག་གནས་སྔོག་འདོན་དང་། རྒྱུན་འཛིན། སྲུང་སྐྱོབ་ལེགས་པོ་བྱེད་ཆེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གེ་སར་སྒྲུང་གི་འབབ་སྒྲུང་དང་།   གཏེར་སྒྲུང་།    བརྒྱུད་སྒྲུང་། བསླབ་སྒྲུང་བཅས་ཀྱི་རྒྱུན་འཛིན་མི་སྣའི་རིག་གཞུང་གསལ་འབྱེད་ཚོགས་འདུ་སྐྱེ་རྒུ་གྲོང་རྡལ་དུ་ཚོགས། 
     
      གསལ་འབྱེད་ཚོགས་འདུ་དེ་ནི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་དང་། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།    ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ།    ཡུལ་ཤུལ་ཁུལ་གེ་སར་ཞིབ་འཇུག་སློབ་ཚོགས་བཅས་ཀྱིས་མཉམ་དུ་བསྒྲུབས་ཤིང་། ཞིང་ཆེན་དང་ཁུལ་རིམ་པའི་གེ་སར་རིག་པའི་ཆེད་ལས་མི་སྣ་བཅུ་གཅིག་རྩ་འཛུགས་བྱས་ནས་རིག་གཞུང་གསལ་འབྱེད་ཚན་ཆུང་བཙུགས་ཏེ། ཡུལ་ཤུལ་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར་དང་རྫོང་ལྔའི་ནས་ཡོང་བའི་གེ་སར་སྒྲུང་པའི་རིགས་ལས་འབབ་སྒྲུང་དང་།   གཏེར་སྒྲུང་།    བརྒྱུད་སྒྲུང་། བསླབ་སྒྲུང་བཅས་ཀྱི་རྒྱུན་འཛིན་པ༦༣ལ་རིག་གཞུང་གསལ་འབྱེད་བྱས་པ་རེད།     
   
      གསལ་འབྱེད་ཚོགས་འདུ་སྟེང་དུ་གེ་སར་རིག་པའི་ཆེད་མཁས་པ་དང་། འབྲེལ་ཡོད་མགོ་ཁྲིད། སྒྲུང་པ། ཚོགས་འདུའི་ལས་བྱེད་མི་སྣ་སོགས་ཐུན་མོང་གིས་འབད་བརྩོན་ལ་བརྟེན་ནས། སྒྲུང་པའི་གསལ་འབྱེད་བྱེད་ཐབས་དང་གསལ་འབྱེད་ཚད་གཞི་ལྟར། སྒྲུང་པའི་སྒྲུང་བཤད་དང། ཆེད་མཁས་པའི་དཔྱད་བསྡུར། དུས་ཐོག་ཏུ་སྐར་མ་བརྒྱབ་ཏེ་ཡུལ་དངོས་ནས་བསྒྲགས་པ་སོགས་དྲང་གཞག་དྭངས་གསལ་གྱི་གོ་རིམ་ནན་མོ་བརྒྱུད་དེ། གེ་སར་སྒྲུང་པའི་སྐད་ཆའི་སྒྱུ་རྩལ་དང་། ནང་དོན་གྱི་གཏན་ཚིགས།   སྒྲུང་བཤད་ཀྱི་ཉམས་འགྱུར་སོགས་ཐད་ནས་རིག་གཞུང་གསལ་འབྱེད་བྱས་པ་རེད།
      གསལ་འབྱེད་ནང་དུ་ཞུགས་པའི་གེ་སར་སྒྲུང་པ་རྣམས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཕྱིར་མངོན་ཏེ་དཔྱད་འདེམས་པ་དང་ལྟད་མོ་བའི་མིག་དབང་འཕྲོག་པ་དང་དགའ་བསུ་ཆེན་པོ་ཐོབ་ལ། ཉིན་གཉིས་ཀྱི་གསལ་འབྱེད་ལས་འབབ་སྒྲུང་པ༩དང་།    གཏེར་སྒྲུང་པ༡། བརྒྱུད་སྒྲུང་པ༣བཅས་ལ་ཞིང་ཆེན་རིམ་པའི་གསལ་འབྱེད་ཁས་ལེན་གྱི་ཐོབ་ཐང་ཐོབ་པ་དང་།  བསླབ་སྒྲུང་པ༣༠ལ་ཁུལ་རིམ་པའི་བསླབ་སྒྲུང་པའི་གསལ་འབྱེད་ཁས་ལེན་གྱི་ཐོབ་ཐང་ཐོབ།     བསླབ་སྒྲུང་པ༡༠ལ་རྫོང་རིམ་པའི་བསླབ་སྒྲུང་པའི་གསལ་འབྱེད་ཁས་ལེན་གྱི་ཐོབ་ཐང་ཐོབ་པ་རེད། 
      རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསལ་འབྱེད་ནི་རྒྱལ་ཡོངས་གེ་སར་སྒྲུང་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་སྤྱི་ལོ༢༠༡༢ལོའི་ཟླ༧པར་ཡུལ་ཤུལ་ས་ཁུལ་གྱི་འབབ་སྒྲུང་པ༡༥དང་། པྲ་སྒྲུང་པ༡། བརྒྱུད་སྒྲུང་པ༣བཅས་ལ་གསལ་འབྱེད་བྱས་པ་དེའི་རྗེས་ཀྱི་ལོ་ངོ་བརྒྱད་རིང་གསར་རྙེད་བྱུང་པའི་གེ་སར་སྒྲུང་པར་རིག་གཞུང་གསལ་འབྱེད་ཅིག་ཡིན། 
      གེ་སར་སྒྲུང་པར་གསལ་འབྱེད་བྱེད་པ་འདིས། གེ་སར་སྒྲུང་གི་རྒྱུན་འཛིན་མི་སྣ་གསར་རྙེད་དང་། སྒྲུང་རབས་ཆེན་མོའི་འབྱུང་ཁུངས་གཙང་བཟོ་བྱེད་པ། མུ་མཐུད་དུ་གེ་སར་སྒྲུང་བཤད་དང་རིག་གནས་སྲུང་སྐྱོང་བྱེད་པར་སྐུལ་ལྕག་བྱེད་པ། གེ་སར་རིག་གནས་ཀྱི་རྒྱུན་འཛིན་དང་སྲུང་སྐྱོང་ཚད་ལྡན་དུ་བཏང་ནས། “མི་སེམས་རབ་ཏུ་གཡོ་བར་བྱེད་པའི་རླབས་ཆེན་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ”བདེ་ཐང་ངང་འཕེལ་རྒྱས་དང་དར་སྤེལ་ཤུགས་ཆེན་གཏོང་རྒྱུར་དོན་སྙིང་ཆེན་པོ་ལྡན་ནོ། །

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།