ཀྱེ་ཕུར་མཆོག་གསུམ་གྱི«སྲོལ་གྱི་རྟ་ཁྱུ་དཀར་པོ»པར་བསྐྲུན་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2026-03-13 09:43:00 ཀློག་གྲངས།:
       ཉེ་ལམ། ཀྱེ་ཕུར་མཆོག་གསུམ་གྱི་ཚིགས་བཅད་སྙན་ངག་ཕྱོགས་བསྒྲིགས་དེབ«སྲོལ་གྱི་རྟ་ཁྱུ་དཀར་པོ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས།
རྩོམ་པ་པོའི་གཏམ།

       ཕྲན་གྱིས་ད་ལྟའི་བར་བྲིས་པའི་ཚིགས་བཅད་སྙན་ངག་དག་ལས་སྐོར་ཞིག་ཁོལ་དུ་ཕྱུང་སྟེ། ཆེད་དུ་ཕྱོགས་བསྒྲིགས་བྱས་པའི་དེབ་གསར«སྲོལ་གྱི་རྟ་ཁྱུ་དཀར་པོ»ཞེས་པ་པར་སྐྲུན་ལེགས་འགྲུབ་བྱུང་བས། དགའ་སྐྱོ་ཉིས་འཛོམས་ཀྱི་དྲི་བ་འཕྲོ་རིམ་འཕྲོར་བྲང་གཞུང་ལ་འཚང་ཡོང་སྟེ། ངའི་ཞེ་བློ་གཏན་ནས་བདེ་ཐབས་མ་བྱུང་། རྒྱུ་མཚན་ཧ་ཅང་སླ་སྟེ། གཅིག་ཏུ་ངས་ད་ལྟའི་བར་མང་པོ་མང་པོ་ཞིག་བྲིས་ཀྱང་ཅི་ཡང་ཕྲིས་མ་སོང་ལ། ངས་ཅི་ཞིག་བཤད་ན་འདོད་ཀྱང་གང་ཡང་ཤོད་མ་སོང་བས། ཡིག་ཚོགས་ཀྱི་ཕུང་བོ་སྤུངས་པ་ལ་དགོས་པ་གང་ཡང་མེད་པར་འདོད་པ་དང་། ཡང་ཞིབ་ཏུ་བསམ་གཞིག་རེ་བཏང་ཚེ་ལོ་འདི་འགར་ཡི་གེ་སྡེབ་སྦྱོར་གྱི་བཟོ་རྩལ་མ་བཏང་བར་ཡོང་བ་འདི་ཡང་གྲུབ་འབྲས་ཤིག་ག་ལ་མིན་ཨང་ཞེས་རང་གིས་རང་ལ་སྙིང་ཕུར་ཞིག་ཀྱང་བརྡབ་འདོད་པ། གཉིས་སུ་ང་ལ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སྐད་ཡིག་དགེ་རྒན་བཀའ་དྲིན་ཅན་རྣམ་པས་བཞག་པའི་ལས་འགན་གང་ཞིག་འགྲུབ་ཡོད་སྙམ་པའི་ང་རྒྱལ་གྱི་སེམས་ཁམས་ཀྱང་ཞོར་ལ་བརྟས་ཡོང་སྟེ། ཁོང་ཚོ་རེ་རེ་ནས་ཁྱོད་ཀྱིས་རྩོམ་ཡིག་འབྲི་མཚམས་མ་འཇོག་ཅེས་ཡང་ཡང་སྐུལ་བ་ལྟར། ངས་ཀྱང་བརྗོད་བྱ་ཡོད་མེད་ཅི་རིགས་དང་། སྡེབ་སྦྱོར་འགྲིག་མིན་སྣ་ཚོགས་ཤིག་དུས་དང་དུས་མིན་དུ་བྲིས་ཏེ་ཁོང་ཚོའི་དགོངས་གཞི་མ་བཏང་བར་ཡོང་བའམ་ཡང་ན་རང་དགར་མ་བསྡད་པའི་འབྲས་རྟགས་སུ་རང་གི་ཚོད་ཀྱིས་རྩོམ་ཡིག་རིང་ཐུང་ཅི་རིགས་ཤིག་བྲིས་ཟིན་པས་སྐྱོ་བའི་ཞོར་ལ་དགའ་བ་འཕེལ་དོན་ཡང་དེ་ཡིན། 
       རང་གིས་བྲིས་པ་ཡོད་ཚད་རྒྱ་མཚོ་ཞིག་ཏུ་ཆ་བཞག་ན། དེའི་ནང་གི་ཆུ་ཐིགས་གཅིག་ཙམ་དེབ་གཟུགས་ཀྱི་ཀུ་ཤའི་རྩེ་མོས་བླངས་ཏེ་ཀློག་པ་པོ་དག་གི་སྤྱན་སྔར་བསྟར་བ་ཡིན་ལ། དེབ་གཟུགས་འདི་མདོར་དྲིལ་ན་བརྗོད་བྱ་སྣ་གཅིག་དང་རྗོད་བྱེད་མདོག་གཅིག་ཏུ་གྱུར་ཡོད་དུ་སྲིད་མོད། དེ་ནི་གསེར་བཞུས་ཀྱང་རག་ཏུ་མི་འགྱུར་བ་དང་། རག་མགར་ཡང་གསེར་དུ་མི་འགྱུར་བའི་གནས་ལུགས་ཤིག་གི་བདེན་པ་ལྷང་ལ་འབུད་སྟངས་ཤིག་ཏུ་བསམ་ཆོག་ལ། འཚོ་བ་དང་ཁོར་ཡུག་གིས་བཙས་པའི་ང་ལ་ཁུ་བ་གཞན་ཞིག་འབུད་མི་ཐུབ་པའི་སྒོ་མོའང་སྔར་ནས་བསྡམས་ཡོད་པ་འདྲ། 
       སྐབས་ལ་ལར་ང་རང་ཧ་ཅང་ཁེར་རྐྱང་གིས་གདུང་དུས་ངས་སྙན་ངག་བྲིས་པ་ཡིན་ལ། ཕ་མ་དྲན་པའི་སྡུག་ཡུས་ཆུ་བཞིན་གདུ་དུས་ཀྱང་སྙན་ངག་བྲིས་པ་ཡིན། མཛའ་མོ་དྲན་པའི་གདུང་བ་མེ་བཞིན་འབར་དུས་ཀྱང་སྙན་ངག་བྲིས་པ་ཡིན། དེ་བས་ངས་སྙན་ངག་གི་རྣམ་ཤེས་ལ་མཐོ་དམའ་དང་དབུལ་ཕྱུག་མེད་པར་འདོད་ལ། ངོ་སོ་དང་འཐེན་ཁྱེར་ཡང་མེད་པར་སུ་ཞིག་གདུང་བས་མནར་དུས་སྐྱོ་རོགས་ཀྱི་གྲོགས་མཆོག་དང་། སུ་ཞིག་གྲང་བས་འཁུམ་དུས་དྲོད་ཁོལ་གྱི་མེ་དཔུང་ཞིག་ཏུ་བསྒོམས་ཏེ་སྙན་ངག་བྲིས་པ་ཡིན། སྙན་ངག་ནི་གཞན་གྱི་མཚང་འདྲུ་བྱེད་ཅིག་དང་། སྙན་ངག་འབྲི་མཁན་ཡོད་ཚད་རྩ་མི་ཚང་བ་ཞིག་ཏུ་སྒོམ་གྱིན་པའི་དེ་རིང་ངས་མུ་མཐུད་དུ་སྙན་ངག་བྲི་འདོད། ངས་བསམས་ན་ནག་ནོག་གི་འཚོ་བ་དང་སེམས་ཁམས་འཁྲུད་བྱེད་ལ་སྙན་ངག་ལས་ལྷག་པའི་གཙང་ཆབ་ཅིག་ཁྱོན་ནས་མི་འདུག་ལ། རང་གིས་ཕར་ལ་བློ་སྟོང་མ་བཅོས་ན་ཚུར་ལ་ཁྲེལ་མེད་མི་བྱ་བའི་གྲོགས་མཆོག་ཅིག་ལ་སྙན་ངག་ལས་ལྷག་པ་ཞིག་ད་ལྟའི་བར་དུ་རག་ཐབས་མ་བྱུང་། 
       སྙན་ངག་ནི་འཕྲུལ་བའི་ཚིག་གི་གསེང་ནས་མངོན་ལ། གབ་པའི་དོན་གྱི་ཤུགས་ནས་འབྱུང་བར་འདོད་མཁན་ཡོད་ཀྱང་། ངས་སྙན་ངག་ནི་སེམས་ཀྱི་ན་ཟུག་འཇགས་བྱེད་ཀྱི་སྨན་མཆོག་ཅིག་དང་། ཡིད་ཀྱི་རྣག་ཐུམ་དབྲལ་བྱེད་ཀྱི་སྟར་ཁ་ཞིག་ལ་ངོས་བཟུང་ཡོད། བརྒྱ་ལ་རང་ཉིད་ཀྱིས་བྲིས་པ་ཡོད་ཚད་ལ་དེ་འདྲའི་རྣོ་དབལ་ཅི་ཡང་མེད་ཀྱང་སྲིད་མོད། དེ་ཡང་གནད་ཀྱི་དམ་པར་མི་འགྲོ་སྟེ། རང་ཉིད་ཀྱི་ཐོག་མའི་དམ་བཅའ་དང་མཐའ་མའི་འབྲས་བུ་གཉིས་རྒྱབ་འགལ་དུ་མ་སོང་བ་དེས་ཆོག་པར་འདོད་ལ། ལན་རེར་དེས་ཀྱང་གཏན་ནས་ཚིམ་ཐབས་མི་འདུག་སྙམ། གང་ལྟར་ཡང་། སེམས་ཀྱི་སྐྱོ་བ་དང་། ཡིད་ཀྱི་གདུང་བ། ངག་གི་རྗོད་པ་ཐམས་ཅད་བསྡོམས་ཏེ་ཁྱེད་ཅག་ལ་སྐྱེས་སུ་འབུལ་དུས་སེམས་ཀྱི་གོང་ཤིང་དུ་ནམ་ཡང་དཀག་མ་མྱོང་བའི་མི་སྣ་འགའ་ཞིག་གསལ་ལེར་མངོན་ཡོང་། 
       ཕྲན་གྱི་དེབ་གཟུགས་འདི་ངའི་མི་ཚེའི་ལུས་རྟེན་སྐྲུན་མཁན་གྱི་ཕ་མ་གཉིས་ཀ་དང་། ཕུ་ནུ་སྤུན་མཆེད། ཤ་ཉེ་འབྲེལ་དང་གྲོགས་དགའ་མཆེད་མང་པོའི་སྐུལ་མ་དང་། སྟོབས་ཤུགས་ཀྱིས་བཙས་པ་ཡིན་པས་དེ་དག་དབུ་ཡི་རྒྱལ་མཚན་དང་། དཔེ་དེབ་པར་སྐྲུན་ཐད་ལ་སེམས་ཤུགས་མང་དུ་བསྩལ་པའི་གྲོགས་མཆོག་བསོད་ནམས་བཀྲ་ཤིས་དང་འཁྱམས་ཏཱ་རེ་རྒྱལ། བདའ་ཚང་སྙེམས་གྲོལ། གྲོགས་འདས་པོ་རྔོག་རུ་བ་བཅས་ལ་ཁ་མིན་སེམས་ཀྱིས་བཀའ་དྲིན་ཞུ་རྒྱུ་དང་། ངའི་འཚོ་བའི་སྐྱ་ཡ་དང་དཔུང་གྲོགས་སུ་གྱུར་པའི་མི་སྣ་མང་པོའི་བཀའ་དྲིན་ལས་དེབ་གཟུགས་འདི་གྲུབ་པ་ཡིན་པས་གྲུབ་འབྲས་ཀྱི་ཕྱེད་ཀ་ཁྱེད་ཅག་ལ་དབང་ངེས་ཡིན།  

ཞེས་ཀྱེ་ཕུར་མཆོག་གསུམ་གྱིས༢༠༢༤ལོའི་ཟླ༡པའི་ཚེས༢༠ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།