གེ་སར་སྒྲུང་གི་སྐོར་ལ་དེབ་གསར་ཞིག་ཐོན་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲི དུས་ཚོད།:2025-02-17 08:52:45 ཀློག་གྲངས།:2111
«ཀྲུང་ཧྭའི་གླིང་སྒྲུང་རིག་གནས་ཕུལ་བྱུང་རྒྱུན་འཛིན་པའི་ངག་བརྗོད་ལོ་རྒྱུས་ཉིང་བསྡུས»དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
 
       ཉེ་ཆར། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་གཞོན་པ་དབང་ཆེན་ཚེ་རིང་ལགས་ཀྱི་ཆེད་དེབ«ཀྲུང་ཧྭའི་གླིང་སྒྲུང་རིག་གནས་ཕུལ་བྱུང་རྒྱུན་འཛིན་པའི་ངག་བརྗོད་ལོ་རྒྱུས་ཉིང་བསྡུས»ཞེས་པ་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་འདུག
       རྒྱུན་འཛིན་པ་ནི་གླིང་སྒྲུང་རིག་གནས་ཀྱི་སྲོག་ཤིང་དང་། དེའི་ཐད་ཀར་གྱི་རྒྱུན་འཛིན་མཁན་དང་སྲུང་སྐྱོབ་མཁན་ཡིན། དེབ་འདིའི་ནང་དུ་རྒྱལ་ཡོངས་ཀྱི་གླིང་སྒྲུང་རིག་གནས་ཕུལ་བྱུང་རྒྱུན་འཛིན་པ303བདམས་ཡོད་ལ། དེར་སྒྲུང་པའི་སྐོར་དང་གེ་སར་སྒྲུང་གི་ཟློས་གར་མཁན་གྱི་སྐོར། ཐང་ག་འབྲི་མཁན་གྱི་སྐོར། ལྡེབས་རིས་འབྲི་མཁན་གྱི་སྐོར། བར་བཅུག་རི་མོ་འབྲི་མཁན་གྱི་སྐོར། འབུར་སྐུ་བཟོ་མཁན་གྱི་སྐོར། གཏོར་མ་བཅའ་མཁན་གྱི་སྐོར། གེ་སར་རྡོ་རྐོ་བའི་སྐོར་ལ་སོགས་པའི་རིགས་སུ་ཕྱེ་ཡོད། དེབ་འདི་ལ་དམིགས་བསལ་གྱི་དགེ་མཚན་འགའ་ལྡན་ཏེ། གཅིག་ནི་དམངས་ཁྲོད་ཀྱི་གླིང་སྒྲུང་རིག་གནས་རྒྱུན་འཛིན་པ་སྔོག་འདོན་དང་མྱུར་སྐྱོབ། སྲུང་སྐྱོབ་བཅས་བྱེད་པ་དང་། དམངས་ཁྲོད་ཀྱི་རྒྱུན་འཛིན་པའི་གོ་གནས་ཇེ་མཐོར་གཏོང་བ། དམངས་ཁྲོད་ཀྱི་རྒྱུན་འཛིན་པས་མུ་མཐུད་དུ་གླིང་སྒྲུང་རིག་གནས་རྒྱུན་འཛིན་བྱེད་པར་སྐུལ་ལྕག་གཏོང་བར་དགེ་མཚན་ལྡན་པ་ཡིན། གཉིས་ནི་ཡི་གེ་དང་གཟུགས་རིས་གཉིས་ལྡན་གྱིས་གླིང་སྒྲུང་རིག་གནས་ཀྱི་དམངས་ཁྲོད་རྒྱུན་འཛིན་པ་ངོ་སྤྲོད་བྱས་ཏེ། བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་མངོན་པ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྤེལ་རེས་མཉམ་འདྲེས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་དགེ་མཚན་ལྡན་པ་ཡིན། གསུམ་ནི་དེབ་དེའི་ནང་དུ་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་བོད་འབྲེལ་ཞིང་ལྗོངས་དང་། ནང་སོག་དང་ཞིན་ཅང་བཅས་ཀྱི་རྒྱུན་འཛིན་པ303ལྷག་གི་ལོ་རྒྱུས་ཡོད་པས། དེ་ནི་གླིང་སྒྲུང་རིག་གནས་རྒྱུན་འཛིན་པའི་དཔྱད་གཞིའི་བང་མཛོད་ཅིག་རེད་ཅེས་བརྗོད་ཆོག བཞི་ནི་གླིང་སྒྲུང་རིག་གནས་ཀྱི་རྒྱུན་འཛིན་པའི་རིགས་དབྱེ་དང་ཁྱབ་ཁོངས་རྒྱ་བསྐྱེད་འདུག་སྟེ། དེ་སྔར་གླིང་སྒྲུང་རིག་གནས་ཀྱི་རྒྱུན་འཛིན་པ་ཞེ་ན་སྒྲུང་བཤད་མཁན་གྱི་སྒྲུང་པ་ཁོ་ན་གཙོ་བོར་འཛིན་མོད། དེབ་འདི་ལས་རྒྱུན་འཛིན་པའི་རིགས་དབྱེ་དང་ཁྱབ་ཁོངས་ཆེ་རུ་བཏང་སྟེ། གེ་སར་སྒྲུང་གི་ཟློས་གར་མཁན་དང་ཐང་ག་འབྲི་མཁན། ལྡེབས་རིས་འབྲི་མཁན། བར་བཅུག་རི་མོ་འབྲི་མཁན། འབུར་སྐུ་བཟོ་མཁན། གཏོར་མ་བཅའ་མཁན། རྡོ་རྐོ་བ་སོགས་ཀྱང་དེའི་ཁོངས་སུ་བསྡུས་ཡོད་པས། གླིང་སྒྲུང་རིག་གནས་ཀྱི་རྒྱུན་འཛིན་པར་ངོས་འཛིན་དང་ཁྱབ་ཁོངས་ཀྱི་ཞིབ་འཇུག་ཐད་ནས་རྒྱ་བསྐྱེད་ཡོད་པར་མ་ཟད་ཐོད་རྒལ་གསར་བ་བྱུང་ཡོད།
       དེབ་འདི་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི2021ལོའི“བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་ན་གཞོན་ཤེས་ལྡན་མི་སྣ”ཞེས་པའི་ལས་གཞི་དང2021ལོའི་མཚོ་སྔོན་ཞིང་ཆེན་གྱི“ཁུ་ནུ་འཇོན་མི·གསར་གཏོད་ལས་གཏོད་རྩེ་གྲའི་ཤེས་ལྡན་མི་སྣ”ཡི་སྣེ་ཁྲིད་མི་སྣའི་དམིགས་བསལ་རོགས་སྐྱོར་ལས་གཞིའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཡིན།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
       དབང་ཆེན་ཚེ་རིང་། སྨྱུག་མིང་ལ་ཆབ་འགག་ཇོ་རུ། ད་ལྟ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་གཞོན་པ་ཡིན། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་སྤྱི་ཚོགས་ཚན་རིག་སྡེ་ཁག་གི་ཀྲུའུ་རིན་གཞོན་པ་སོགས་རིག་གཞུང་ཚོགས་པ15ཡི་ཚོགས་མི་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་བསམ་བློ་དང་རིག་གནས་དྲིལ་བསྒྲགས་ཁྱབ་ཁོངས་ཀྱི་གཙོ་གནད་ཤེས་ལྡན་མི་སྣའི་ཞིབ་དཔྱད་ཆེད་མཁས་མཛོད་དང་མཚོ་སྔོན་ཞིང་ཆེན་དཔེ་སྐྲུན་གསལ་འབྱེད་ཆེད་མཁས་མཛོད་ཀྱི་ཆེད་མཁས་པ། བོད་ལྗོངས་ནག་ཆུའི་གླིང་སྒྲུང་རིག་གནས་ཀྱི་དམིགས་བསལ་གདན་ཞུ་བློ་འདྲི་ཡུལ་སོགས་ཀྱི་འགན་ཁུར་ཡོད། ད་ལྟའི་བར་དུ་རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི4དང་ཀྲུང་དབྱང་དྲིལ་བསྒྲིགས་པུའུ་ཡི་ལས་གཞི1སོགས་ལས་གཞི11ལ་མགོ་འཛིན་བྱས། རྒྱལ་ཁབ་རིམ་པའི་ལས་གཞི12ལ་རོགས་སྒྲུབ་ཞིབ་འཇུག་བྱས། བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་དཔྱད་རྩོམ60སྤེལ་བ་དང་། རིག་གཞུང་ཆེད་དེབ5དང་སྒྲུང་དཔེ12ལེགས་སྒྲིག་དཔེ་སྐྲུན་བྱས། ཞིབ་འཇུག་གི་གྲུབ་འབྲས་སོགས་ལ་རིམ་པ་མི་འདྲ་བའི་བྱ་དགའ27ཐོབ་མྱོང་། སྔ་གཞུག་ཏུ་ཞིང་ཆེན་རིམ་པ་ཡན་གྱི་གསར་འགྱུར་སྨྱན་སྦྱོར་སྟེང་གསར་འགྱུར་དང་རྩོམ་ཐུང113ལྷག་སྤེལ་བ་དང་། ཀྲུང་གོའི་གེ་སར་ཞིབ་འཇུག་དྲ་བ་དང་། གེ་སར་རིག་གནས་རྒྱུན་འཛིན་པའི་རིག་མཛོད། གེ་སར་གྲངས་འཛིན་འཕྲིན་སྟེགས་སོགས་གསར་གཏོད་བྱས། 2016ལོར་མཚོ་སྔོན་ཞིང་ཆེན་རྩེ་གྲས་གསར་གཏོད་ཀྱི་འཇོན་མི་སྟོང་གི་འཆར་གཞིའི་ནང་དུ་བདམས། 2018ལོར་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཆེད་མཁས་སྐོར་བཞིའི་འཇོན་ཐང་མི་སྣའི་མཚན་སྙན་ཐོབ། 2019ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་མཚན་སྙན་གནང་། 2021ལོར་མཚོ་སྔོན་ཞིང་ཆེན་གྱི“ཁུ་ནུ་འཇོན་མི·གསར་གཏོད་ལས་གཏོད་རྩེ་གྲའི་ཤེས་ལྡན་མི་སྣ”སྣེ་ཁྲིད་མི་སྣར་བདམས། 2021ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི“བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་ན་གཞོན་ཤེས་ལྡན་མི་སྣར”བདམས། 2024ལོར་མཚོ་སྔོན་ཞིང་ཆེན་གྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་སྔོན་ཐོན་མི་སྒེར་ལ་བདམས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།