གསོ་བྱེད་ཐབས་ཀྱི་ནད་ཐོག་ལག་ལེན་སྐོར་རགས་ཙམ་བརྗོད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-27 08:42:00 ཀློག་གྲངས།:

གསོ་བྱེད་ཐབས་ཀྱི་ནད་ཐོག་ལག་ལེན།

ཕྱི་ཡི་འཇིག་རྟེན་འབྱུང་བ་ལྔ་ལས་གྲུབ།
དེར་བརྟེན་སེམས་ཅན་འབྱུང་ལྔའི་ཁམས་ལས་བྱུང་།
མདོར་ན་སྣོད་བཅུད་ཐམས་ཅད་འབྱུང་བས་བསྐྱེད།
གང་དེ་འཁྲུག་པས་ནད་དང་སྡུག་བསྔལ་བྱུང་།
དེ་སེལ་ཕྱིར་དུ་འབྱུང་བའི་རིག་པ་འདི།
འཕེལ་ཟད་འཁྲུག་པའི་འདུ་བ་སྙོམས་པའི་ཕྱིར།
གསོ་ཐབས་མན་ངག་ཀུན་གྱི་གོ་བདེ་བའི།
གཞུང་ལུགས་བསླབ་པས་ལག་ལེན་བྱེད་ཚུལ་སྤྲོ།
         དེ་ཡང་གསོ་བྱེད་ཐབས་ཀྱི་ལག་ལེན་བཤད་པ་ལ་རང་ཉིད་སྦྱོང་སྟོབས་དང་ལག་ལེན་ཧ་ཅང་དབུལ་བས་འདི་ལྟ་བའི་གཞུང་ལུགས་ཀྱི་གོ་བ་དང་ལག་ལེན་གྱི་ཉམས་མྱོང་དབེན་ཡང་། བཤེས་གཉེན་དཀའ་དྲིན་ཅན་གྱི་སློབ་ཁྲིད་ལ་རྟེན་ནས་རང་ཉིད་ཀྱི་གོ་བ་དང་མྱོང་ཚོར་ཕྲན་བུ་བྱུང་བ་རྣམས་ད་ལམ་སོར་མོའི་འཕྲུལ་དང་སྡེབས་ཏེ་དཀར་གཙང་ཤོག་བུའི་ངོས་སུ་བཀོད་པར་བྱ་བ་ནི། དེ་ཡང་ཕྱི་མ་འཕྲིན་ལས་རྒྱུད་ལས། གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་བཅུ་ཡོད། མདོར་བསྡུས་བརྟག་ཐབས་གསོ་ཚུལ་བཅོས་ཐབས་གསུམ། གསུངས་པ་ལྟར། ས་བཅད་རྣམ་པ་གསུམ་གྱི་སྒོ་ནས་བཤད་པར་བྱ་བ་ཡིན།
         དང་པོ། བརྟག་ཐབས་བཤད་པ། ནད་གང་ཡིན་བརྟག་པའི་ཐབས་ལ་རྣམ་པ་གསུམ་སྟེ་མིག་གིས་ལྕེ་དང་དྲི་ཆུར་ལྟ་བ་དང་། སོར་མོས་ལུས་ཀྱི་ཚ་གྲང་དང་འབུར་འཇམ་སོགས་དང་ལྷག་པར་དུ་བརྡ་སྦྱོར་ལྟར་གནས་པའི་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩར་བརྟག་པ། ངག་གིས་ནད་པ་དང་དེའི་ཕོ་ཉ་སོགས་ལ་དྲི་བའི་སྒོ་ནས་ནད་གཞིའི་རྒྱུ་རྐྱེན་དང་འཕེལ་རིམ་ལ་བརྟག་དགོས་པ་བཅས་གསུམ་ཡིན།
         གཉིས་པ། གསོ་ཚུལ་བཤད་པ། གསོ་བའི་ཚུལ་བཤད་པ་ལ་རྣམ་པ་དགུ་སྟེ། གཅིག གསོ་བྱ་ནད་པ་དེའི་ནད་གཞི་འདི་མིན་ནམ་སྙམ་ཞིང་གདེངས་དང་མི་ལྡན་པའི་ཚེ། དཔེ་བྱི་ལ་འཇབ་པ་ལྟ་བུའི་སྒོ་ནས་སྲེ་ལོང་སོགས་ཐང་གིས་ནད་གཞི་གཏན་ལ་འབེབ་ཐབས་བྱ་བ་དང་། གཉིས། ནད་དེ་ཉིད་མི་འཕྱུགས་པའི་གདེངས་དང་ལྡན་ཞིང་གཉེན་པོ་སོགས་ཀྱང་དེ་བཞིན་དུ་སྦྱོར་ནུས་པའི་ཚེ་སྤོ་ལ་དར་འཕྱར་བ་སྟེ་རི་མཐོ་པོའི་རྩེ་ནས་ལྷ་བསངས་དང་སྦྲག་དར་འཕྱར་བ་ནང་བཞིན་ཀུན་གྱི་གོ་བར་དྲིལ་བསྒྲགས་དང་ཆབས་ཅིག་ཏུ་ནད་བཅོས་བྱ་དགོས། གསུམ་པ། ནད་དེ་ཉིད་ངོས་ཟིན་ཡང་གཉེན་པོ་ནད་ཐོག་དུ་མི་འགྲོ་བའི་ཚེ། ཐང་སྦྱོར་སོགས་ཀྱིས་ནད་ཀྱི་བསྡོང་ཟླ་དབྱེ་སྟེ་དངོས་གཞིའི་སྨན་ལྟག་སྤྲོད་དུ་གཏོང་བ་ནི་རྟ་རྒོད་དཀྱུས་སུ་འཛུད་པ་ལྟར་གྱི་སྒོ་ནས་བཅོས་པ་ཡིན། བཞི་པ། ནད་དེ་ཉིད་སྨན་པ་གཞན་གྱིས་བཅོས་བྱས་པའི་སྐབས་དམན་ལྷག་ལོག་གསུམ་གྱི་དབང་དུ་ཕྱིན་ཡོད་མེད་ལེགས་པར་བརྟག་ལ་དམན་ན་གཉེན་པོའི་སྟོབས་སྐྱེད་པ་དང་ལྷག་ན་ནད་གཞན་གང་ལངས་པ་དེ་ཉིད་བཅོས་དགོས་པ་དང་། ལོག་ན་གཉེན་པོར་འགྱུར་བ་གཏོང་དགོས་པ་བཅས་ཡིན། ལྔ། སྟོབས་ཆེན་གྱི་ནད་ལ་ཟས་སྤྱོད་སྨན་དཔྱད་བཞི་དུས་གཅིག་ནད་ཐོག་ཏུ་འབེབ་དགོས་པ་ཡིན། དྲུག སྟོབས་ཆུང་གི་ནད་ལ་ཐོག་མར་ནད་གཞི་མི་འཁྲུག་བའི་ཆེད་དུ་སྤྱོད་ལམ་དྲག་དལ་དང་བསིལ་དྲོད་སྙོམས་པའི་སྒོ་ནས་ནད་ཞི་བའི་ཐབས་ལ་འབད་པ་དང་གལ་ཏེ་མ་ཞི་ན་ཁ་ཟས་ཕན་གནོད་ལ་གཞིག་སྟེ་ཟས་ཀྱི་ཞི་བའི་ཐབས་བྱ། དེས་ཀྱང་མ་ཞི་ན་ནད་གཞིའི་རྟགས་དང་དབྱེ་བར་དམིགས་ནས་གཉེན་པོ་དེ་བཞིན་དུ་གཏོང་སྟེ་བཅོས་དགོས་པ་ཡིན། དེས་ཀྱང་མ་ཞི་བར་ནད་སྔར་བཞིན་སྡང་ན་གཏར་བསྲེགས་སོགས་དཔྱད་ཀྱི་སྟོབས་ལ་བརྟེན་ནས་ནད་གཞི་གཞོམས་པའི་ཐབས་ལ་འབད་དགོས་པ་ཡིན། བདུན། ནད་པ་དེ་ཉིད་རླུང་སོགས་རྐྱང་པའི་ནད་དུ་སོང་ན་ནད་དེ་ཉིད་ཞི་བའི་གཉེན་པོ་གཏོང་བ་དང་ནད་གཞི་གཞན་ལ་དོ་ཕོག་མི་ཡོང་བ་བྱ་དགོས། བརྒྱད། ལྡན་པ་དང་འདུས་པའི་ནད་ལ། དཔེ་དམེ་ཤོར་བ་ལ་བར་འདུམ་བྱས་པ་ལྟར་ཆ་སྙོམ་པའི་སྒོ་ནས་བཅོས་དགོས། དགུ མདོར་ན་དེ་དག་ཐམས་ཅད་ལ་བཅོས་པའི་རྩ་དོན་ནི། རྒྱུད་ལས། གནོད་བྱ་ཡུལ་དུས་རང་བཞིན་ན་ཚོད་དང་། ནད་ཁམས་གནས་དང་མེ་དྲོད་ཉམས་སྟོབས་དང་། གོམས་པ་འདི་བཅུས་ཕྲ་མོ་ཡན་ཆད་བརྟག །  གསུངས་པ་ལྟར། ནད་པ་དེ་ཉིད་ན་བའི་རྒྱུ་རྐྱེན་དང་། ཡུལ་དུས་སོགས་བཅུ་ཡི་སྒོ་ནས་བརྟག་ཅིང་དཔྱད་ལ་ཐམས་ཅད་མཚུངས་ན་གཉེན་པོ་ཚུལ་དང་ལྡན་པའི་སྒོ་ནས་བསྟེན་པར་བྱའོ།།
         གསུམ་པ། ནད་ཀྱི་གཞི་རྟོགས་ཅིང་གཏན་ལ་ཕབ་པའི་རྗེས་སུ། བཅོས་ཐབས་ཀྱི་རྩ་དོན་བཞིན་གསོ་ཐབས་ལག་ལེན་བཅོ་བརྒྱད་སྟེ་ཞི་བྱེད་ལ་ཐང་སྦྱོར་དང་། ཕྱེ་མ། རིལ་བུ། ལྡེ་གུ སྨན་མར། བཅས་ལྔ་དང་། སྦྱོང་བྱེད་ལ། སྣུམ་འཆོས་དང་། བཤལ། སྐྱུགས། སྣ་སྨན། འཇམ་རྩི། ནི་རུ་ཧ། རྩ་སྦྱོང་བཅས་བདུན་དང་། དཔྱད་ལ་གཏར་བསྲེགས་གཉིས། དུག  ལུམ། བྱུག་པ། ཐུར་མ་བཅས་དྲུག་བསྡོམས་པས་བཅོ་བརྒྱད་དུ་གྲགས་པ་འདི་དག་ནད་གྱི་དགྲ་དཔུང་འཇོམ་པའི་མཚོན་ཆ་ལྟ་བུར་གྱུར་ཡོད་པས་ཚུལ་བཞིན་ལག་ལེན་བྱེད་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་རྩ་ཆེན་གྱི་ནོར་བུ་ཡིན་པས་མི་ཉམས་གོང་འཕེལ་ཐོག་ནད་གཞི་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ནང་མེད་དུ་མི་རུང་བ་ཡིན་ཙང་འདི་དག་སྨན་པ་རང་ཉིད་དང་ཁ་མ་བྲལ་བ་བྱེད་དགོས་སྙམ།

སེམས་ཀྱི་ཉི་གཞོན་ཞེས་པའི་ཟིན་བྲིས་ལས་བཏུས། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།