ཉེས་གསུམ་སློབ་ཁྲིད་ལས་བྱུང་བའི་བསམ་གཞིགས།

རྩོམ་པ་པོ།:བདུད་ལྷ་བྱམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-03 09:01:00 ཀློག་གྲངས།:

ཉེས་གསུམ་སློབ་ཁྲིད་ལས་བྱུང་བའི་བསམ་གཞིགས།
           བདུད་ལྷ་བྱམས།

        གང་ཞིག་ཉེས་གསུམ་གསོ་བའི་དོན་རྟོགས་ན །།དེ་ཡི་གསོ་དཔྱད་སྤྱི་དོན་རྟོགས་པ་ཡིན །།ཞེས་སྔོན་ལ་དྲངས་ནས་ཉེས་གསུམ་སློབ་སྦྱོང་བྱེད་པའི་གལ་ཆེན་རང་བཞིན་དང་དེ་ལས་འཕྲོས་པའི་བསམ་ཚུལ་ཅུང་བཤད་པར་བྱ། རྒྱུད་ལས། ཉེ་རྒྱུ་རླུང་དང་མཁྲིས་པ་བད་ཀན་གསུམ།། རྣམ་པར་མ་གྱུར་ནད་ཀྱི་རྒྱུར་འགྱུར་ལ།། རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན།། ལུས་དང་སྲོག་ལ་གནོད་ཅིང་གདུང་བས་སོ།།ཞེས་རླུང་མཁྲིས་བད་ཀན་གསུམ་ཡང་ན་ཉེས་གསུམ་རྣམ་པ་མ་གྱུར་སྐབས་ལུས་དང་པོ་ཁུ་ཁྲག་སེམས་གསུམ་ཚོགས་པར་བྱེད་པ་དང་དེ་ནས་ཟླ་དགུ་རླུང་གི་བསྒྱུར་ནས་སྐྱེས་ཤིང་གནས་བས་ལས་བྱེད་པ་ཡིན། དཔེར་ན་མིག་གི་བརྡབ་བཙུམ་ཙམ་དང་དབུགས་ཀྱི་འབྱིན་རྔུབ །སྐྲ་ཡི་ཉག་མ་རེ་རེ་དང་བ་སྤུ་སྒོ་ཐ་དག་རླུང་མཁྲིས་བད་ཀན་གསུམ་ཁྱབ་ཅིང་བརྟེན། ཉེས་བའི་ལས་ནི་རླུང་གི་དབུགས་འབྱིན་རྔུབ །།བསྐྱེད་དང་ལས་སྤྱོད་ཤུགས་འབྱིན་གནོད་བྱ་རྒྱུ།། དབང་བོ་གསལ་དང་ལུས་རྗེས་འཛིན་པར་བྱེད།།ཞེས་ལུས་འདི་ཐོག་མར་ཆགས་པ་ནས་ལུས་ཟུངས་ཀྱི་འཕེལ་ཟད་དང་ལུས་ཀྱི་འགྱུར་བ་ཐ་དག་རླུང་མཁྲིས་བད་ཀན་གསུམ་ལ་རག་ལས་ཤིང་གལ་ཏེ་རླུང་མཁྲིས་བད་ཀན་གསུམ་བྱེད་ལས་ཉམས་པའམ་འཕེལ་ཟད་འཁྲུགས་པ་ལས་ལུས་འདི་ཡང་འཇིག་པར་བྱེད། དེ་ཕྱིར་ཚེ་དང་སྲོག་འཚོ་ཞིང་གནས་བ་ནི་རླུང་མཁྲིས་བད་ཀན་གསུམ་ལ་བརྟེན་ཅིང་གནས་བ་ཡིན། དེ་ཡང་རྒྱུད་ལས །དེ་ལ་རླུང་གི་ནད་ཀུན་འཁྲུག་པའི་རྒྱུ།། སྣ་འདྲེན་མཇུག་སྡུད་ཐོར་དང་ཁྱབ་པར་བྱེད།།ཞེས་རླུང་ཉིད་ཡང་ན་བད་ཀན་དང་མཁྲིས་བ་དག་རྐྱེན་གཞན་གྱིས་རྣམ་པར་འགྱུར་བ་ན་ནད་ཐ་དག་གི་རྒྱུ་སྟེ་སྡུག་བསྔལ་བསྐྱེད་ཞིང་ལུས་སྲོག་འཇོམས་པར་བྱེད། དཔེར་ན་རླུང་ནི་རྩུབ་ཅིང་ཡང་གཡོ་ལས་ནད་རྣམས་ཀུན་སྣ་འདྲེན་ནས་འཁྲུགས་པར་བྱེད་པ་དང་མཁྲིས་བ་ནི་ཚ་ཞིང་རྣོ་བའི་སྲོག་ལ་མྱུར་དུ་རྒོད་བ།བད་ཀན་ནི་ལྕི་རྟུལ་ཅན་མ་ཞུ་ཁོང་ནད་ཀུན་གྱི་རྒྱུ། དེ་ཡང་ནད་གཞི་སྟོང་དང་དྲུག་བརྒྱ་བཅུ་དྲུག་ཡང་རླུང་མཁྲིས་བད་ཀན་གསུམ་ལས་བྱུང་བ་དང་། གསོ་དཔྱད་རྒྱལ་པོའི་དཀོར་མཛོད་ལས།ནད་ཀྱི་རྒྱུ་བད་ཀན།།ནད་ཀྱི་རྟ་རླུང་།།ནད་ཀྱི་དུག་མཁྲིས་བ།།ཞེས་བསྟན་པ་བཞིན །དེ་མིན་མཇུག་དོན་ལས། རླུང་མཁྲིས་བད་ཀན་གསུམ་ཀྱིས་སྤྱི་ཁོག་ཕུག ། རང་རང་ནད་ཀྱི་གསོ་ཐབས་མདེའུ་ཁར་ཐོགས།།ཞེས་གསུངས་བ་སྟེ།རླུང་མཁྲིས་བད་ཀན་གསུམ་ནི་རྣམ་པར་མ་གྱུར་སྐབས་ལུས་ཆགས་ཤིང་གནས་བར་བྱེད་པ་དང་རྣམ་པར་གྱུར་བ་ན་ནད་ཀྱི་རྒྱུ་སྟེ། ལུས་ལ་བྱུང་བའི་ནད་ཐ་དག་རླུང་མཁྲིས་བད་ཀན་གསུམ་གྱིས་བྱེད་པ་དང་། དེ་དག་གི་མཚན་ཉིད་འཕེལ་ཟད་དང་འཁྲུགས་པ་སོགས་གང་བྱུང་ཡང་རླུང་མཁྲིས་བད་ཀན་གསུམ་ལས་མ་འདུས་པ་མེད། གསོ་བའི་ཚེ་ན་ཡང་རླུང་མཁྲིས་བད་ཀན་གསུམ་གྱི་མཚན་ཉིད་ལ་གཞིགས་ནས་སྙོམས་པར་བྱེད་པ་དང་སྨན་དཔྱད་གང་དགོས་སྦྱོར། རྒྱུད་ལས། ཉེས་བ་གནོད་བྱ་ཉི་ཤུ་རྩ་ལྔ་ལ།། རྐྱང་པ་ལྡན་འདུས་དུ་མའི་རིགས་འབྱུང་བས།། གྲངས་དང་མིང་གི་ངེས་བསྟན་ཡོད་མ་ཡིན།། འོན་ཀྱང་ཉེས་བ་གསུམ་ལས་ནད་མི་འདའ།། གནོད་བྱ་བཅུ་ལས་ནད་ཀྱི་གནས་མི་འདའ།། ཞེས་བསྟན་བ་བཞིན་ཉེས་བ་གསུམ་ནི་གནོད་བྱ་ཉི་ཤུ་རྩ་ལྔ་ལ་རྐྱང་བ་དང་ལྡན་པ་འདུས་བ་སོགས་སྣ་ཚོགས་སྒོ་ནས་འབྱུང་བ་དང་འདི་ལ་གྲངས་དང་ངེས་བསྟན་མེད་མོད། ཡིན་ནའང་ནད་རྣམས་ཀུན་ནི་རླུང་མཁྲིས་བད་ཀན་གསུམ་ལས་མི་འདའ། དེ་མིན་ནད་རྣམས་ཀུན་གསོ་བཅོས་སྐབས་ཡང་རླུང་མཁྲིས་བད་ཀན་གསུམ་ལས་མི་འདའ་ཞིང་མཚན་ཉི་ཤུ་འཕེལ་ཟད་འཁྲུགས་གསུམ་སྙོམས་པ་དང་ཚ་གྲང་གཉིས་སུ་བསྡུས་ནས་གསོ་བར་བྱ་སྟེ། རྒྱུད་ལས། རླུང་དང་བད་ཀན་གྲང་བ་ཆུ་ཡིན་ཏེ །། ཁྲག་དང་མཁྲིས་བ་ཚ་བ་མེ་རུ་འདོད།། སྲིན་དང་ཆུ་སེར་ཚ་གྲང་མཐུན་མོང་གནས།།ཞེས་དང་། བད་རླུང་གྲང་ལ་ཁྲག་མཁྲིས་ཚ་བས་ན།། དུ་མར་ཕྱེ་ཡང་ཚ་གྲང་གཉིས་སུ་འདུས །།ཞེས་རླུང་ནད་དང་མཁྲིས་ནད་བད་ཀན་ནད་ཐམས་ཅད་ལག་ལེན་མདོ་དོན་འདྲིལ་ན་ཚ་གྲང་གཉིས་སུ་ཕྱེ་ནས་བཅོས་པར་བྱའོ།།
        དེ་ཡང་མན་ངག་རྒྱུད་ལས་ཉེས་གསུམ་གསོ་བའི་སྐབས་རླུང་མཁྲིས་བད་ཀན་ལ་གནས་དང་རིགས་རང་རྒྱུད་ཅན་དང་གཞན་རྒྱུད་ཅན་ཞེས་དབྱེ་བ་མང་པོ་ཕྱེ། དཔེར་ན་རླུང་ནད་ལ་རིགས་ཀྱི་དབྱེ་བ་ཉི་ཤུ་དང་གནས་ཀྱི་དབྱེ་བ་ཉི་ཤུ་བརྒྱད་བཅས་ནད་ཀྱི་རྟགས་དང་འབབ་ས་གནས་སོགས་གཙོ་བོ་བཟུང་ནས་དབྱེ་བ་ཕྱེ། རིགས་ནི་གཞན་རྒྱུད་ལོག་པའི་ལམ་ཞུགས་པ།། གནས་ནི་རང་རྒྱུད་གནོད་བྱ་ལ་ཞུགས་པ །།ཞེས་པ་དང །དེ་ཡང་རླུང་ནད་རིགས་ཀྱི་དབྱེ་བ་དང་གནས་ཀྱི་དབྱེ་བ་ནི་རང་རྒྱུད་དང་གཞན་རྒྱུད་ཞུགས་ནས་རྟགས་རྣམས་འབྱུང་བའི་རྒྱུ་མཚན་ཅི་ཡིན་ཞེས་ན། དེ་ནི་རླུང་གི་མཚན་ཉིད་འཕེལ་ཟད་འཁྲུགས་པའམ་བྱེད་ལས་ལོག་པས་རྟགས་རྣམས་འབྱུང་བ་ཡིན། དེ་ཕྱིར་ནད་གཞི་ཀུན་ངོས་འཛིན་སྐབས་ཐོག་མར་ནད་ཀྱི་རྟགས་རྣམས་མཚན་ཉིད་གང་དག་གིས་བསྐྱེད་པ་གསལ་བོ་ཤེས་དགོས། རྟགས་ལས་ཉེས་བ་གསུམ་དུ་ཕྱེ་ཞིང་ནད་གཞི་སོ་སོར་ངོས་འཛིན་དང་ཉེས་བ་གསུམ་ལས་མཚན་ཉིད་ཉི་ཤུ་སྟེང་འབབ་པ། མཚན་ཉིད་ཉི་ཤུ་དེ་སྨན་གྱི་ཡོན་ཏན་དང་རོ་ནུས་ཞི་རྗེས་དང་སྦྱོར་བ། དེ་ཕྱིར་ནད་ཀྱི་མཚན་ཉིད་ཉི་ཤུ་སྟེ་སྨན་གྱི་རོ་ནུས་ཞི་རྗེས་ཀྱིས་འཕེལ་ཟད་སྙོམས་པར་བྱེད་པ་ནི་རང་ཅག་གི་རྩ་བའི་རིགས་ལམ་ཡིན་ལ། གལ་ཏེ་སྨན་གྱི་རོ་ནུས་ཞུ་རྗེས་ཀྱིས་ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་ཚུལ་ཐད་སློབ་སྦྱོང་དང་ཞིབ་འཇུག་གི་འབྲས་བུ་ཅུང་ཙམ་ལེན་ཐུབ་ན་བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་དང་ཚན་རིག་རང་བཞིན་དེ་ལས་མངོན་ཐུབ།
      དེ་ཡང་མཁྲིས་ནད་ལ་རིགས་ཀྱི་དབྱེ་བ་བཞི་བསྟན་པ་དང་དེ་ལས་ཐུན་མོང་མཁྲིས་པ་རྩ་རུ་རྒྱུ་བ་ཤ་སེར་མིག་སེར་ནི་སློབ་སྦྱོང་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན། ཤ་སེར་མིག་སེར་ནི་ཁྱབ་རྒྱ་ཆེན་ཞིང་ནད་གཞི་གཞན་དང་འཕྲུལ་སླ་བ་དང་ནད་རྟགས་ཧ་ཅང་མངོན་སུམ་ཡིན། གལ་ཏེ་ཤ་སེར་མིག་སེར་གྱི་ནད་གཞི་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཤིང་ཁྱད་ཆོས་སོགས་སོ་སོར་འབྱེད་ཐུབ་ན་ནད་གཞི་ངོས་འཛིན་ཐད་ཕན་པ་རྒྱ་ཆེན་པོ་ལྡན། དེ་ཡང་ཐོག་མར་ང་ཚོའི་ཤེས་དགོས་ཞིག་ནི་མཁྲིས་ནད་ཤ་སེར་མིག་སེར་ཞེས་པ་ནི་རྒྱུ་རྐྱེན་གང་གིས་བསྐྱེད་པ་དང་ནད་གཞི་གཞན་ལ་བྱུང་པའི་རྟགས་ཤ་སེར་མིག་སེར་བར་གྱི་ཁྱད་པར། དེ་མིན་ཤ་སེར་མིག་སེར་ནི་ནད་ཀྱི་རྟགས་ཙམ་ལ་བལྟས་ནས་བཏགས་པ་དང་ཡང་ན་དུས་ཀྱི་གསར་རྙིང་དང་བསྡོངས་ཟླ་ཡོད་མེད། ཤ་སེར་མིག་སེར་ནི་ནད་གཞི་གཅིག་སྟེང་འབྱུང་སྲིད་མིན་གལ་ཏེ་ནད་གཞི་གཅིག་གི་སྟེང་བྱུང་ན་དུས་ཀྱི་སྔ་ཕྱི་ལ་ཁྱད་པར་ཡོད་མེད་སོགས། དེ་ལས་རང་ཉིད་བསམ་ན་ནད་གཞི་ངོས་འཛིན་དང་ཚབས་ཆེ་ཆུང་སོགས་བརྟག་ཐུབ་པ་ནད་ཐོག་ལག་ལེན་ཁྲོད་ཡང་ཕན་པ་ཆེན་པོ་ལྡན། རྒྱུད་ལས། ཐོག་མཐའ་གཉིས་པོ་རང་རྒྱུད་ཅན།། བར་མ་གཉིས་ནི་གཞན་དབང་ཅན།། དེ་ལྟར་མཁྲིས་ནད་རིགས་ཀྱི་དབྱེ་བ་བཅུ་གསུམ་འདོད།།ཞེས་མཁྲིས་བ་ཤ་སེར་མིག་སེར་ནི་རང་རྒྱུད་ཅན་ཡིན་པ་དང་དེ་ནི་སྣོད་མཁྲིས་འཇུ་བྱེད་གང་རུང་ལ་རྐྱེན་གཞན་དག་གིས་མཁྲིས་བ་ཉིད་འཕེལ་བ་སྟེ། བཞི་བ་སྣོད་མཁྲིས་འཇུ་བྱེད་གང་ཡང་རུང་།། འགྲམས་འཁྲུགས་རིམས་རྐྱེན་མཁྲིས་པ་འཕེལ་བའམ།། ཟས་སྤྱོད་རྐྱེན་གྱིས་འཕེལ་ཏེ་རྩར་ལུད་པས།།ཤ་སེར་མིག་སེར་རྣམ་པ་གཉིས་སུ་འགྱུར།།ཞེས་རྒྱུད་ལས་བསྟན་པ་བཞིན། གཞན་བད་ཀན་ནད་ཀྱི་དབྱེ་བ་ལས།། གཞན་རྒྱུད་ཅན་ལ་སེར་བོ་སྨུག་པོ་གཉིས།། བད་ཀན་སེར་བོ་མཁྲིས་པའི་ཁ་ལུད་དང་།།ཞེས་བད་ཀན་གྱི་ནད་གཞན་རྒྱུད་ཅན་དེ་ལའང་རྟགས་ཤ་སེར་དང་མིག་སེར་འབྱུང་བ་དང་། ཡིན་ནའང་མཁྲིས་ནད་ཤ་སེར་མིག་སེར་དང་མི་འདྲ། དེ་མིན་ནད་ཐོག་ལག་ལེན་ཁྲོད་ཤེས་ཐུབ་ནི་རྟགས་ཤ་སེར་མིག་སེར་འབྱུང་བའི་ནད་གཞི་ནི་མཁྲིས་སྣོད་དབང་གིས་འབྱུང་བ་དང་། མཁྲིས་པ་དང་མཆིན་པའི་སྦུ་གུ་ནད་འགྱུར་བྱུང་བ་དང་མཁྲིས་རྡོ་ལས་དབང་གིས་འབྱུང་བ། མཆིན་ནད་དབང་གིས་འབྱུང་བ །དཔེར་ན་མཆིན་ནད་ལྡེམ་བུ་རེ་འགའ་སྟེ་ནད་གཞི་ཚབས་ཆེ་ཆུང་གིས་འབྱུང་བ།(乙肝)མཆིན་ནད་ལེ་བརྒན།(甲肝)མཆིན་པའི་སྲིན་སྐྲན(肝包虫)དང་ཕོ་སྐྲན་དབང་གིས་འབྱུང་བ། ན་ཚོད་དང་རང་བཞིན་ཅན། དཔེར་ན་བྱིས་པ་བཙས་ནས་རྒྱུན་ལྡན་ཅན་གྱི་འབྱུང་བ་དང་ནད་ཅན་གཉིས། རང་བཞིན་མཁྲིས་ཤས་ཆེ་བའི་མི་བཅས་ཡོད། དེ་ཕྱིར་ང་ཚོའི་དེ་དག་སོ་སོར་འབྱེད་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། གཡུ་ཐོག་ཤོག་དྲིལ་ལས། མཆིལ་མ་གར་ཞིང་སྐོམ་དད་ཆུང་ན་རྙིང།། མཁྲིས་རྩ་སེན་མོ་སེར་ན་བྱེར་བའི་རྟགས།། མགོ་ལུས་ཁྱབ་པར་སེར་ན་ཚ་འགྲམས་ཡིན།།ཞེས་ནད་ཐོག་དངོས་ནས་འགྲམས་འཁྲུགས་རིམས་རྐྱེན་དང་ཡང་ན་ཟས་སྤྱོད་དག་གིས་བསྐྱེད་པ་གསལ་འབྱིན་བྱེད་དགོས། དེ་ཡང་རྒྱུད་ལས། མཁྲིས་བ་མིག་སེར་སྤྱོད་ལམ་ཟས་ཀྱིས་འཚོ།།ཞེས་བསྟན་པ་དང་དེ་ལས་མཁྲིས་བ་མིག་སེར་ནི་སྤྱོད་ལམ་དང་ཟས་ཀྱིས་གསོ་ཐུབ་པ་དང་དེ་ཕྱིར་མཁྲིས་བ་ཤ་སེར་དང་མིག་སེར་གཉིས་ནད་ལྕི་ཡང་དང་དུས་ཀྱི་ཁྱད་པར་ཡོད་པ་ཤེས་ཐུབ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།