སྤྱི་ཚོགས་ཀྱི་བྱ་བྱེད་དང་སྦྱར་ཏེ་ཀླུ་གདོན་ནད་ཀྱི་རྒྱུ་རྐྱེན་སྐོར་རོབ་ཙམ་གླེང་བ།
གཅིག གླེང་སློང་།
ཚན་རྩལ་འཕེལ་རྒྱས་ཀྱི་ཀློང་རྡོལ་བའི་དུས་རབས་ཉེར་གཅིག་པའི་སྒང་ལ་མི་རྣམས་ཀྱི་བསམ་བློ་སོ་ན་མ་གནས་པར་འཕོ་འགྱུར་བླ་ལྷག་ཅིག་བྱུང་དང་འབྱུང་གིན་འདུག་ཅིང་།ལྷག་དོན་ཧམ་སེམས་དང་གཡོ་སྒྱུ་དང་འདོད་རྔམ་གྱི་བསམ་བློ་མེ་ལྕེ་མཆེད་པ་བཞིན་ཤུགས་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཏེ་ཆོས་སྲིད་གང་ལའང་མི་མཐུན་པའི་ཡ་མ་བརླའི་སྦྱོར་བ་སྣ་ཚོགས་ཤིག་རྩོམ་གྱིན་གདའ། དེའི་ཕྱིར་སྙིགས་ལྔའི་རང་གཟུགས་བདོ་བའི་དེང་དུས་སུ་ནད་ངན་སྣ་ཚོགས་ཀྱང་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་ཡི་འདུག་ལ། ཀླུ་གདོན་གྱི་ནད་ཅེས་པའང་དེང་དུས་སྤྱི་ཚོགས་ཀྱི་བྱ་བྱེད་སྣ་ཚོགས་ཤིག་ལས་འབྱུང་གིན་འདུག་སྙམ་པས་དེའི་སྐོར་ནས་ཆེ་ལོང་ཙམ་ཞིག་གླེང་བར་འདོད་དོ།
གཉིས། རྒྱུ་རྐྱེན་དངོས་བཤད་པ།
ཇི་སྐད་དུ། རྒྱུ་ནི་དུག་གསུམ་ལས་བསྐྱེད་སྡེ་བརྒྱད་འཁྲུགས།། ཀླུ་བཙན་མ་མོ་ལ་སོགས་དྲག་པོའི་གདོན།། ཞེས་དང། ནམ་ཞིག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱད།། ཅེས་གསུངས་པ་ལྟར། སྤྱིར་ཀླུ་གདོན་གྱི་ནད་ནི་སྟེང་གདོན་དང་བར་གདོན་དང་འོག་གདོན་གསུམ་ལས་འོག་གདོན་གྱི་ཁོངས་སུ་གཏོགས་ལ། འོག་གདོན་དེ་ཀླུ་དང་ས་བདག་སྟེ་བད་ཀན་གྱི་རང་བཞིན་དུ་མངོན་པས་ས་ཆུ་དང་བསྡོངས་ཤིང་། ས་གཉན་བསློག་ཅིང་ཆུ་གཉན་དཀྲུགས་པ་སོགས་བྱས་ཏེ་ཀླུ་གཉན་ས་བདག་རྣམས་ལ་ཕོག་ཐུག་བཟོས་པ་ལས་བསྐྱེད་པ་ཡིན་པར་སེམས།
དེ་བས་ཁོ་བོའི་སྣང་ངོར་ཀླུ་གདོན་གྱི་ནད་ནི་སྤྱི་ཚོགས་ཀྱི་བྱ་བྱེད་སྣ་ཚོགས་ལས་བསྐྱེད་པ་སྟེ། མི་རྣམས་ཀྱི་ཧམ་སེམས་དང་འདོད་རྔམ་གྱི་བསམ་བློ་ཤུགས་ཇེ་ཆེར་ཕྱིན་པས་གཞན་མི་བསམ་པར་རང་ཉིད་ཀྱི་བདེ་སྐྱིད་འབའ་ཞིག་གི་ཆེད་དུ་རང་བྱུང་ཁམས་ལ་གཏོར་བརླག་བཟོས་ཏེ་ས་གཉན་སློག་པ་དང་ཆུ་གཉན་དཀྲུགས་པ།ཤིང་གཉན་གཅོད་པ། བྲག་གཉན་བཤིག་པ་སོགས་ཀྱི་སྦྱོར་བས་གནས་དེར་བསྟི་བའི་ཀླུ་གཉན་ས་བདག་ལྷ་སྲིན་རྣམས་འཁྲུགས་ཤིང་ཁྲོས་པར་གྱུར་ཏེ། ཇི་སྐད་དུ། རེག་མཐོང་ཁ་རླངས་བསམ་པའི་དུག་འཕྲོས་པས།། ཞེས་རེག་དུག་དང་།མཐོང་དུག ཁ་རླངས་ཀྱི་དུག ཡིད་དུ་བསམ་པའི་དུག་སོགས་འཕྲོས་པས་ཙི་ཏི་ཛྭ་ལ་སྟེ་ཀླུ་གདོན་གྱི་ནད་དམ་མཛེ་ནད(ཆུ་སེར་ནག་པོའི་ནད་ཡིན།)འབར་བའི་སྐལ་བ་དར་བ་དང་། རྒྱུད་ལས། བསྐལ་བའི་ཆ་མཉམ་འབྱུང་བའི་བཅུད་ཤོར་བས།། ཞེས་གསུངས་པ་ལྟར་ནད་རིགས་གཞན་དང་མི་འདྲ་བའི་ལྐོག་གྱུར་རང་བཞིན་དང་། སྨན་དཔྱད་ཀྱིས་ཕན་དཀའི་ནད་ངན་མཐོང་བས་སྐྱུག་བྲོ་བ། བསམ་པས་སྐྱི་གཡའ་བ། ཐོས་ན་ཡ་ང་བ་དེ་འདྲ་དར་བ་རེད་ལ། སྙིང་བསྡུས་སུ། ཀླུ་གདོན་ཚེས་ལྔ་ལ་འཛིན་བྱེད།། ཅེས་ཀྱང་གསུངས་སོ།།
ཚང་མས་ཤེས་གསལ་ལྟར། ཆུང་དུས་ཕ་མ་དང་རྒན་པ་དག་གིས་ང་ཚོར་ཆུ་མགོ་དཀྲུགས་པ་དང་ནགས་ཚལ་གཅོད་པ། བྲག་རྡོ་བཀོག་པ། ཉ་དང་སྦལ་བ་སོགས་གསོད་མི་ཉན་ཚུལ། དེ་དག་བཤིག་གཅོད་དང་བསད་པ་ན་ལྷ་ཀླུ་གཉན་གསུམ་མི་དགའ་བས་རང་གི་ཕ་མ་འཆི་བ་དང་། ཡང་ན་རྐང་ལག་ཞ་འགྲོ་ཚུལ་གྱི་ཁ་ཏ་སློབ་གསོ་གཏོང་བ་དེ་ནི་ཆེས་ཡན་གར་བའི་སྐད་ཆ་ཙམ་དུ་སྣང་མྱོང་མོད། དྲན་པའི་གཞུ་མོ་ནང་དུ་བཀུག་སྟེ་ཞིབ་འདང་རེ་བརྒྱབ་ན། བསླབ་བྱ་དེ་དག་ནི་ལུང་རིགས་ཀྱི་ཁུངས་བཙུན་ལ། རྨ་མེད་པའི་ལེགས་བཤད་ཤ་སྟག་ཅིག་ཡིན་པ་ད་གཟོད་རྨང་ནས་རྟོགས་བྱུང་།
དཔེར་ན། ཉེ་བའི་ལོ་འདི་འགར་ས་ཆ་སོ་སོར་ས་ཡོམ་བྱུང་བ་དང་ཤྭ་འོད་རྡོལ་བ་སོགས་ཀྱི་གནས་ཚུལ་འཇིགས་ཡེར་བ་འདི་དག་མཐོང་ན་ཡིད་མི་སྐྱོ་གྲང་། འདི་དག་ཀུན་ཀྱང་འདང་བརྒྱབ་ན་དེང་སྐབས་ཀྱི་མིས་སྦྱོར་བ་སྣ་ཚོགས་བརྩམས་པའི་མཇུག་འབྲས་ཡིན་པ་བསྙོན་དུ་མེད་སྙམ།
དེ་བས་ནད་འདི་དག་ལྟ་བུ་ལ་ཚན་རིག་གིས་བརྟག་དཔྱད་ཇི་ལྟར་བྱས་ཀྱང་ནད་ངོས་ཟིན་གྱིན་མེད་པས་ཅི་བྱ་གཏོལ་མེད་དུ་གྱུར་འདུག་པ་མིག་མཐོང་ལག་ཟིན་རེད། གསོ་རིག་ནི་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པའི་རིག་གནས་ཤིག་ཡིན་སྟབས། ཆོས་དང་སྨན་གཉིས་ངེས་པར་དུ་ཟུང་འབྲེལ་བྱེད་དགོས་ལ། འདི་ལྟ་བུའི་ནད་ལ་གཙོ་བོ་ཆོས་ལུགས་ཀྱི་ཆོ་ག་སྔགས་དང་བཀའ་སྒྲོག་པ་སོགས་རིམ་གྲོ་དང་ཞོར་དུ་གསོ་རིག་རྒྱུད་གཞུང་དུ་བསྟན་པའི་ཟབ་གསང་སྨན་གྱིས་བཅོས་དགོས་པ་སྟེ། རྒྱུད་དུ། ཀུན་བརྟག་གདོན་ནད་རིམ་གྲོས་གྲོལ་བ་དང་།། ཞེས་དང་། བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་པས།། དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད།། གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་ཡོད།། ཅེས་གསུངས་པ་ལྟར་བོད་རང་གི་ཐུན་མིན་སྲོལ་རྒྱུན་ཆོས་ལུགས་རིག་གནས་ལ་གཞི་བཅོལ་ཞིང་དེང་རབས་དཔྱད་བཅོས་ཀྱིས་ཟུར་བརྒྱན་ནས་གསོ་བཅོས་བྱ་དགོས་པ་ནི་གནད་དམ་པར་འཁུམས་ལ་འདི་ནི་གཙོ་བོ་ཆོས་ལུགས་ཀྱི་ལྟ་བའི་སྟེང་ནས་གླེང་བ་ཡིན།
གསུམ། མཇུག་བསྡུ་བ།
མདོར་ན་ཀླུ་གདོན་གྱི་ནད་དམ་མཛེ་ནད། ཡང་ན་ཆུ་སེར་ནག་པོའི་ནད་འདི་ས་ཆུ་དང་འབྲེལ་བ་དམ་པོ་ཡོད་པས། ས་གཉན་སློག་པ་སོགས་ཀྱིས་རྐྱེན་བྱས་ཏེ་བསྐྱེད་པའི་ལྐོག་གྱུར་རང་བཞིན་དང་། ནད་ཐོག་སྣང་ཚུལ་གྱི་དངོས་ཡོད་རང་བཞིན། སྨན་དཔྱད་ཀྱིས་ཕན་དཀའི་རང་བཞིན་སོགས་རྙོག་འཛིང་ཅན་གྱི་ནད་ཅིག་ཡིན་པས་བོད་རང་གི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྱི་ཆོ་ག་རིམ་གྲོས་གསོ་བཅོས་བྱེད་པ་ལས་དེང་རབས་བརྟག་དཔྱད་སོགས་ལས་འབྲས་བུ་ཅི་ཡང་མི་འབྱུང་།
དེ་བས་རང་གི་འཚོ་བའི་སྲོལ་རྒྱུན་གྱི་གོམས་སྲོལ་བཟང་བོ་དག་ལ་དོ་སྣང་བླ་ལྷག་ཏུ་བྱེད་དགོས་ལ། རང་བྱུང་ཁམས་ལ་གཏོར་བརླག་བྱེད་པ་ནི་དོན་དུ་རང་ཉིད་ལ་གཏོར་བརླག་བྱས་ཏེ་ཕོངས་ལ་སྦྱོར་བ་ལས་མ་འདས་སོ།།
ཞར་བྱུང་གླེང་རྒྱུ་ཞིག་ནི་ལར་གདོན་ནད་སྐོར་ལ་དཔྱད་རྩོམ་འབྲི་རྒྱུ་ནི་བདག་ལྟ་་བུའི་སོ་སྐྱེས་ཤིག་གིས་ཤིན་ཏུ་ནས་ཀྱང་དཀའ་ལས་ཁག་པོ་འདུག་ཅིང་། ད་རེས་དཔྱད་རྩོམ་ལས་བྱ་འདི་འབྲི་སྐབས་སྤྱིར་རང་ཉིད་ལ་སྦྱང་བརྩོན་ཤེས་རབ་ཀྱི་བློ་མིག་ལྡོངས་པ་དང་གཅིག གསོ་རིག་དཔྱད་རྩོམ་མང་བོ་མ་བྲིས་པས་ཉམས་མྱོང་གིས་དབུལ་བ་དང་གཉིས། ལྷག་དོན་ད་ལན་ཟུར་ལྟའི་དཔྱད་གཞིའི་ཡིག་ཆ་རེ་གཉིས་ལས་ལག་སོན་མ་བྱུང་བ་གསུམ་གྱིས་རྐྱེན་བྱས་ཏེ་ལེགས་པོ་ཞིག་ཡེ་ནས་འཁྱོངས་མ་སོང་། དེའི་ཕྱིར་ལེགས་ཆ་ཆུ་ཐིགས་ཙམ་ཞིག་སྲིད་ན་གསོ་རིག་རྒྱ་མཚོ་འཕེལ་བའི་རྒྱུ་དང་མ་རྟོགས་ལོག་རྟོག་གི་སྐྱོན་དང་ཉེས་པ་ཅི་མཆིས་མཐོལ་ཞིང་བཤགས་པ་དང་སློབ་དཔོན་ཉིད་ནས་དགོངས་འཆར་ལྷུག་སྩོལ་གནང་བར་ཞུ་བ་དང་བཅས་སྦྱར་རོ།།
ཟུར་ལྟའི་དཔྱད་གཞི།
《རྒྱུད་བཞི》
《དྲང་སྲོང་ཞལ་ལུང》
བསླབ་དེབ་བཅོས་སྒྲིག་མ《གདོན་ནད་གསོ་བ》
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com