རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ།: དེའུ་དམར་བསྟན་འཛིན་ཕུན་ཚོགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-09-30 08:37:00 ཀློག་གྲངས།:
གསུམ་པ་རྡེག་པར་བྱ་བའི་དབྱུག་པ།
     གསུམ་པ་རྡེག་པར་བྱ་བའི་དབྱུག་པ་ལ། །རྒྱུ་ཚད་དབྱིབས་དུས་བྱིན་རླབས་དམ་ཚིག་གནད། །བབ་ཚུལ་ལོག་གནོན་རྗེས་དང་ཕན་ཡོན་ཏེ། །བཅུ་དང་གཉིས་ཀྱིས་གཏན་ལ་འབེབ་པ་ལས།།
     དང་པོ་རྒྱུ་ནི་དབྱུག་པ་སྦ་དཀར་པོ། །གཞོན་ནུ་རྩི་པགས་མ་ཉམས་གཙང་མ་རབ། །དེ་མིན་སྨྱུག་རྩ་ཚིགས་མང་མཉེན་ལྡེམ་འབྲིང་། །ཐ་མ་སྨག་ཤད་ལ་སོགས་ཤིང་ཚབ་རུང་། །དབྱུག་ཐོའི་རྒྱུ་ནི་བལ་བུ་དཀར་པོ་ཡི། །རྩ་བ་ཧྲིལ་པོར་འདྲིལ་བ་རྡོག་པོར་བྱ།།
     གཉིས་པ་ཚད་ནི་དབྱུག་པ་རྐྱང་ཁྲུ་གང་། །དེ་ལས་སོར་བཞི་ལྷག་དང་རྣམ་པ་གཉིས། །སྦོམ་སུ་རིང་བ་གུང་མཛུབ་ཐུང་བ་ནི། །སྲིན་མཛུབ་ཚད་ཡིན་གང་ཡང་ཚིགས་པ་གསུམ། །ཤུན་ལྤགས་མ་རྨས་མེ་ཡིས་མ་ཚིག་གཅེས། །དབྱུག་ཐོ་ཁྱིམ་བྱའི་སྒོ་ང་གཡག་རྒོད་མིག །འབྲི་མིག་ཚད་རྣམས་ཆེ་འབྲིང་ཆུང་གསུམ་ཡིན།།
     གསུམ་པ་དབྱིབས་ནི་དབྱུག་ཐོ་དབྱུག་རྐྱང་གཉིས། །དབྱུག་རྐྱང་རྩེ་ཟླུམ་གཏིང་བ་རྡོ་རྗེ་ཕྱེད། །དབྱུག་ཐོ་ཟླུམ་རིལ་སྒོ་ང་ཏོག་མིག་གསུམ། །ཆེ་འབྲིང་ཆུང་བ་སོ་སོའི་དབྱིབས་སུ་འདོད། །གང་ཡང་ནག་ནོག་མེད་པར་དཀར་འཇམ་བྱ། །དབྱུག་པར་སྤྲད་མིག་ཟངས་ཐལ་མ་བརྟོལ་ཙམ། །རིང་བར་ཆུང་སྤྲད་ཐུང་བར་ཆེ་འབྲིང་སྤྲད།།
     བཞི་པ་དུས་ནི་ཚེས་བཟང་ཡར་གྱི་ངོའི་། །རྒྱུ་སྐར་རྒྱལ་དང་གཟའ་འཕྲོད་བཟང་པོ་ཡི། །སྔ་དྲོའི་དུས་སུ་དབྱུག་པའི་ཆོ་ག་བརྩམ།།
     ལྔ་པ་བྱིན་རླབས་ཚད་ལྡན་དབྱུག་པ་དེ། །གཙང་མའི་ཆུས་བཀྲུས་སྤོས་ཀྱི་དུད་པས་བདུག །དྲི་བཟང་གིས་བྱུག་རིན་པོ་ཆེ་ཡི་སྣོད། །འབྲུ་སྣས་བཀང་སྟེང་གཙང་མཐོའི་སྟེགས་ལ་བཞག །མདུན་དུ་བགེགས་གཏོར་ཆུས་བྲན་ཨོྃ་ཨྰཿཧྰུྃ། །བྱིན་རླབས་འདོད་ཡོན་ལྔ་ལྡན་གྱུར་པར་བསམ། །དེང་འདིར་ནད་གདོན་གཉེན་པོར་དབྱུག་པའི་ལས། །སྒྲུབ་དང་དབྱུག་པ་བྱིན་རླབས་ལྷ་སྒོམ་ལ། །བར་ཆད་བགེགས་ཚོགས་གང་མཆིས་མཆོད་སྦྱིན་གྱིས། །གཏོར་མ་འདི་ཁྱེར་བར་ཆད་སྤོང་ལ་སོང་། །མི་འགྲོ་འཁུ་ན་ཡེ་ཤེས་རྡོ་རྗེའི་མེས། །ལུས་སེམས་ཐལ་བར་བརླག་པར་གདོན་མི་ཟ། །དེ་བས་ཉེན་ལ་མ་བརྡོ་ཕྱིར་དེངས་ཤིག །སུམ་བྷ་ནི་སོགས་དྲག་སྔགས་མེའི་ཚ་ཚས། །གནམ་ས་བར་སྣང་བཀང་བས་རིང་དུ་བསྐྲད། །ཕྱོགས་མཚམས་རྡོ་རྗེ་མེ་ཡི་འཁོར་ལོས་བསྲུང་། །ནམ་མཁར་སྐྱབས་ཡུལ་གསལ་བཏབ་དེ་དྲུང་དུ། །སངས་རྒྱས་ཆོས་ཚོགས་ལ་སྐྱབས་ཕྲིན་ལས་འདི། །བརྩམ་མཐུས་སངས་རྒྱས་འགྲུབ་པར་སེམས་བསྐྱེད་ནས། །ཆོས་ཉིད་སྔགས་ཀྱིས་དབྱུག་པ་སྟོང་པར་སྦྱངས། །རང་ཉིད་སྐད་ཅིག་གཤེད་དམར་རྟ་མགྲིན་དང་། །ཕྱག་རྡོར་གང་མོས་སམ་ནི་(སྒོམ་ནས་)ཡི་དམ་སྐུར(བསྐུལ)། །གསལ་བཏབ་ཕྱག་གཡས་རྡོ་རྗེའི་དབྱུག་པ་དེ། །ནམ་མཁར་འཕྱར་བའི་སྟོད་བར་སྨད་གསུམ་ལ། །ཨོྃ་ཨྰཿཧྰུྃ་བསྐྱེད་དེ་དང་རང་ཉིད་ཀྱི། །གནས་གསུམ་འབྲུ་ལས་འོད་འཕྲོས་དཀོན་མཆོག་དང་། །རྩ་བ་གསུམ་གྱི་སྐུ་གསུང་ཐུགས་རྡོ་རྗེ། །འོད་ཟེར་དཀར་དམར་མཐིང་ག་འབྲུ་གསུམ་དབྱིབས། །བྱིན་རླབས་ཡེ་ཤེས་འོད་ཀྱི་རང་བཞིན་དྲངས། །བདག་དང་ཕྱག་མཚན་དབྱུག་པར་གཉིས་མེད་ཐིམ། །ཛཿཧྰུྃ་བམ་ཧོ་གཞིག་བྲལ་རྡོ་རྗེ་ཡི། །ཕ་ལམ་རང་བཞིན་རྡོ་རྗེའི་དབྱུག་པར་གྱུར། །སླར་ཡང་རང་གནས་འབྲུ་གསུམ་འོད་ཟེར་གྱིས། །རབ་འབྱམས་རྒྱལ་བ་དབང་ལྷ་རིགས་ལྔའི་ཚོགས། །གདན་གསུམ་ཚང་བ་སྤྱན་དྲངས་དབང་ལྷས་དབང་། །མཛད་པས་དབང་བསྐུར་རྒྱུན་གྱིས་དབྱུག་པ་ཁེངས། །ཆུ་ལྷག་གྱེན་འཕགས་རིགས་བདག་དབུ་རྒྱན་ཅིང་། །དབང་ལྷ་གཞན་རྣམས་རིགས་བཞིར་གྱུར་པས་བརྒྱན། །དེ་ལ་རྣམས་ལྔས་མཆོད་ཅིང་རིགས་ལྔ་དང་། །རིགས་གསུམ་གང་དམིགས་ཚིགས་སུ་བཅད་པས་བསྟོད། །སྙིང་ཁར་ས་བོན་འཁོད་ལ་རྩ་བའི་སྔགས། །གང་རིགས་འཁོར་བའི་བསྙེན་པ་ཞག་བདུན་ནམ། །ལྔའམ་གསུམ་མམ་གཅིག་བསྙེན་སྤྲོ་བསྡུ་ཡིས། །གདོན་བགེགས་ཚར་བཅད་སེམས་ཅན་བདེ་ལ་བཀོད། །བྱིན་རླབས་བསྡུས་ནས་དབྱུག་པར་ཡང་ཡང་བསྟིམ། །བྱིན་རླབས་འོད་འབར་ཕ་ལམ་རྡོ་རྗེ་ཡི། །དབྱུག་པ་སྣང་སྟོང་འོད་ཀྱི་མཚོན་ཆར་བསྒོམ། །རྟེན་འབྲེལ་སྙིང་པོའི་གཟུངས་ཀྱིས་རབ་གནས་བྱ། །མེ་ཏོག་འཐོར་ལ་ཤིས་པ་བརྗོད་པ་ཡིན།།
     དྲུག་པ་དམ་ཚིག་མི་ལག་མི་འགྲིམ་ཞིང་། །མི་གཙང་གྲིབ་ཀུན་འཛེམ་ཞིང་ཁྱད་པར་དུ། །རྨེ་(དམེ)གྲིབ་མཛེ་གདོལ་དམ་ཉམས་ཀུན་ལ་སྦ། །མི་འགོམ་མི་བརྙས་མི་སྨོད་དོན་མེད་པར། །ཉམས་མཚར་རྩེད་མོས་གཞན་ལ་རྡེག་ཚུལ་སྤོངས། །རིགས་གསུམ་དར་གྱིས་དྲིལ་ལ་གཙང་སར་མཆོད།།
     བདུན་པ་གནད་ནི་ལས་ལ་སྦྱར་བའི་དུས། །གཟའ་སྐར་ངན་དང་བིཥྚི་རྣལ་འབྱོར་མ། །གང་རྡེག་གནས་ཀྱི་བླ་གནས་བྱོལ་དུས་རྡེག།
     བརྒྱད་པ་རྡེག་ཐབས་སྐྱབས་འགྲོ་སེམས་བསྐྱེད་བཟུང་། །རང་ཉིད་རིགས་གསུམ་མགོན་པོ་གང་འོས་སྒོམ། །སྤྱི་བོར་རྩ་རྒྱུད་བླ་མ་རིམ་བཞུགས་གསལ། །ནད་གདོན་སྡིག་སྒྲིབ་གདབ་དམིགས་སྟེང་དུ་འགུགས། །ཡང་ཡང་སྟིམ་ནས་མ་ཡེངས་སྟོང་པའི་ངང་། །ནད་པ་ནད་དང་གདོན་བགེགས་གསུམ་ག་ལ། །སྙིང་རྗེ་ཆེར་བསྐྱེད་ལན་ཆགས་སྡུག་བསྔལ་དང་། །སོ་སོར་བྲལ་ནས་བྱང་ཆུབ་སར་འགོད་པའི། །སེམས་བསྐྱེད་བྱམས་པ་སྙིང་རྗེ་དགའ་བཏང་སྙོམས། །ངང་ནས་རང་ཉིད་སོར་མོའི་སྲིན་ལག་གི། །རྩ་བའི་སྦུབ་ནས་བདུད་རྩིའི་ཆུ་རྒྱུན་བབས། །རྡེག་ཡུལ་གསུམ་གྱི་དུས་གསུམ་བསགས་ལས་ངན། །རྒྱུ་དང་འབྲས་བཅས་བཀྲུས་པར་བསམ་བཞིན་དུ། །ཆང་ངམ་སྦང་གར་དྲི་ཆུས་བཀྲུས་ལ་ཕྱི།།
     དགུ་པ་རྡེག་ཚུལ་རང་གི་ཕྱག་མཚན་དེ། །ཀླད་ཀྱི་ནམ་མཁར་ལན་གསུམ་གཡས་སུ་བསྐོར། །མི་མངོན་དབྱིངས་བཞུགས་དཀོན་མཆོག་རྩ་བ་གསུམ། །ཐུགས་བརྒྱུད་བསྐུལ་ལོ་གཟུ་དང་དཔང་པོ་མཛོད། །འགྲོ་བའི་ལན་ཆགས་རྒྱུ་འབྲས་ནད་གདོན་སེལ། །སྡུག་བསྔལ་ཀུན་གཞིལ་སོ་སོར་བདེ་ལ་སྦྱོར། །བར་གྱི་གཡས་གཡོན་མདུན་དུ་ལན་གསུམ་བསྐོར། །རྒྱལ་བའི་བཀའ་ཉན་ལྷ་སྲིན་སྡེ་བརྒྱད་ཚོགས། །ཁས་བླངས་དམ་བཅས་བསྐུལ་ལོ་གཟུ་དཔང་མཛོད། །མི་སྲུན་ནད་དང་གདོན་བགེགས་ཚར་ཆོད་ལ། །བསྐྲད་གཟིར་བསྲེག་ཆོད་ཐལ་བའི་རྡུལ་ལྟར་མཐོང་། །ཞེས་བརྗོད་རྩ་རིགས་སྨན་གཟུངས་དབྱངས་གསལ་དང་། །ཨོྃ་ཨྰཿཧྰུྃ་ཧྲྰིཿཕཊ་སརྦ་རོག་གྲཧེ་ཨོྃ་ཨྰ་ཀོ་ཊ་ཡ་གྷ་གྷ་གྷ་ཏ་ཡ་ཧ་ན་ཧ་ན་ཧྰུྃ་ཕཊཿ བྷསྨི་ཀུ་རུ་ཡེ་སྭྰཧྰ། ཞེས་པ་ཚར་བདུན་བཟླས་བཞིན་བརྡེག་པ་སྟེ། །ལག་གཡས་གྱེན་བསྟན་གདབ་དམིགས་ཆང་ཁར་བཞག །དབྱུག་སྟེང་སོར་དྲུག་མཚམས་ནས་མཛུབ་མོས་བསྟེགས(བཏེག)། །སྲིན་མཛུབ་སྟེང་ཐད་མཐེ་བོས་མནན་པ་ཡི། །འཕར་རྡེག་དབྱུག་པའི་རང་ལྗིད་ལྷུང་བསྟུན་རྡེག །མདུན་རྒྱབ་གང་རྡེག་ཐད་ཀྱི་རྒྱབ་ལོག་ངོས། །ཁྲོལ་མིག་ཚག་ལྟར་བུག་པ་ཡོད་པར་བསམ། །དབྱུག་པ་ཡེ་ཤེས་རྡོ་རྗེའི་གཟི་འོད་ཀྱིས། །སྡིག་སྒྲིབ་བ་མོར་ཉི་མ་ཕོག་བཞིན་ཞི། །མཐུ་ནུས་ཕ་ལམ་རྡོ་རྗེའི་ཐོག་མདའ་ཡིས། །གདོན་རྣམས་བྱ་སྒོང་ཐོ་བས་བརྡུང་པ་བཞིན། །གཅར་གྱིས་བཅིལ་དང་ནད་ཀུན་གཏུན་ཁུང་དུ། །སོལ་རྡོག་བརྡུངས་ལྟར་ཐལ་བར་གཏོང་བར་བསྒོམས། །ཡི་དམ་རྩ་རིགས་ཤམ་བུར་སྔགས་འདི་སྦྱར། །ཨྰོྃ་ཨྰཿལ་བྷི་མ་ཡ་ཧྰུྃ་ཡ་ནན། ཨོྃ་ནད་ཡེ་ནད་ཡེ་མོ་ཡེ་སྭྰཧྰ། གདོན་རིགས་ཐམས་ཅད་ཧྲྰི་མྰརཡ་རྦད་དྰེ་བ་ཧི་མ་གི་སྭྰཧྰ། ཞེས་པ་ཉེར་གཅིག་ཡན་ཆད་བཟླས་ཞིང་བསྣུན། །སྔགས་མཆིལ་ཕུ་ཡིས་གདབ་པའི་གནས་ལ་འདེབས། །དེ་ལ་ཉེས་དང་ལོག་སྐྱོན་མི་ཡོངས་གསུངས། །དང་པོ་ལག་པ་ཁོང་ལྷོད་ལྗིད་ཀྱིས་བརྡུངས། །འདེགས་འབེབས་ཅུང་ཟད་མྱུར་ཞིང་བར་མཚམས་དང་། །ཐང་ལྷོད་མེད་པར་ཕན་ཚུན་མ་འཆོལ་བས། །གདབ་དམིགས་གཅིག་པུར་མ་ཡེངས་བསྣུན་པར་གནད། །བརྡུངས་རིམ་རྡོ་ཕྱེ་ཞིབ་མར་བཙགས་པ་བཞིན། །སྡིག་སྒྲིབ་ནད་གདོན་ཁུ་བ་ཕྱེ་མ་རྣམས། །ཆུ་སེར་ཁྲག་ད་སོལ་ཕྱེ་དུད་ཁུ་ལྟར། །རྒྱབ་ལོགས་ཚགས་མིག་སྒོ་ནས་ཕྱིར་ཐོན་ཏེ། །ས་ལ་ཆུ་བཞིན་འོག་གཞིར་སྙིགས་པར་བསྒོམ། །དང་པོ་འདེགས་ཚོད་མཐེབ་མཛུབ་གང་ཡིན་ལ། །ཕྱིས་ནས་སྐྲངས་པ་བྱུང་ཚེ་རིམ་པ་བཞིན། །མཐོ་གང་ནས་རིམ་སོར་མོ་བཅོ་ལྔ་མན། །རྡེག་པའི་ཤེད་ཀྱང་ཇེ་དྲག་བསྐྱེད་པར་བྱ། །དེ་དག་ཤེད་ཆེ་ཤེད་ཆུང་རེས་མོས་བསྣུན། །བརྡུང་བཞིན་ན་ཟུག་ཆེ་ན་ན་སར་བརྡེག །བརྡུང་དམིགས་ཚ་དྲོད་མེ་རུ་འབར་བ་ན། །མར་ནག་བྱུག་བྱ་མ་བྱུག་ཁ་དོག་ནི། །སྣུམ་ལ་འཁྲེག་ན་བརྡུག་འཕྲོ་བཤོལ་ལ་བཞག །འབྲས་དང་སྐྲན་ལ་བརྡེག་ཚབ་དབྱུག་ཡུན་བསྲིངས། །ཤ་ཡི་སྣག་དང་གསུས་པར་ཐོག་རྡེག་བྱ། །རུས་ལ་འཇམ་རྡེག་རྒྱུས་པར་དལ་རྡེག་བྱ། །ཉྭ་དང་ཆུ་རྒྱུས་ཚིགས་ལ་ལག་ལྷོད་རྡེག །གྱོང་བོར་ཏོག་དང་གཉན་སར་དབྱུག་རྐྱང་བརྡེག །ཆེ་ཡང་ཤ་སྣག་ཐོག་ཏུ་དབྱུག་ཐོས་རྡེག །དོག་པའི་དམིགས་ལ་གཡས་གཡོན་འཛུབ་མོས་མནན། །སོར་གང་སྟེང་དུ་མ་འཁྱུག་དབྱུག་རྩེས་བསྣུན། །ཁྱད་པར་གདོན་གྱི་ནད་ལ་ནད་པ་དེའི། །གང་ནའི་ཕྱོགས་ཀྱི་སྲིན་ལག་རྩ་བ་ནས། །སྨན་པའི་ལག་པ་གཡོན་པས་དམ་དུ་འཆང་། །དྲག་སྔགས་བགེགས་བསྐྲད་སྔགས་བཟླས་དྲག་དམིགས་བཅས། །ཕུས་གདབ་ཡུངས་དཀར་གྱིས་བྲབ་བརྡེག་པར་བྱ། །རྗེས་ལ་སྟོང་ཉིད་སྙིང་རྗེའི་ཟུང་འཇུག་བསྒོམས།།
     བཅུ་པ་རྗེས་ལ་སྐྲངས་བརྟགས་བརྟོལ་ཟས་སྤྱོད། །སྐྲངས་ལ་བརྟགས་པ་སྐྱ་སོབ་སྐྲངས་ན་རླུང་། །སྔོ་སྐྱ་བྱུང་ན་གྲང་བ་བད་ཀན་ཡིན། །སེར་ན་མཁྲིས་པ་སེར་སྐྱ་བད་མཁྲིས་ཡིན། །སྐྱ་འཐས་བད་ཀན་སྨུག་ན་བད་སྨུག་སྟེ། །དམར་ན་ཁྲག་ནད་ནག་པོ་ཆུ་སེར་ཡིན། །མཁྲེགས་ན་ནད་གཞི་ཆེ་བས་ཡུན་བསྲིང་བརྡེག །སྙི་ན་ནད་གཞི་ཆུང་བས་རྡེག་ཡུན་བསྟུད། །བ་སྤུ་ཁ་བྱེ་ཙམ་ལ་བཞག་པས་ཆོག །སྐྲངས་པ་འཕྲོ་རྗེས་དོད་ན་འཕྲལ་ཕན་ཆེ། །མ་དོད་དམིགས་སུ་བརྡུང་ན་ནད་གཏིང་ཐོན། །བརྟོལ་ལུགས་ཤ་མདོག་འགྱུར་བ་དག་ལ་བྱ། །ཤ་མདོག་མ་འགྱུར་བ་ལ་བརྟོལ་མི་བྱ། །སྐྲངས་ཆེ་དམར་སྨུག་ནག་ན་སྐྲངས་ཀྱི་ལྤགས། །མཐེབ་མཛུབ་བར་འཇུས་སྒང་ལ་གཙགས་ཤད་བརྟོལ། །སྐྲངས་པ་ནག་ན་རྔབས་རྭས་ཆུ་སེར་གཞིབ། །སྐྲངས་ཆེན་སྨུག་ནག་བྱུང་ན་ཁབ་ཀྱིས་གཙག །སྲིན་འབྲུམ་བྱུང་ན་སྔོན་ལ་ཁབ་གཙག་རྡེག །སྐྲངས་བཞིན་ཁྱབ་ན་འཕར་རྩ་ཡིན་ཡང་གཙག །དེ་ལས་གཞན་དུ་འཕར་རྩ་གཙག་ན་འཆི། །ཤ་རྩ་ཆུ་རྒྱུས་སྐྲངས་མདོག་མ་ལོག་དང་། །ཕོ་ལོག་སྐྲངས་པ་སྐྱ་སོབ་མཐེབ་རྗེས་དོད། །དེ་དག་ཁབ་གཙག་མི་བྱ་འཇོག་པ་གནད། །དམར་རམ་ནག་ན་རྣག་བརྟོལ་ཟས་སྤྱོད་གཟབ།།
     བཅུ་གཅིག་ལོག་གནོན་ངོས་འཛིན་བཅོས་པའི་ཚུལ། །རྡེག་ན་ཟུག་ཆེ་ན་ལ་བཞག་ཚེ་མེད། །དེ་ལ་དབྱུག་ལོག་མི་འབྱུང་ཕན་པར་ངེས། །བརྡེག་དུས་མེད་ཀྱང་བཞག་ན་ཟུག་ལྡང་དང་། །བརྡེག་བཞག་གཉིས་ཀར་ཟུག་དང་མི་འབྲལ་ཞིང་། །རྡེག་ཤུལ་ཚ་དྲོད་ཆེ་ན་དབྱུག་ལོག་ཡིན། །ཚ་གྲང་ནོར་ནས་བརྡེགས་པས་ཚ་འཕེལ་ལམ། །སྐྲན་སོགས་ཚ་བར་རྡེག་པས་ཚད་སྐྱེས་ན། །རྡེག་འཕྲོ་བཅད་ལ་རྡེག་ཤུལ་དྲི་ཆུས་བཀྲུ། །ག་པུར་གླ་རྩི་ཡང་ན་བསིལ་རིགས་བྱུགས། །སྐྲངས་གསོབ་མཐེབ་རྗེས་འོང་དང་ཁ་གདོང་གཡོ། །རླུང་དུ་ལོག་ན་དབྱུག་ཤུལ་མ་ཡིན་པར། །བསྐུ་མཉེ་བྱེད་ཅིང་རླུང་ཁ་ལེན་པར་བྱ། །སྐྲངས་མཁྲེགས་ཚ་འཁྱུག་གཉན་ནད་ཁྲོས་པ་ན། །ཕྱི་བྱུགས་ཚབས་ཆེར་ཁོང་སྨན་བསྟེན་པ་སོགས། །གཉན་ལྷོག་སྲིན་སོགས་བླ་གཉན་རྟགས་བསྟན་པའི། །གང་འཚམས་སྨན་གྱི་གཉན་ནད་བསད་པར་བྱ། །ཟས་སྤྱོད་ནད་ཀྱི་གཞི་དང་བསྟུན་པར་བྱ། །དེ་ཡང་རླུང་སྐྱེས་གསུར་དུད་བསྐུ་མཉེ་བྱ། །དབྱུག་པའི་ཤུལ་དང་ལྟོ་བར་བསྐུ་མཉེ་སྤོངས། །སྙིང་རླུང་སྨྱོ་འབོག་རླུང་གསང་དྲོད་དུགས་བྱ། །རླུང་མེད་ཟུངས་བཟང་ཟས་བཅུད་ཡན་པ་མིན།།
     བཅུ་གཉིས་ཕན་ཡོན་སྤྱི་དང་བྱེ་བྲག་གཉིས། །སྤྱིར་ནི་སྟོད་སྨད་རླུང་ནད་རླུང་གཟེར་འདོན། །སྙིང་རླུང་སྨྱོ་འབོགས་གདོན་གསར་སེམས་འཕྱོ་འཇོམས། །ལྷེན་དང་ལྕགས་དྲེག་མེ་དྲོད་ཉམས་པ་གསོ། །མ་ཞུ་བད་ཀན་གྲང་བའི་སྐྲན་འབྲས་བཤིག །ཤ་རུས་རྩ་ལྤགས་ཚིགས་ནད་སོ་སོར་འབྱིན། །མགོ་དང་ཡན་ལག་ཁྲག་ངན་ཆུ་སེར་འདོན། །ལས་རླུང་ལོག་པའི་རྩ་ནད་རླུང་ལོག་སྐྲན། །རྩ་འབྲུམ་འཆུས་པའི་རླུང་འཐུམ་འགགས་ནད་སེལ། །བྱེ་བྲག་དམིགས་གནས་རང་རང་སྐབས་སུ་གསལ། །གཏར་བསྲེག་འཕང་དང་བརྡེག་པའི་དཔྱད་བཞི་ལས། །འདི་ཉིད་བྱ་སླ་ཉེན་ཆུང་ཕན་ཡོན་ཆེ།།
     ཞེས་མཁའ་འགྲོའི་སྙན་བརྒྱུད་ལས་བྱུང་བ་རྡོ་རྗེ་དབྱུག་པའི་མན་ངག་འདི་ཉིད་ནི་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ཀྱི་རིམ་པ་སྙན་བརྒྱུད་དུ་བཞུགས་པའི་བཀའ་རྒྱ་ཡང་འགྲོལ་བར་མཛད་དེ་ཁོ་བོའི་ཨ་ཁུ་པཎ་ཆེན་ནམ་མཁའ་ཤེས་རབ་ནས་ཞིབ་པར་ནོས་བཞིན་འཕྲི་སྣོན་མེད་པར་བཀོད་པ་འདི་ནི་འཚོ་མཛད་འབི་ལྷུག་གི་ལག་ལེན་གསལ་ཚང་དུ་བཀོད་པ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ཐོག་བྲི་སྩོལ་བགྱིས་མཚམས་འཚོ་མཛད་བླ་མ་ངག་དབང་ཉི་མ་དང་དམ་ཆོས་གཉིས་ནས་ཀྱང་བསྐུལ་གནང་དང་བྲི་གཞི་བསྩལ་བ་རྣམས་ཀྱི་ངོར་དུས་མཐའི་སྨན་འབངས་ཐ་མ་བསྟན་འཛིན་ཕུན་ཚོགས་ཀྱིས་དགོན་ཕུ་བསམ་གཏན་ཁོང་དུ་བྲིས་པ་དགེ་བར་གྱུར་ཅིག འདི་ཡི་ལུང་དང་མན་ངག་མ་ཐོབ་པའི་གང་ཐོད(ཟག)ལ་མི་བསྟན་པའི་བཀའ་རྒྱ་ཡོད་པས་ལུང་མེད་པར་སྤྱོད་ན་མཁའ་འགྲོའི་བཀའ་ཆད་དྲག་པོ་ཡོང་བས་མི་འདའ་བར་སྲུངས་ཤིག

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།