སྙིང་གི་ནད་བཅོས་ཐབས།
སྙིང་འཕྱོས་ཀྱི་ནད་བཅོས་པ་ནི། ལྷན་ཐབས་ཨ་གར་བཅུ་བ་སྙིང་ནད་སྤྱི་དང་། ཁྱད་པར་སྙིང་འཕྱོས་ལ་ཕན། ཤིང་ཀུན་བཅུ་བཞི། ཨ་གར་བརྒྱད་པའི་སྟེང་འབྲོང་སྙིང་། གོ་ཡུ། ལི་ཤི་བུ་རམ་བཅས་སྦྱར་བའི་ཨ་གར་བཅུ་གཅིག བཙན་དུག་བརྒྱད་པའི་རིལ་བུ། ཛཱ་ཏི་དང་ཁ་རུ་ཚྭ་གཙོ་བོར་བྱས་པའི་སྨན་མར་དང་། འབྲས་བུ་གསུམ་གྱི་སྨན་མར་སོགས་བསྟེན་དགོས་སོ། །
ཚིགས་པ་དྲུག་བདུན་དང་དཀར་ནག་མཚམས་རྣམས་སུ་མེ་བཙའ་གདབ། རླུང་གསང་རྣམས་སུ་བསྐུ་མཉེ་བྱ་ཞིང་དྲོད་བཅུད་ལྡན་པའི་ཟས་སྐོམ་བསྟེན་པ་དང་། དྲོ་བའི་གནས་སུ་གཉིད་ལོག་པ་དང་ཡིད་མཐུན་པའི་གྲོགས་ཀྱིས་སྙན་པའི་གཏམ་གྱིས་སྤྲོ་བ་བསྐྱེད་དེ་བཅོས་དགོས་སོ། །
སྙིང་གཟེར་བཅོས་པ་ལ། སྙིང་གཟེར་སྤྱི་ལ་ཨ་གར་བརྒྱད་པ། ཤིང་ཀུན་ཉེར་ལྔ། སྲོག་འཛིན་བཅུ་གཅིག ཀོ་བྱི་བཅུ་གསུམ་དང་ཀོ་བྱི་ལྔ་ཐང་སོགས་གཏོང་། རླུང་གཟེར་ལ་ཛཱ་ཏི་བདུན་པའི་ཕྱེ་མ་བསྟེན། མདུན་རྒྱབ་ཀྱི་སྙིང་གསང་རྣམས་སུ་མེ་བཙའ་བྱ། ཁྲག་གཟེར་ལ་ཞོ་ཤ་སུམ་ཐང་། ཙན་དན་དྲུག་པའི་ཕྱེ་མ་བཏང་། ཨ་སོ་དང་རྩེ་ཆུང་གཏར་ལ་ཚིགས་པ་དྲུག་བདུན་ལ་མེ་བཙའ་གདབ། འདི་ལ་བཅོས་ཕྱིས་ན་སྙིང་གི་ནང་དུ་ཁྲག་གིས་གང་ནས་འཆི་བར་འགྱུར་བས་ཐོག་མ་ནས་འབད་བརྩོན་གྱིས་བཅོས་དགོས་པ་ཡིན་ནོ། །སྙིང་ནད་རྒྱབ་གཟེར་ལ་ཨ་གར་བརྒྱད་པའི་སྟེང་གླ་རྩི་བསྣན་པ་གཏོང་། ངལ་གསོ་བཟང་བོ་བྱས་ཏེ་དུ་ཆང་སྤང་བ་ལ་ཡིད་འཇོག་བྱ་དགོས་སོ། །
སྙིང་ཚད་བཅོས་པ་ལ། སྙིང་ལ་ཚ་བ་རྒྱས་ན་ག་བུར་ཉེར་ལྔ། ག་བུར་དགུ་བ། ག་བུར་བདུན་པ། སྙིང་ཚད་སེལ་བའི་གུར་ཀུམ་བདུན་པ། ཙན་དན་སུམ་ཐང་། ཀོ་བྱི་ལྔ་ཐང་སོགས་བཏང་། སྙིང་ལ་ཚ་བ་འཁྱིལ་ན་ག་བུར་ལྔ་བ་དང་། ཞོ་ཤ་སུམ་ཐང་། ཏིང་ཏའི་སྨན་མར་སོགས་གཏོང་། དཔྱད་ལ་ཨ་སོ་དང་སྣོད་ཀ མཐོང་རྩ། ལྕེ་འོག་གི་རྩ་རྣམས་གཏེར་དགོས།
སྙིང་ལ་ཆུ་སེར་བབས་པའི་ནད་ལ་རྒྱུད་ཕྱི་མའི་ཕོ་མཆིན་སྟོད་ཀྱི་བད་རླུང་སྙིང་སྐྲན་འཇོམས། ཞེས་པའི་སེ་འབྲུ་བརྒྱད་པའི་སྟེང་དུ་ཆུ་སེར་སྨན་གསུམ་བསྣན་པའི་ཕྱེ་མ་དང་འབྲས་བུ་གསུམ་དང་སེང་ལྡེང་སྨན་མར་བདུན་པ་བཏང་། དཀར་ནག་མཚམས་དང་ལྟག་པའི་སྡུད་སྒོ་དང་ཚིགས་པ་བདུན་པ་བཅས་ལ་མེ་བཙའ་བྱ་དགོས་སོ། །
སྙིང་འཐིབས་ནི་སྙིང་ལ་བད་ཀན་ཞུགས་པ་ཡིན་པས་ཕྱི་རྒྱུད་ལྟར་གྱི་སྐྱུགས་བྱ་ཞིང་ཆུ་བསྐོལ་མང་དུ་གཏོང་དགོས། མན་རྒྱུན་སེ་འབྲུ་ལྔ་ཐང་དང་། རྒྱམ་ཚ་གསུམ་ཐང་། ཤུ་དག་དགུ་བ་རྣམས་བསྟེན།
སྙིང་སྲིན་ལ་མན་རྒྱུད་བྱི་ཏང་བདུན་པ་སྤྲུ་ནག་པའི་ཁུ་བས་དབུལ། ཡང་ན་བྱི་ཏང་ཀ་དང་རུ་རྟ་གཉིས་པ་ཆུར་སྦྱར་བ་བཏང་བས་སྙིང་གི་སྲིན་ནད་ཚ་ལ་གཡའ་ཞིང་གཟེར་ཟུག་བྱེད་པ་སེལ།
སྙིང་ནད་ཁ་ལེ་ནག་པོ་ལ་སྐྱུ་རུ་ར་བསྡུས་པའི་ཐང་ལ་བྱ་རྒོད་ལྟོ་སྟོང་བ་བརྡུངས་ནས་བཏབ་པའི་ཚ་བ་ཞེས་ཐུག་པ་དང་། ཞོ་ཤ་གསུམ་གྱི་སྨན་མར་བསྟེན། དཔྱད་དུ་སྙིང་རྩ་སྲིན་ལག་འོག་གི་མྱུར་བ་ཞེས་པ་ལ་མེ་བཙས་སྲེག་པར་བྱ་དགོས་སོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com