བརྩོན་སེམས་ཀྱིས་བདེ་ཐང་ལ་ཤུགས་སྣོན་པ།

རྩོམ་པ་པོ།:མི་ངིམ་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2010-11-09 11:18:00 ཀློག་གྲངས།:

       དཔྱད་གཞིའི་ཡིག་རིགས་ལས་སྡོམ་རྩིས་བྱས་པ་ལྟར་ན།གྲོང་ཁྱེར་དུ་བྱ་བ་སྒྲུབ་བཞིན་པའི་ལས་བྱེད་པ་དག་གི་སྐྱེ་སྟོབས་རིམ་བཞིན་ཇེ་ཞན་དུ་འགྱུར་བཞིན་ཡོད་དེ།དེའི་མཚོན་ཚུལ་དངོས་ནི་འདི་ལྟ་སྟེ།ལས་བྱེད་པའི་བརྒྱ་ཆའི་ལྔ་བཅུ་ཡིས་རང་ཉིད་ཀྱི་ལུས་ཁམས་བདེ་ཐང་མིན་པ་ཚོར་ཞིང་དེའི་ནང་གི་བཞི་ཆའི་གཅིག་གི་མི་ལ་གཉིད་མི་ཁུག་པའི་གནས་ཚུལ་འབྱུང་བཞིན་ཡོད་པ་དང་།ལྷག་པར་དུ་བུད་མེད་ལ་གཉིད་མི་ཁུག་པའི་གནས་ཚུལ་འབྱུང་བའི་བསྡུར་ཚད་དེ་སྐྱེས་པ་ལས་མཐོ་བ་རེད།ལྟོས་བཅས་ཀྱིས་དགོང་མོ་ཉལ་འཕྱི་བ་དེ་གོམས་སྲོལ་ཞིག་ཏུ་གྱུར་ཅིང་།དགོང་མོའི་དུས་ཚོད་བཅུ་གཉིས་ཀྱི་རྗེས་སུ་ཉལ་མཁན་ཇེ་མང་དུ་འགྱུར་བཞིན་པ་སྤྱི་དང་།ལྷག་པར་དུ་མི་མང་པོ་ཞིག་གིས་དུས་རྒྱུན་རང་ཉིད་གཉིད་པའི་དུས་ཚོད་བློས་བཏང་སྟེ།རིན་ཐང་མེད་པའི་བྱ་འགུལ་མང་པོའི་སྟེང་ཉི་མ་བཏང་ནས་རང་ཉིད་ཀྱི་གཉེན་ཉེ་དང་གྲོགས་པོར་འགྲོགས་པའི་དུས་ཚོད་མེད་པའི་ཁར།འགུལ་སྐྱོད་བྱས་ནས་ལུས་པོར་སྦྱོང་བརྡར་བྱེད་པའི་དུས་ཚོད་དེ་བས་ཀྱང་མེད།དེ་ལྟར་དུས་ཡུན་རིང་པོ་འགོར་ན།འཚོ་བའི་གོམས་སྲོལ་མི་ལེགས་པ་ནས་བཟོས་པའི་བདེ་ཐང་མིན་པའང་དེར་བསྟུན་གྱིས་བྱུང་སྟེ།བྱ་བ་ཡོད་ཚད་ལ་སྤྲོ་སྣང་མེད་པར་ཉིན་མཚན་ཀུན་ཏུ་ཐང་ཆད་པ་དང་།བྱ་བ་དང་འཚོ་བར་སྤྲོ་སེམས་མེད་ཅིང་བྱ་བའི་ནུས་པ་ཇེ་ཞན་དུ་འགྱུར་བར་མ་ཟད།བྱ་བར་སུན་སྣང་སྐྱེ་པ་དང་ཡིད་མུག་སྟེ་ཁོང་ཁྲོ་ལངས་སླ་བ་དང་།དོག་སེམས་དང་སེམས་ཁྲལ་སྐྱེ་བའི་དོན་དག་ཉིན་བཞིན་ཇེ་མང་དུ་གྱུར་ཏེ།རང་ཉིད་ཀྱིས་ཀྱང་བསམ་པའི་ཁག་ཁུར་ལྗིད་དྲགས་པ་ཚོར་ནས་མགོ་ན་བ་དང་མགོ་ཡོམ་འཁོར་བ།སྐེད་པ་དང་སྒལ་ཚིགས་མི་བདེ་བ།ཟས་མི་འཇུ་བ་སོགས་ཀྱི་ནད་རྟགས་ཉིན་རེར་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ནའང་།ལུས་པོར་ཞིབ་བཤེར་བྱས་ན་ནད་ཅི་ཡང་མེད།
        བྱ་བར་སྤྲོ་སྣང་ལྡན་པའི་མི་ལ་མཚོན་ན།འཚོ་བར་ཞེན་པའི་བདེ་སྐྱིད་འདུ་ཤེས་ཀྱང་ཧ་ཅང་བཟང་།དེ་བས་བྱ་བ་སོགས་ལ་བྲེལ་འཚུབ་ཆེ་རུང་ཐང་མི་ཆད་པར་རང་ཉིད་ཀྱིས་བྱ་བ་དང་འཚོ་བའི་གནོན་ཤུགས་ཆེན་པོ་སྙོམ་སྒྲིག་བྱེད་ཐུབ་པ་རེད།ཁོ་ཚོས་རང་ཉིད་དགའ་བ་དང་ཡང་ན་རང་ཉིད་ལ་འཚམ་པའི་ལུས་རྩལ་རྣམ་གྲངས་བདམས་ཏེ།གཟའ་འཁོར་གཅིག་ལ་ཐེངས་གཅིག་རེར་སྦྱོང་བརྡར་བྱེད་པ་དང་ནམ་ཡིན་རུང་རང་ཉིད་ཀྱི་སྣང་བརྙན་ལ་དོ་སྣང་བྱེད་བཞིན་ཡོད་དེ།དཔེར་ན་འགྲོ་ལུགས་འདུག་སྟངས་ཀུན་དང་མཐུན་ཞིང་།ཉིན་རེར་དུས་ཚོད་སྐར་མ་འགའ་བདམས་ནས་ཅི་ཡང་མི་བསམ་པར་རང་འདོད་ལྟར་འཆམ་འཆམ་ལ་འགྲོ་བ་དང་སྔོ་ཚོད་དང་སིལ་ཏོག་མང་ཙམ་ཟ་བ་ལས་ཤ་སོགས་སྣུམ་ཅན་གྱི་རིགས་མང་ཙམ་ཟོས་ནས་ཕོ་བ་ཧ་ཅང་རྒྱགས་དྲགས་མི་རུང་།གོང་སྨོས་འདི་དག་མི་ཐམས་ཅད་ལ་འཚམ་པའི་ངེས་པ་མེད་དེ།མི་སུ་ཡིན་རུང་རང་ཉིད་དང་འཚམ་པའི་བྱེད་སྟངས་སྤྱད་དེ་རང་ཉིད་ལ་སྙོམ་སྒྲིག་བྱེད་དགོས་པ་དང་།སློབ་སྦྱོང་དང་བརྗེ་རེས་ཁྲོད་རང་ཉིད་ལ་སྔར་ཡོད་པའི་སྤྲོ་སེམས་དང་སྐྱེ་སྟོབས་སྲུང་འཛིན་བྱེད་དགོས།
        དང་པོ།ལུས་ཕུང་སྦྱོང་བརྡར་བྱེད་དགོས།
        གཟའ་འཁོར་རེའི་ཕྱི་དྲོ་གཅིག་ལ་ཚད་འབྲིང་ཙམ་གྱི་ལུས་སྦྱོང་བྱེད་དགོས་ཏེ་དཔེར་ན།སྦྱོང་བརྡར་བྱས་ནས་རྔུལ་ཆུ་བཞུར་དགོས་པ་དང་།སྐད་ཆ་བཤད་ཐུབ་པ་ལས་གླུ་དབྱངས་ལེན་མི་ཐུབ་པའི་ཚད་ནས་དུས་ཚོད་གཉིས་ཡན་ལ་སྦྱོང་བརྡར་བྱས་ན་དང་ཐོག་ཅུང་ཐང་ཆད་པའི་སྣང་ཚུལ་ཡོད་རུང་།ལུས་པོ་བཀྲུས་ནས་དགོང་སྔ་མོར་གཉིད་ན་ལུས་སྟོབས་འཕེལ་བར་ཕན་པ་ཆེན་པོ་ཡོད།
        གཉིས་པ།ལས་ཞོར་དུས་ཚོད་བེད་སྤྱད་ནས་རང་ཉིད་སྔར་ལས་བདེ་ཐང་ཡོང་བ་དང་སྔར་ལས་ཕན་འབྲས་འབྱུང་བའི་དགའ་ཕྱོགས་སྐྱེད་སྲིང་བྱེད་དགོས།
        བྱ་བ་དང་འཚོ་བ་གཉིས་གཅིག་འདྲ་ཡིན་པས་གཉིས་ཀ་སྙོམ་སྒྲིག་བྱེད་དགོས།བྱ་བར་སྤྲོ་སེམས་མེད་པའི་སྐབས་སུ།ཕན་འབྲས་ལྡན་པའི་དགའ་ཕྱོགས་སྐྱེད་སྲིང་བྱས་ཏེ་འཚོ་བའི་གོམས་སྲོལ་བཟང་པོ་ཞིག་ཆགས་སུ་འཇུག་དགོས།དཔེར་ན་རང་གི་དགའ་ཕྱོགས་ལྟར་ཡིག་གཟུགས་དང་རོལ་དབྱངས་སྦྱང་བའམ་རྩོམ་འབྲི་བ་དང་ལྷག་པར་དུ་སྙན་ངག་འབྲི་བ་སོགས་བྱས་ནས་ཉི་མ་རེ་རེའི་འཚོ་བར་སྤྲོ་སྐྱིད་ཀྱིས་ཁེངས་སུ་འཇུག་དགོས།
        གསུམ་པ།རང་བྱུང་ཁམས་ཆེན་པོ་ཉམས་སུ་མྱང་ཏེ་རང་ཉིད་ཀྱི་སེམས་ཁམས་གསོ་དགོས།
        བརྟག་དཔྱད་བྱས་པ་ལྟར་ན།སྟོན་ཁ་དང་དགུན་ཁའི་དུས་སུ་མི་སུ་ཡིན་རུང་ཡིད་སེམས་ཅུང་སྡུག་པའི་དུས་ཡིན་པ་སྤྱི་དང་།ལྷག་པར་དུ་གཞུང་ལས་ཁང་ནས་ཉིན་གང་བོར་བྱ་བ་བསྒྲུབས་ཏེ་སྒོ་ཕྱིར་མི་འགྲོ་བ་དང་ཡང་ན་འཚོ་བ་དང་བྱ་བའི་དབང་གིས་རང་ཁྱིམ་དང་གཞུང་ལས་ཁང་ལས་གང་ལའང་མི་འགྲོ་བས།སེམས་ཁམས་ཇེ་སྡུག་ཏུ་གྱུར་ཏེ་རིམ་གྱིས་འཚོ་བ་དང་བྱ་བ་གང་ལའང་སྤྲོ་སེམས་མེད་པར་འགྱུར་འགྲོ།དོན་དངོས་སུ་སྤྲོ་སྐྱིད་ལྡན་པའི་སེམས་ཁམས་ནི་རང་གིས་རང་ཉིད་ལ་སྦྱིན་དགོས་པས་ཐབས་བརྒྱ་ཇུས་གཏོང་གིས་རང་གིས་རང་ཉིད་སྐྱིད་པོར་གཏོང་དགོས།གཞན་ཡང་མཐོ་སྒང་གི་སྟོན་དགུན་དུས་ཚིགས་ནི་ཧ་ཅང་མཛེས་སྡུག་ལྡན་པ་དང་མཐོ་སྒང་གི་སྟོན་དགུན་དུས་ཚིགས་ཀྱི་ཁྱད་ཆོས་ནི་དགུན་ཁ་ནམ་ཟླ་བཟང་བས།གཟའ་འཁོར་གཅིག་ནང་ཉིན་ཕྱེད་ཀྱི་དུས་ཚོད་བེད་སྤྱད་ནས་ཕྱི་རོལ་དུ་སོང་སྟེ་སེམས་ཁམས་གསོ་དགོས།དེ་མིན་རང་ཉིད་དང་ཡང་ན་མཐའ་འཁོར་གྱི་མི་ལ་འཛུམ་གྱིས་བསུས་པ་དང་།གཉེན་ཉེ་དང་གྲོགས་པོ་སོགས་ལ་སེམས་གཏམ་བརྗོད་པ།སེམས་ཁམས་མི་དྭངས་པའི་སྐབས་སུ་རང་སེམས་མཐུན་པའི་གྲོགས་པོ་དང་མཉམ་དུ་དགུན་ཁའི་ཉི་མར་བསྡོངས་ནས་གྲོང་ཁྱེར་ཉེ་འདབས་སུ་འཆམ་འཆམ་ལ་སོང་ན།སེམས་ཁམས་ཇེ་དྭངས་དང་དྲན་ཤེས་ཇེ་བཟང་དུ་གྱུར་ནས་ཀླད་པར་ཡང་སྙོམ་སྒྲིག་བྱེད་ཐུབ་པ་རེད།
       བཞི་བ།ཤེས་བྱ་སྣ་ཚོགས་སྦྱང་ནས་རང་ཉིད་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས།
        བྱ་བའི་ནུས་པ་ཇེ་ཞན་དུ་འགྱུར་བ་དང་སྤྲོ་སེམས་ཉམས་པ་དེ་ཕྱི་ཡུལ་གྱི་རྒྱུ་རྐྱེན་ཐེབས་པ་ལས་གཞན།ཆེས་རྩ་བར་གྱུར་བའི་རྒྱུ་རྐྱེན་ཞིག་ཡོད་པ་ནི་མི་སུ་ཡིན་རུང་གསར་བར་དགའ་ཞིང་རྙིང་བར་ཞེན་པའི་ཁྱད་ཆོས་ལྡན་པས།བྱ་བའི་ལས་རྐང་གང་ཞིག་ཡིན་རུང་ཤེས་བྱ་གསར་བ་སློབ་པ་དང་བྱ་དངོས་གསར་བ་ལ་ཐུག་གང་ཐུབ་བྱས་ན།རང་གི་སྤྲོ་བ་དེ་ཡང་བསྐྱར་འཕེལ་ངེས་ཡིན།ལྷག་པར་དུ་ཆེད་ལས་ལག་རྩལ་གྱི་ལས་རྐང་དུ་རང་ཉིད་ཀྱི་བྱ་བའི་རྣམ་པ་དེ་དུས་ཚོད་རིང་བའི་དབང་གིས་སྒྲུབ་མི་འདོད་པར་མི་འགྱུར་བའི་ཆེད་དུ།རང་ཉིད་ཀྱི་བསམ་གཞིགས་ནུས་པ་དང་བསམ་བློའི་རྣམ་པར་སྒུལ་ཤུགས་གསར་བ་ཡོད་དུ་འཇུག་དགོས་ན།དུས་དང་རྣམ་པ་ཀུན་ཏུ་ཤེས་བྱ་སྣ་ཚོགས་སྦྱང་ནས་རང་ཉིད་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ།བྱ་བ་གང་ཞིག་ཡིན་པ་དང་ལོ་ཚོད་ཅི་ཙམ་ཡིན་རུང་།གལ་ཏེ་ཁྱོད་རང་ལས་ཐོག་ཏུ་ཡོད་ན་རང་ཉིད་ཀྱི་ལས་སྒོའི་ནུས་པ་མཐོར་འདེགས་དང་ཉམས་ཉེན་འདུ་ཤེས་སེལ་ཆེད།དུས་ཚོད་དང་སེམས་ཤུགས་ཡོད་རྒུ་བཏོན་ནས་རང་གི་མཐོང་རྒྱ་དང་ཐོས་རྒྱ།ཤེས་རྒྱ་བཅས་ཇེ་ཆེར་གཏོང་དགོས།
       ལྔ་བ།སྔ་ཉལ་སྔ་ལངས་བྱེད་པའི་གོམས་སྲོལ་བཟང་པོ་ཆགས་སུ་འཇུག་དགོས།
        སྔ་ཉལ་སྔ་ལངས་བྱེད་རྒྱུ་དེ་གྲོང་ཁྱེར་གྱི་ལས་བྱེད་པར་མཚོན་ན་ཧ་ཅང་གལ་ཆེ་བས།ལུས་པོ་ཇེ་བཟང་དུ་འགྲོ་བ་མ་ཟད།བྱ་བ་དང་སློབ་སྦྱོང་ལའང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས།ཡིན་ནའང་མིག་སྔའི་གནས་ཚུལ་ལ་བལྟས་ན་གྲོང་ཁྱེར་གྱི་ལས་བྱེད་པ་མང་པོ་ཞིག་གིས་དགོང་མོའི་དུས་ཚོད་དོན་མེད་ཆུད་ཟོས་སུ་གཏོང་བཞིན་ཡོད་པ་རེད།དེ་ལྟར་དུས་ཡུན་རིང་པོ་འགོར་ན་རང་བཞིན་གྱིས་གོམས་སྲོལ་དུ་གྱུར་ཏེ་དགོང་མོ་གཉིད་མི་ཁུག་པ་དང་གཉིད་མི་བདེ་བའི་སྣང་ཚུལ་བྱུང་ནས།བྱ་བ་ཡོད་དོ་ཅོག་ལ་སྤྲོ་བ་མེད་པ་དང་།བྱ་བ་དང་འཚོ་བའི་སྤྲོ་སེམས་དང་སྐྱེ་སྟོབས་ཀྱང་རིམ་བཞིན་ཉམས་འགྲོ་བ་རེད།དེ་བས་རབ་ཡིན་ན་དགོང་མོའི་དུས་ཚོད་བཅུ་ཡས་མས་སུ་ངོ་དང་སོ།རྐང་པ་སོགས་བཀྲུས་ནས་ཉལ་དགོས།
        ཚན་རིག་དང་མཐུན་པའི་སྒོ་ནས་རང་ཉིད་ཀྱི་སེམས་ཁམས་དང་ལུས་ཕུང་ལ་སྙོམ་སྒྲིག་བྱེད་རྒྱུ་ནི་གལ་ཆེན་ལས་འགངས་ཆེན་ཡིན་པ་དང་།ལས་ཞུགས་ལ་ལེགས་འགྲུབ་འབྱུང་བ་དེས་སེམས་ཁམས་བཟང་པོ་དང་ལུས་སྟོབས་རྒྱས་པའི་གནས་ཚུལ་མངོན་དུ་བསྒྱུར་ཐུབ་པས།དུས་ཐོག་ཏུ་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་མ་བརྗེད་ཅིག།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།