སྨྱོ་ནད་འགོག་བཅོས་ཤེས་བྱ།

རྩོམ་པ་པོ།: སྒྲོལ་མ་སྐྱིད། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-01-18 16:31:00 ཀློག་གྲངས།:

  མི་རྣམས་ཀྱིས་རྒྱུན་པར་སྨྱོ་འབོག་ལ་སྨྱོ་ནད་ཅེས་ཟེར་བཞིན་ཡོད། ནད་དེ་ནི་ཆེས་ཚབས་ཆེ་ཞིང་ཆེས་རྒྱུན་མཐོང་གི་སྨྱོ་ནད་གྲས་ཀྱི་གཅིག་ཀྱང་ཡིན་ལ། ནད་བྱུང་ཚད་བརྒྱ་ཆའི་བདུན་ལ་བསླེབས་ཡོད་པ་མ་ཟད། ནད་ཕྱིར་འཕར་ཚད་མཐོ་ཞིང་དབང་བོར་སྐྱོན་འབྱུང་ཚད་མཐོ་བས། ནད་པའི་འཚོ་བ་དང་བྱ་བ། སྤྱི་ཚོགས་འབྲེལ་འདྲིས་བཅས་ལ་ཤུགས་རྐྱེན་བཟོ་བར་མ་ཟད། ཁྱིམ་ཚང་དང་སྤྱི་ཚོགས་ལ་ཁག་ཁུར་དང་གནོད་པ་ཆེན་པོ་བཟོ་སྲིད།
  སྨྱོ་ནད་ཀྱི་ཐོག་མའི་དུས་ཀྱི་ནད་རྟགས་མངོན་གསལ་ཞིག་མིན་པས། རྒྱུན་པར་མི་རྣམས་ཀྱིས་སྣང་མེད་དུ་འཇོག་བཞིན་ཡོད། ནད་རྟགས་མང་ཆེ་བ་ཞིག་ནི་ཤེས་མེད་ཚོར་མེད་ཀྱི་ཁྲོད་ནས་རིམ་བཞིན་མངོན་པ་དང་། ཆེས་ཐོག་མའི་ནད་རྟགས་ནི་ཁེར་རྐྱང་དུ་གནས་ཏེ་གནད་དོན་ལ་བསམ་བློ་གཏོང་བ་དང་འདྲ་ཞིང་། འཚོ་བའི་གོ་རིམ་འཆོལ་བ་དང་སྒྲིག་ལམ་མེད་པ། བྱ་བ་གང་ལའང་བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ། རྒྱུན་དུ་ཡ་ལེ་ཡོ་ལེ་བྱེད་པ། སློབ་སྦྱོང་ཇེ་ཞན་ཏུ་འགྲོ་བ། དེ་དང་ཁ་བརྡ་བྱས་ན་སྐད་ཆ་ཉུང་བ། ནང་དོན་སྣ་གཅིག་པ། རིམ་བཞིན་མི་ལ་ཁ་ཡ་མི་བྱེད་པ་དང་གཉེན་ཉེ་དང་ཁ་ཐག་ཇེ་རིང་དུ་སོང་བ། མ་གཞིར་སྤྲོ་བ་ཆེ་བའི་བྱ་བ་ཞིག་ཡིན་ཡང་དེ་ལ་སྤྲོ་བ་མེད་པར་འགྱུར་བ་བཅས་ཡིན། ཡིན་ནའང་། མཚམས་ལ་ལར་ངག་ནས་གོ་བ་ལེན་མི་ཐུབ་པའམ་ར་མགོ་ལུག་སྦྱོར་ལྟ་བུའི་སྐད་ཆ་ཚིག་རེ་གཉིས་ཐོན་པའམ་ཡང་མཚམས་ལ་ལར་ལུས་ནས་ཡ་མཚར་དགོས་པའི་སྤྱོད་ལམ་འགའ་རེ་ཐོན་སྲིད། དཔེར་ན་གློ་བུར་དུ་ཁོང་ཁྲོ་ལངས་ནས་དངོས་པོ་གཅོག་པའམ་ཡང་ན་དོན་དག་ཆུང་ཆུང་ཞིག་གི་དོན་དུ་མི་གཞན་པར་གྱོད་བཙལ་ནས་མི་གཏོང་བ་དང་། དོན་མེད་དུ་རྩོད་པ་སློང་བ། གང་ཡིན་འདི་ཡིན་མེད་པར་སེམས་སྡུག་ནས་མིག་ཆུ་འདོན་པའམ་དགའ་སྤྲོ་སྐྱེས་པ། སྐབས་དེར་རྒྱུན་པར་“བསམ་བློར་གནད་དོན་ཡོད་པའམ”ཡང་ན་མི་གཤིས་འགྱུར་བར་གོ་ནོར་ཐེབས་སླ་བ་རེད། ནད་པ་ཁ་ཤས་ནད་ཡོད་པའམ་ཡང་ན་སེམས་ཁམས་ལ་ཕོག་ཐུག་ཐེབས་པ་སོགས་རྒྱུ་རྐྱེན་གྱི་དབང་གིས་ནད་སློང་བས། གློ་བུར་དུ་གཉིད་ཡེར་བ་དང་ངར་ལངས་བ། གཏམ་སྤྱོད་ནམ་རྒྱུན་དང་མི་འདྲ་བ། ནད་པ་ཉུང་ཤས་ལ་ད་རུང་དུས་ཡུན་ཐུང་ཐུང་ལ་ཤེས་པ་མི་གསལ་བ་འབྱུང་བར་མ་ཟད་སྐབས་སྐབས་སུ་འཕྲུལ་སྣང་སྐྱེས་པའམ་ཡང་ན་གནས་གཅིག་ནས་མི་འགུལ་བར་ཧད་ནས་འདུག་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན།
  སྨྱོ་ནད་དེ་ལོ་ཚོད་ཆེ་ཆུང་གཉིས་ཀར་འབྱུང་བ་དང་། ན་གཞོན་དང་དར་མར་འབྱུང་ཚད་མཐོ་ལ། ལོ་ཉི་ཤུ་ནས་ལོ་སུམ་ཅུ་བར་གྱི་ནད་པས་གཉིས་ཆའི་གཅིག་ཟིན་ཡོད། ཕོ་མོ་གཉིད་ཀར་ནད་འབྱུང་ཚད་ཕལ་ཆེར་འདྲ་བ་དང་། བྱིས་པའི་ནད་རྟགས་མངོན་གསལ་མིན་པས་ངོས་འཛིན་བྱེད་དཀའ་བ་རེད། སྤྱིར་བཏང་དུ་ནད་རྟགས་མངོན་པ་དལ་ཞིང་། ནད་རྟགས་མངོན་པའི་དུས་ཡུན་ངོས་བཟུང་དཀའ་བས། དེ་ལ་མྱུར་བའི་རང་བཞིན་ནམ་ཡང་ན་ཅུང་ཙམ་མྱུར་བའི་རང་བཞིན་ལྡན་པ་ཡིན།
གཅིག  སྨྱོ་ནད་ཀྱི་ཐོག་མའི་དུས་ཀྱི་མངོན་རྟགས།
  ཐོག་མའི་དུས་སུ་དབང་རྩ་ཉམས་རྒུད་ཀྱི་ནད་རྟགས་སམ་ཡང་ན་བརྗེད་ངེས་ཆེ་བ་བཅས་ཀྱི་ནད་རྟགས་འབྱུང་སྲིད་མོད། འོན་ཀྱང་རང་རྟོགས་སྒོས་གསོ་བཅོས་མི་བྱེད་པ་རེད། ནད་པ་ལ་ལར་ཁེར་སྡོད་དང་སྨྲ་བ་ཉུང་བ། ཁ་ཡ་མི་བྱེད་པ། རང་དབང་མེད་པ་བཅས་ཀྱི་ནད་རྟགས་མངོན་པ་དང་། ལ་ལ་ཚོར་བ་རྣོ་ཞིང་དོགས་པ་ཟ་དགའ་ཆེ་བས། བསམ་བློ་གཏོང་དྲགས་པ་དང་དངངས་སྐྲག་སྐྱེས་པ་སོགས་འབྱུང་སྲིད། ཡང་ལ་ལར་གློ་བུར་དུ་གོ་བ་ལེན་དཀའ་བའི་ཡ་མཚན་གྱི་བྱ་སྤྱོད་འབྱུང་སྲིད། དཔེར་ན་དམིགས་གཏད་མེད་པར་གློག་སྒོ་རྒྱག་པ་དང་ཕྱེ་བ། སློབ་ཁྲིད་ཀྱི་སྐབས་སུ་སྐད་ཅོར་སྒྲོག་པ། ཆར་འབབ་སྐབས་སྒོ་ཕྱི་ནས་ལངས་ཏེ་མི་འགུལ་བའམ་ཡང་ན་གློ་བུར་དུ་ངར་ལངས་ནས་དངོས་པོ་གཅོག་པ་སོགས་ལྟ་བུ། ནད་རྟགས་དེ་དག་ཚབས་ཇེ་ཆེར་སོང་བ་དང་བསྟུན་ནས། རིམ་བཞིན་སྨྱོ་འབོག་གི་ནད་རྟགས་དང་ནད་ཀྱི་ཁྱད་ཆོས་མངོན་པ་ཡིན།
གཉིས། སྨྱོ་ནད་ཇེ་སྡུག་ཏུ་འགྲོ་བའི་མངོན་རྟགས།
  སྐབས་དེར་ནད་རྟགས་མང་ཞིང་ཕྱིར་མངོན་པ་དང་། ཕལ་ཆེར་ནད་རྟགས་རིག་པའི་ཁྲོད་ཀྱི་ནང་དོན་མང་ཆེ་བར་གཏོགས་ལ། མི་རེ་རེའི་ནད་རེ་རེའི་རིགས་གྲས་མི་འདྲ་བ་དང་བསྟུན་ནས་ཁྱད་པར་ཡོད་མོད། འོན་ཀྱང་ཐུན་མོང་གི་ཁྱད་ཆོས་ཡང་ཡོད་དེ།
 ⒈ བསམ་གཞིགས་ཀྱི་བཀག་རྒྱ་ནི་སྨྱོ་འབོག་ནད་དེ་ན་བའི་བྱུང་རིམ་ཧྲིལ་བོའི་ཁྲོད་ཀྱི་ནད་རྟགས་ཤིག་ཡིན། ཐོག་མའི་དུས་སུ་ནད་རྟགས་དེ་འདྲ་མངོན་གསལ་ཞིག་མིན་པ་དང་ནད་གཞི་ཇེ་སྡུག་ཏུ་སོང་རྗེས་ནད་རྟགས་མངོན་གསལ་འབྱུང་བ་ཡིན།
 ⒉ ཚོར་ཤེས་ཀྱི་བཀག་རྒྱ། རྣ་འཕྲུལ་བྱུང་བ་ཆེས་མང་ཞིང་། དཔེར་ན་དཔྱད་གཏམ་རང་བཞིན་དང་རྩོད་གླེང་རང་བཞིན། ཡང་ན་བཀའ་འཕྲུལ་རང་བཞིན་གྱི་འཕྲུལ་སྣང་སྐྱེས་པ་ཡིན། 
 ⒊དྲན་ཚུལ་གྱི་བཀག་རྒྱ། དེ་ནི་སྨྱོ་འབོག་གི་ནད་རྟགས་དེ་ཆེས་མངོན་གསལ་ཞིག་ཡིན། སེམས་ཀྱི་དྲན་ཚུལ་མཚོན་པ་དེ་བསམ་གཞིགས་ཀྱི་འགུལ་སྐྱོད་དང་འདོད་བློ། བྱ་སྤྱོད་བཅས་དང་ཕན་ཚུན་མཐུན་སྦྱོར་མི་ཡོང་བ་དང་། མཐའ་འཁོར་གྱི་ཁོར་ཡུག་དང་ཡང་ན་ཕན་ཚུན་མཐུན་སྦྱོར་མི་ཡོང་བ་དེ་ནི་དེའི་ཁྱད་ཆོས་ཡིན།  དྲན་ཚུལ་གྱི་བཀག་རྒྱ་དེ་རིག་པ་རྟུལ་བ་དང་དྲན་ཤེས་མི་གསལ་བ་དེ་མང་དུ་འབྱུང་བས། མི་དང་བྱ་བ་གང་ཡིན་ཡང་དེ་ལ་དོ་སྣང་དེ་འདྲ་མི་བྱེད་པ་ཡིན། ནད་གཞི་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས་བརྩེ་དུང་གི་བཀག་རྒྱ་དེ་ཉིན་རེ་བཞིན་ཚབས་ཇེ་ཆེར་འགྱུར་སྲིད། 
 ⒋འདོད་བློ་དང་བྱ་སྤྱོད་ཀྱི་བཀག་རྒྱ། བསམ་པར་འགུལ་སྐྱོད་རང་བཞིན་གྱི་ཚོད་འཛིན་ཐེབས་པའི་སྔོན་རྟགས་མང་དུ་འབྱུང་བ་སྟེ་ཉིན་གང་བོར་བཙོག་ནས་མི་འགུལ་བ་དང་། སྨྲ་བ་ཉུང་བ། གྲོགས་མེད་ཁེར་རྐྱང་དུ་གནས་ཏེ། འབྲེལ་བ་ཟབ་པའི་མི་ལ་ཡང་འབྲེལ་འདྲིས་མི་བྱེད་པ་དང་ཐ་ན་གཅིག་ནས་ཧད་འདུག་བྱེད་པའི་སྣང་ཚུལ་འབྱུང་བ་ཡིན། དེ་ལས་ལྡོག་སྟེ་ལ་ལར་སྡོད་བཟོད་མི་བདེ་བ་དང་ངར་ལངས་ནས་དངོས་པོ་བརླག་པ། རང་རྨས་བྱེད་པ། གཞན་པར་གཅར་རྡུང་བྱེད་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་ཡིན།
 ⒌རིག་སྟོབས་ཀྱི་བཀག་རྒྱ། རིག་པ་ཅུང་བཟང་ནའང་ལ་ལ་ཞིག་ནད་གཞི་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས་དུས་མཇུག་ཏུ་རིག་པ་ཇེ་ཞན་དང་མིའི་གཤིས་ཀ་འགྱུར་སྲིད།
གསུམ། སྨྱོ་ནད་ཀྱི་དུས་མཇུག་གི་ནད་རྟགས།
  སྨྱོ་ནད་ཚབས་ཆེན་ཏུ་འགྱུར་བའི་དུས་ཀྱི་ནད་རྟགས་གལ་ཏེ་ཇེ་ཡང་དུ་མི་འགྲོ་བའམ་ཡང་ན་ཡང་ཡང་འཕར་ཞིང་། དེ་ལྟར་ལོ་མང་པོ་འགོར་རྗེས། དལ་བའི་རང་བཞིན་གྱི་དུས་དང་ཉམས་རྒུད་དུས་ཀྱི་སྨྱོ་འབོག་འབྱུང་སྲིད། སྐབས་དེར་ནད་འཕེལ་བའི་དུས་ཀྱི་ནད་རྟགས་མང་ཆེ་བ་ཞིག་མེད་པར་འགྱུར་བས། བྱིས་བློ་ཅན་དང་སེམས་ཤུགས་བྱ་འགུལ་ཉམས་ཉན་ཏུ་གྱུར་བ་སྟེ། དཔེར་ན་བསམ་གཞིགས་ཀྱི་ནུས་པ་ཞན་པ་དང་། ཤབ་ཤུབ་སྨྲ་བ། བརྩེ་དུང་གི་འདུན་པ་བྲལ་བ། ཁེར་དགོད་བྱེད་པ། འདོད་བློ་དང་བྱ་སྤྱོད་ལ་རང་འགུལ་ཞན་པ། ཁེར་རྐྱང་བག་འཁུམ་དང་འཚོ་བ་གཞན་ལ་བརྟེན་དགོས་པ་སོགས་འབྱུང་སྲིད།
  སྨྱོ་ནད་ལ་རིགས་ཧ་ཅང་མང་སྟེ། དེའི་ནང་སྨྱོ་འབོག་ནི་ཆེས་རྒྱུན་མཐོང་གི་སྨྱོ་ནད་གྲས་ཀྱི་གཅིག་ཡིན་ཞིང་། དེའི་ན་ལུགས་རྙོག་འཛིང་ཡིན་པས། མིག་སྔར་རྒྱུ་རྐྱེན་གསལ་བོ་མི་ཤེས། ཞོལ་ནས་ཕལ་ཆེར་ནད་དེ་དང་འབྲེལ་བ་ཡོད་བའི་རྒྱུ་རྐྱེན་འགའ་མཚམས་སྦྱོར་བྱེད་ན།
 ⒈  རྒྱུད་ལ་འབྲེལ་བ་ཡོད་པ། ནད་ཐོག་རྒྱུད་འདེད་རིག་པའི་ཞིབ་འཇུག་ལས། རྒྱུད་འདེད་ཀྱི་རྒྱུ་རྐྱེན་དེ་ནད་དེ་བྱུང་སྐབས་ནུས་པ་ངེས་ཅན་ཞིག་བསྐྱེད་ཀྱིན་ཡོད་པ་བདེན་དཔང་བྱུང་ཡོད། ཞིབ་བཤེར་བྱས་པ་ལྟར་ན། ནད་དེ་བྱུང་བའི་ནད་པའི་གཉེན་ཉེའི་ཁྲོད་ནད་འབྱུང་ཚད་དེ་སྤྱིར་བཏང་གི་མི་ལས་ལྡབ་བཅུ་ཕྲག་གིས་མཐོ་ཞིང་། ནད་པ་དང་ཤ་ཁྲག་གི་འབྲེལ་བ་ཡོད་ན། སྨྱོ་འབོག་གི་ནད་འབྱུང་ཚད་ཇེ་ལྟར་མཐོ་བ་རེད།
 ⒉ ནང་གི་ཟགས་ཐོན་གྱི་རྒྱུ་རྐྱེན། ནད་དེ་ལང་ཚོ་དར་ལ་བབ་དུས་ཀྱི་སྔ་གཞུག་ཏུ་མང་དུ་འབྱུང་ཞིང་། ནད་པ་ཁག་ཅིག་ལ་ཕྲུ་གུ་བཙས་རྗེས་གློ་བུར་དུ་ནད་བྱུང་བ་ལས་གཞན།  ཟླ་མཚན་ཆད་རྗེས་ཀྱི་དུས་རིམ་དུ་ཡང་ནད་དེ་འབྱུང་ཚད་ཅུང་མཐོ། གོང་གི་ནད་ཐོག་གི་དོན་དངོས་དེ་དག་ལས་ནང་གི་ཟགས་ཐོན་དེ་ནད་བྱུང་སྐབས་ནུས་པ་ངེས་ཅན་ཞིག་བསྐྱེད་ཀྱིན་ཡོད་པ་ར་སྤྲོད་བྱུང་། གསོ་རིག་མཁས་པ་མི་ཉུང་བ་ཞིག་གིས་ཨོལ་གོང་གཤེར་རྨེན་དང་མཁལ་སྟེང་གཤེར་རྨེན་པགས་རྫས། འཕྱང་གཟུགས་བྱེད་ལས་རྒྱུན་ལྡན་མིན་པ་སོགས་ཀྱང་ནད་དེའི་རྒྱུ་རྐྱེན་ཅིག་ལ་བསམ་བློ་བཏང་མྱོང་། ཡིན་ན་ཡང་འབྲེལ་ཡོད་དེའི་ཕྱོགས་ཀྱི་ཞིབ་འཇུག་ལ་ཁས་ལེན་པའི་སྡོམ་ཚིག་བཀོད་མེད།
 ⒊ནད་མ་བྱུང་བའི་སྔོན་གྱི་ཁྱད་ཆོས། ཁེར་སྡོད་སྨྲ་ཉུང་དང་ཚོར་བ་སྐྱེན་པོ། ངོ་ཚ་བ། འཕྲུལ་སྣང་སྐྱེས་པ་སོགས་དམིགས་བསལ་གྱི་ནད་མ་བྱུང་སྔོན་གྱི་རང་གཤིས་ཀྱིས་སྨྱོ་འབོག་ནད་བསླངས་བའི་མི་དེ་སྨྱོ་འབོག་ནད་བྱུང་བའི་ནད་པའི་བརྒྱ་ཆའི་ལྔ་བཅུ་ནས་བརྒྱ་ཆའི་དྲུག་ཅུ་ཡིན་པ་དང་། རྒྱལ་ནང་གི་དཔྱད་གཞིའི་ཡིག་རིགས་ལ་དབྱེ་ཞིབ་བྱས་པ་ལས་ཤེས་ལྟར་ན། སྨྱོ་ནད་མ་བྱུང་སྔོན་ལ་སྙིང་ཆུང་དོགས་ཚོམ་དང་རང་འགུལ་བྱེད་སེམས་མེད་པ། གཞན་ལ་བརྟེན་དྲགས་པ་སོགས་ཀྱི་རང་གཤིས་ཀྱིས་བརྒྱ་ཆའི་བཞི་ཅུ་ཟིན་ཡོད།
 ⒋ཁོར་ཡུག་གི་རྒྱུ་རྐྱེན། སྦྲུམ་ཆགས་པའི་དུས་སུ་མངལ་གྱི་ཕྲུ་གུར་ནད་དུག་འགོས་ཚེ། དར་མའི་དུས་སུ་སྨྱོ་འབོག་གི་ནད་འབྱུང་ཚད་མངོན་གསལ་སྒོས་མཐོ་ཞིང་། སྦྲུམ་ཆགས་དང་བཙའ་འཁོར་སྐབས་ཀྱི་མཉམ་བྱུང་ནད་ཀྱིས་ཀྱང་ནད་དེའི་འབྱུང་ཚད་ཇེ་མཐོར་གཏོང་སྲིད།
 ⒌ སྤྱི་ཚོགས་ཀྱི་སེམས་ཁམས་རྒྱུ་རྐྱེན། ནད་དེ་འབྱུང་བ་མང་ཆེ་བ་ནི་བྱིས་པ་ནས་དར་མའི་དུས་ཀྱི་འཚོ་བའི་དཀའ་ཁག་སྣ་ཚོགས་ལས་བཟོས་པ་ཡིན་ཞིང་། དེའི་ནང་སྨྱོ་འབོག་ནད་ཀྱི་གཉེན་ཉེ་དང་འབྲེལ་འདྲིས་བྱེད་པ་ནི་ནད་བསྐྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན། མཁས་པ་ལ་ལས་བལྟས་ན། རྒྱལ་ནང་གི་ས་ཁུལ་བཅུ་གཉིས་ཀྱི་སེམས་ཁམས་ཀྱི་ནད་རིགས་དང་ནད་ཡམས་རིག་པའི་ཞིབ་བཤེར་དཔྱད་གཞིའི་ཡིག་རིགས་ལས་མངོན་པ་ལྟར་ན། སྤྱི་ཚོགས་ཀྱི་སེམས་ཁམས་རྒྱུ་རྐྱེན་དེ་སྨྱོ་འབོག་ནད་བྱུང་བའི་ཁྲོད་ཐག་ཆོད་རང་བཞིན་གྱི་ནུས་པ་ཐོན་བཞིན་ཡོད་པར་འདོད་ཡོད། དཔལ་འབྱོར་གྱི་ཆུ་ཚད་མཐོ་བ་དེ་དཔལ་འབྱོར་ཆུ་ཚད་དམའ་བའི་མི་ཚོགས་ལ་ནད་འབྱུང་ཚད་མི་འདྲ་ཞིང་། ཁྱད་པར་ཡང་མངོན་གསལ་ལྡན་པ་དང་། བྱ་བ་ཡོད་པའི་མི་ཚོགས་དང་བྱ་བ་མེད་པའི་མི་ཚོགས་ཀྱི་ནད་འབྱུང་ཚད་ལ་ཡང་ཁྱད་པར་མངོན་གསལ་ཡོད་པ་དེ་ཚང་མ་ནི་ཕལ་ཆེར་འཚོ་བའི་ཁོར་ཡུག་ཞན་པ་དང་། དཔལ་འབྱོར་ཐད་དཀའ་ཁག་ཡོད་པ་ལས་བཟོས་པའི་སེམས་ཁམས་ཀྱི་གནོན་ཤུགས་ཆེ་ལ། སྤྱི་ཚོགས་ཀྱི་སེམས་ཁམས་གནད་དོན་མང་པོ་ཡོད་པ་འབྲེལ་བ་ཡོད་པ་རེད།
  སྨྱོ་ནད་བྱུང་ཡོད་པའི་ནད་རྟགས་ངོས་བཟུང་ཚེ། དེ་ལ་བདེ་འཇགས་དང་ཕན་ནུས་ལྡན་པའི་སྒོ་ནས་གསོ་བཅོས་བྱེད་རྒྱུ་དང་། གལ་ཏེ་སྨྱོ་ནད་ཕོག་ཚད་ཅུང་ཡང་བ་སྟེ། གཞན་ལ་གནོད་མི་སྐྱེལ་བ་དང་། དངོས་པོ་མི་བརླག་པ། ཡང་ན་རང་ལའང་གནོད་པ་མི་གཏོང་བ་དང་། རང་སྲོག་མི་གཅོད་པ་སོགས་དང་། ཁྱིམ་མིས་ཀྱང་བདག་སྐྱོང་བྱེད་ཐུབ་པ་ཞིག་ཡིན་ན། སྒོ་བསྟེན་སྨན་ཁང་ནས་གསོ་བཅོས་བྱེད་པ་དང་། ཆ་རྐྱེན་ལྡན་ན། རང་ཁྱིམ་ནས་གསོ་བཅོས་བྱས་ཆོག གལ་ཏེ་སྨྱོ་ནད་བྱུང་ཚད་ལྗིད་པ་དང་། གཞན་ལ་གནོད་པ་གཏོང་བ། རང་ལའང་གནོད་པ་གཏོང་བ་དང་ཡང་ན་རང་སྲོག་གཅོད་པ་སོགས་ཀྱི་བྱ་སྤྱོད་ཡོད་པའི་སྐབས་དང་། ཡང་ན་ནད་པས་གསོ་བཅོས་མི་བྱེད་པ་དང་སྨན་མི་འཐུང་བ། ཁྱིམ་མིས་ཀྱང་བདག་བྱེད་ཐབས་བྲལ་བ་དང་། ཡང་ན་ལུས་སྟེང་དུ་ནད་ཡམས་གཞན་དག་ཡོད་མཁན་ལ། སྨྱོ་ནད་ཆེད་ལས་ཚན་ཁག་གི་སྨན་ཁང་དུ་བསྐྱལ་ཏེ་གསོ་བཅོས་བྱེད་དགོས།
  གློ་བུར་བའི་སྐབས་ཀྱི་སྨྱོ་ནད་ཅན་གསོ་བཅོས་བྱེད་ན། གཙོ་བོ་སྨན་རྫས་ལ་བརྟེན་ནས་གསོ་བཅོས་བྱེད་དགོས། སྨྱོ་ནད་བྱུང་ཡོད་པའི་ནད་པ་མང་ཆེ་བར་རྒྱུད་རིམ་ལྡན་པའི་གསོ་བཅོས་བྱས་ན། ནད་རྟགས་ཇེ་ཡང་དུ་འགྲོ་སྲིད། དེའི་རྗེས་ནས་བཟུང་སྟེ། སྨན་འཐུང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཡང་ན་སྨན་འཐུང་ཚད་ཇེ་ཉུང་དུ་བཏང་ནས། གསོ་བཅོས་ཀྱི་ཕན་ནུས་སྲ་བརྟན་དུ་གཏོང་བ་དང་། སྨྱོ་ནད་ཡང་བསྐྱར་འཕར་བ་སྔོན་འགོག་བྱེད་པ་དང་། དེ་ལྟར་ལོ་གཉིས་ལྷག་ལ་གསོ་བཅོས་བྱེད་དགོས། དེ་དང་མཉམ་དུ་ནད་པའི་སེམས་ཁམས་མི་དཀྲུག་པ་དང་། འཚོ་བ་དང་བྱ་བར་ཡང་འོས་འཚམ་གྱིས་བཀོད་སྒྲིག་བྱས་ཏེ། ངལ་ལས་དང་ངལ་གསོ་གཉིས་ཟུང་འབྲེལ་བཟང་པོ་བྱེད་དུ་འཇུག་དགོས།
  སྨྱོ་ནད་ཕོག་མཁན་ལ་རང་ཚུགས་དང་རྡར་ཤ་གཅོད་པའི་ནུས་པ་མེད་པས། རང་རྟོག་གིས་གསོ་བཅོས་བྱེད་མི་སྲིད་ལ། ཐ་ན་སྨན་ཡང་འཐུང་མི་སྲིད། དེ་བས་སྨན་ལྡུད་ཐེངས་རེར་ཁ་ཡག་ངོ་དགའ་བྱེད་པར་བརྟེན་ནས་སྨན་འཐུང་དུ་འཇུག་རྒྱུ་དང་། ནད་པར་སྨན་རྫས་དོ་དམ་བྱེད་དུ་འཇུག་མི་རུང་ཞིང་། སྨྱོ་ནད་སངས་བ་དང་དྲན་པ་སོས་བའི་སྐབས་སུའང་དེ་བཞིན་ཡིན།
  སྨྱོ་ནད་ནི་འཕར་ཚད་ཅུང་མཐོ་བའི་ནད་ཤིགས་རེད། བསྒྲགས་པ་ལྟར་ན། སྨྱོ་ནད་ནི་ཚེ་གང་བོར་ཐེངས་གཅིག་བྱུང་བ་ཡིན་ལ། སྨྱོ་ནད་ལ་མི་འཕར་བའི་ནད་རྟགས་ཤིན་དུ་ཉུང་། ཐེངས་མང་ལ་འཕར་བ་ཡིན་ཏེ། ནད་རྟགས་ཇེ་ཡང་དུ་འགྲོ་སྐབས་སྨྱོ་ནད་མ་བྱུང་གོང་གི་རྒྱུན་ལྡན་དུ་འགྱུར་མི་སྲིད་པ་ཡིས་བརྒྱ་ཆའི་བརྒྱད་ཟིན་པ་དང་། ཐེངས་རེ་ལས་ཐེངས་རེར་ཇེ་སྡུག་ཏུ་འགྱུར་ཚད་ཀྱིས་སུམ་ཆའི་གཅིག་ལྷག་ཟིན། དེར་བལྟས་ན། སྨྱོ་ནད་གསོ་བཅོས་བྱེད་རྒྱུ་ནི་དངོས་གནས་ལས་སླ་མོ་ཞིག་མིན་མོད། འོན་ཀྱང་སྨྱོ་ནད་འཕར་ཚད་ཇེ་ཉུང་དང་ཇེ་ཡང་དུ་བཏང་ཆོག་པ་ཞིག་རེད།
  སྨྱོ་ནད་ཀྱི་རིགས་ལ་བལྟས་ན། འཇིགས་སྐྲག་སྐྱེས་པ་དང་ཨུ་ཚུགས་ཆེ་བ་ཅན་ལས། ལོ་ན་གཞོན་པ་དང་བྱིས་བློའི་རིགས་གསོ་བཅོས་བྱེད་སླ་ཡིན། སྨྱོ་ནད་ཕོག་ཡུན་ཅི་ཙམ་རིང་ན། སྨྱོ་ནད་དེ་བས་འཕར་སླ་བ་དང་། སྨྱོ་ནད་བྱུང་མ་ཐག་པའི་སྔོན་མའི་ལོ་གསུམ་ནི་གསོ་བཅོས་ཀྱི་དུས་སྐབས་བཟང་པོ་ཡིན་པ་དང་། དུས་དེ་ལས་འདའ་ནས་གསོ་བཅོས་བྱས་ན། སྨྱོ་ནད་དྲག་ཚད་མངོན་གསལ་དུ་ཇེ་དམའ་ཡིན་པར་མ་ཟད། སྨྱོ་ནད་འཕར་ཚད་ཇེ་མང་དུ་འགྲོ་སྲིད་པས། སྔ་མོ་ནས་གསོ་བཅོས་བྱེད་རྒྱུ་གལ་ཆེ། ཁྱིམ་མི་མང་པོས་ནད་པ་རྒྱུན་ལྡན་མིན་པ་ཤེས་རུང་། ངོ་སོ་བསམ་སྟེ་ཚད་ལྡན་གྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་མ་བྱས་པས། མཐའ་མར། དལ་བའི་རང་བཞིན་གྱི་སྨྱོ་ནད་དུ་གྱུར་ཏེ་གསོ་བཅོས་བྱེད་པར་དཀའ་ཁག་བཟོས།
  སྨྱོ་ནད་གསོ་བཅོས་བྱེད་ན་གཙོ་བོར་སྨན་རྫས་ལ་བསྟེན་དགོས་མོད། འོན་ཀྱང་དེའང་ཐབས་གཅིག་པུ་མིན། གལ་ཏེ་ཁྱིམ་ཚང་གི་བདག་སྐྱོང་དང་སྤྱི་ཚོགས་ནུས་པའི་སྦྱོང་བརྡར་གཉིས་ཟུང་འབྲེལ་བྱས་ན། སྨྱོ་ནད་མི་འཕར་བའི་ཚད་བརྒྱ་ཆའི་དོན་ལྔར་སླེབས་ཐུབ་ཅིང་། སྨན་རྫས་གཅིག་པུར་བསྟེན་ན། སྨྱོ་ནད་མི་འཕར་བའི་ཚད་བརྒྱ་ཆའི་སོ་བརྒྱད་ལས་མེད། དེ་བས་དུས་ལྟར་གསོ་བཅོས་བྱེད་པ་དང་། ཕྱོགས་བསྡུས་རང་བཞིན་གྱི་བདེ་གསོ་བྱེད་ཐབས་སྤྱད་ན། ད་གཟོད་ཕན་ནུས་ཇེ་མཐོར་འགྲོ་བ་དང་། ནད་རྟགས་འབྱུང་ཚད་ཇེ་ཉུང་དུ་འགྲོ་སྲིད། སྤྱིར་བཤད་ན། སྨྱོ་ནད་གསོ་བཅོས་བྱེད་པའི་རྒྱུད་རིམ་ཁྲོད་དུ། སྨན་རྫས་ཀྱི་ནུས་པ་ནི་གཙོ་བོ་ཡིན་མོད། འོད་ཀྱང་ཚད་ངེས་ཅན་ཞིག་ཏུ་ནད་པ་རང་སྟེང་གི་སེམས་ཁམས་སྙོམས་སྒྲིག་ལ་བརྟེན་དགོས་ལ། དགོས་མཁོ་བྱུང་བའི་སྐབས་སུ་སེམས་ཁམས་སྨན་པར་བསྟུན་ནས་གསོ་བཅོས་བྱེད་ཆོག
  སྤྱིར་བཏང་དུ་བཤད་ན། གློ་བུར་དུ་བྱུང་བའི་སྨྱོ་ནད་གསོ་བཅོས་བྱེད་སླ་བ་དང་། དལ་བའི་རང་བཞིན་གྱི་སྨྱོ་ནད་སླར་གསོ་འབྱུང་ཚད་ཅུང་དམའ། སྨྱོ་ནད་བྱུང་བའི་ལོ་ཚོད་ཅི་ཙམ་ཆུང་ན། གསོ་བཅོས་བྱེད་ཡུན་དེ་བས་རིང་། སྨྱོ་ནད་ཡོད་པའི་ཁྱིམ་རྒྱུད་ཀྱི་ནད་པ་ལ། གསོ་བཅོས་ཀྱི་ཕན་ནུས་ཅུང་ཞན་པ་དང་། སྨྱོ་ནད་མེད་པའི་ཁྱིམ་རྒྱུད་ཀྱི་ནད་པ་ཡིན་ན། གསོ་བཅོས་ཀྱི་ཕན་ནུས་ཅུང་བཟང་བ་ཡིན། དགའ་སྤྲོ་ཆགས་སྡང་གི་རྣམ་འགྱུར་ཡོད་པའི་ནད་པ་ཡིན་ཚེ། གསོ་བཅོས་བྱེད་སླ་བ་དང་། དེ་ལས་ལྡོག་ཚེ་གསོ་བཅོས་ཀྱི་ཕན་ཡོན་ཅུང་ཞན། གཉེན་བསྒྲིགས་ཟིན་པ་དང་། ཁྱིམ་ཚང་འགྲིག་མཐུན་ཡིན་པའི་ནད་པར་གསོ་བཅོས་ཀྱི་ཕན་ནུས་ཅུང་བཟང་ལ། གཉེན་བསྒྲིགས་མོད་འོན་ཀྱང་ཁྱིམ་ཚང་གི་འབྲེལ་བ་མི་བཟང་བའི་ནད་པ་ལ། གསོ་བཅོས་ཀྱི་ཕན་ནུས་ཅུང་ཞན། མི་རྐྱང་དང་ཁེར་འདུག ཡུག་ས། བཟའ་ཐོར་བྱུང་བ་དང་། འཚོ་ནུས་ཞན་པའི་ནད་པའི་ནད་པ་ཡིན་ཚེ། གསོ་བཅོས་ཀྱི་ནུས་པ་ཐོན་ཚད་ཅུང་ཞན་པ་དང་། ཁེར་འདུག་ཡིན་རུང་འཚོ་ནུས་ལྡན་པའི་ནད་པར། གསོ་བཅོས་ཀྱི་ནུས་པ་ཐོན་ཚད་ཅུང་བཟང་། བྱ་བ་སྒྲུབ་པའི་ནུས་པ་ཆེ་བའི་ནད་པར་གསོ་བཅོས་ཀྱི་ཕན་ཅུང་བཟང་བོ་ཐོན་པ་དང་། དེ་ལས་ལྡོག་ན་ཕན་ནུས་ཅུང་ཞན། བཟོད་བསྲན་ནུས་པ་ཆེ་བའི་ནད་པར་གསོ་བཅོས་ཀྱི་ཕན་ཡོན་ཅུང་བཟང་ཞིང་། དེ་ལས་ལྡོག་ན་ཕན་ནུས་ཅུང་ཞན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།