བོད་ཀྱི་གསོ་བ་རིག་པ་ལས་གཉིད་ཡེར་བའི་རྒྱུ་རྐྱེན་དང་ངོས་འཛིན་ཐད་ཅུང་ཙམ་དཔྱད་པ།
ཀུན་གྱི་ཤེས་གསལ་ལྟར་ནད་ཐོག་དང་འཚོ་བའི་ཁྲོད་གཉིད་ཡེར་བའི་ནད་གཞི་ནི་རྒྱུན་དུ་མཐོང་ཞིང་མིའི་ལུས་སེམས་ལ་སྡུག་བསྔལ་ཆེན་པོ་བསྐྱེད། དེ་ལས་མིའི་ལུས་ཁམས་བདེ་ཐང་དང་སྤྱི་ཚོགས་འཚོ་བའི་ཁྲོད་གནད་དོན་ཚབས་ཆེན་ཞིག་ཏུ་གྱུར། དེ་ཕྱིར་གཉིད་ཡེར་བའི་རྒྱུ་རྐྱེན་དང་ངོས་འཛིན་གསོ་བཅོས་ཐད་སློབ་སྦྱོང་དང་ཞིབ་འཇུག་བྱེད་རྒྱུའང་ཤིན་ཏུ་གལ་ཆེ །གཉིད་ཡེར་བ་ནི་ལེགས་བཤད་གསེར་གྱི་ལྡེ་མིག་ལས། གཉིད་ཡེར་གཉིད་ཆག་གཉིད་མེད་མིང་ཞེས་མཚན་མོ་གཉིད་མི་ཁུགས་པར་གྱུར་བའི་དོན་ཏེ། ཞེས་ལུས་དང་སེམས་ཀྱི་ནད་གཞི་གང་མང་ཞིག་གིས་ནུབ་མོ་གཉིད་མི་ཁུགས་པར་གྱུར་བའི་དོན། གཉིད་ཡེར་བ་གསལ་བོ་ཞིག་རྟོགས་འདོད་ན་ཐོག་མར་གཉིད་ཀྱི་ངོ་བོ་དང་མཚན་ཉིད་གསལ་བོ་ཞིག་ཤེས་དགོས། དེ་ཡང་གཉིད་ཀྱི་ཐད་དུས་རབས་དུ་མའི་ནང་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་གང་མང་ཞིག་གིས་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་ལ་ལས་གཉིད་ནི་ཀླད་པའི་རྒྱ་དར་ལས་བྱུང་བའི་འགུལ་སྐྱོད་ཞིག་དང་ལ་ལས་གཉིད་ནི་ངལ་གསོས་ཞིག་ཡིན་པར་འདོད། ཡིན་ནའང་ཀུན་དང་མཐུན་པའི་བཞེད་པ་ཞིག་མ་བྱུང། དེ་ཕྱིར་སྐབས་འདིར་རང་ཉིད་ཀྱི་གཉིད་ཅེས་པ་ལ་ཅུང་དཔྱད་པར་བྱའོ།
ཕུང་བོ་ལྔའི་བཤད་པ་ལས། རང་དབང་མེད་པར་འཇུག་པ་སེམས་མངོན་པར་སྡུད་པའོ། ཞེས་དང་། གཉིད་ཀྱི་རྒྱུ་ནི་རིད་དེ་ཉམས་ཆུང་བ་དང་། ལུས་ངལ་བར་གྱུར་བ་དང་། དཔྱིད་ཀྱི་དུས་ལ་བབས་པ་དང་། ཁ་ཟས་ཀྱིས་འགྲངས་ཏེ་ལུས་ལྕི་བར་གྱུར་བ། མུན་པའི་འདུ་ཤེས་ཡིད་ལ་བྱས་པ་ལས་གཉིད་སྐྱེ་བར་འགྱུར་རོ། ཞེས་བསྟན་ཞིང་གཉིད་ནི་གཉིད་ཀྱི་རྒྱུ་ལས་འཇུག་པ་སེམས་སྟེ་རྣམ་ཤེས་ཚོགས་དྲུག་མངོན་པར་སྡུད་པར་བྱེད་པའི་ཡིད་སེམས་ཀྱི་འགྱུར་བ་བློ་ཞིག་ཡིན། དེ་ཡང་ཅི་ཞིག་ལ་འཇུག་པ་སེམས་ཡང་ན་རྣམ་ཤེས་ཚོགས་དྲུག་མངོན་པར་སྡུད་པ་ཞེས་ན། མངོན་པ་མཛོད་ལས། སེམས་ཡིད་རྣམ་ཤེས་གསུམ་དོན་གཅིག་པར་བཤད་པ་ནི་ཐེག་དམན་པའི་ལུགས་ཡིན་ལ། ཐེག་ཆེན་ལུགས་འདིར། སེམས་ནི་ཀུན་གཞི་རྣམ་ཤེས་དང་། ཡིད་ནི་བདུན་ཡིད་དང་རྣམ་པར་ཤེས་པ་ནི་འཇུག་ཤེས་དྲུག་ལ་དགོངས་པའོ། ཞེས་དགོས་བ་དང་དགོངས་གཞི་མི་འདྲ་བས་སེམས་ནི་ཀུན་གཞི་རྣམ་ཤེས་དང་ཡིད་རྣམ་ཤེས་ཚོགས་དྲུག་བཅས་ལ་ཁྱབ་སྐབས་འདིར་འཇུག་པ་སེམས་སྟེ་རྣམ་ཤེས་ཚོགས་དྲུག་ལ་གོ་ཞིང་འཇུག་པ་སེམས་མངོན་པར་སྡུད་པ་ནི་རྣམ་ཚོགས་དྲུག་ཏེ་ཀུན་གཞི་བསྡུས་ཤིང་སྙིང་ག་གནས། ཕུང་པོ་ལྔའི་བཤད་པ་ལས། དམིགས་པ་རྣམ་པར་རིག་པའི་ཤེས་པ་དེ་ལ་ཡང་རྣམ་པ་དྲུག་ཡོད་དེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ། ཞེས་འཇུག་པ་རྣམ་ཤེས་ཚོགས་དྲུག་ནི་མིག་རྣ་སྣ་ལྕེ་ལུས་ཡིད་དབང་པོ་རྣམ་ཤེས་རྣམས་རང་རང་གི་དམིགས་པའི་ཡུལ་གསལ་ཞིང་རིག་པ་དང་། དཔེར་ན་མིག་གི་རྣམ་པར་ཤེས་བ་དེ་མིག་གི་དབང་པོ་ལ་བརྟེན་ནས་རང་ཡུལ་གཟུགས་རིག་ཅིང་ཤེས་པ། དེ་བཞིན་རྣའི་རྣམ་པར་ཤེས་པ་དེ་རྣའི་དབང་པོ་ལ་བརྟེན་ནས་རང་ཡུལ་སྒྲ་རྣམས་རིག་ཅིང་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་ཡིད་ཀྱི་དབང་པོ་ཀླད་པ་ལ་བརྟེན་ནས་ཆོས་རྣམས་རིག་ཅིང་ཤེས་པའོ། དེ་མིན་རྒྱུད་ལས། དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། འབྱུང་ལྔ་ཚོགས་པས་མངལ་དུ་ཆགས་པའི་རྒྱུ། ཞེས་དང་། ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་སྐྱེད། མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད། རང་གི་སེམས་ལས་དབང་བོའི་རྣམ་ཤེས་འབྱུང་། ཞེས་ཁུ་ཁྲག་སེམས་གསུམ་སྟེ་ཀུན་གཞི་རྣམ་ཤེས་དང་བཅས་རྒྱུ་ཚོགས་པ་ལས་མིའི་ལུས་ཆགས་པ་བསྟན་ཞིང་རང་གི་སེམས་ལས་དབང་བོའི་རྣམ་ཤེས་འབྱུང་ཞེས་རང་གི་སེམས་ནི་ཀུན་གཞི་རྣམ་ཤེས་ཏེ་དབང་ལྔ་རྣམ་ཤེས་རྣམས་བསྐྱེད་པའོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com