ཁྲི་ཀའི་ཆུ་ཁོལ།
ཁྲི་ཀའི་ཆུ་ཁོལ།
ཆུ་ཁོལ་འདི་ནི་ཁྲི་ཀའི་རྫོང་མཁར་གྱི་ནུབ་ཕྱོགས་སུ་སྤྱི་ལེ15ཙམ་གྱི་མཚམས་ཏེ། མང་རྫོང་གི་ས་མཚམས་དང་འབྲེལ་བའི་ཨ་མྱེས་འབའ་ཙེའི་འདབས་རོལ་གྱི་བདེ་སྐྱིད་ལུང་བ་རུ་ཡོད་པས་མིང་ཡང་དེ་སྐད་དུ་ཐོགས། གནས་འདིའི་ས་བབས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི2400ཡིན། འདིར་རང་བྱུང་ཆུ་ཚན24ཡོད་ཅིང་། དེ་ལས་ཆུ་ཚན་གསུམ་ནི་བྲག་སྲུབས་ནས་ཐོན་གྱི་ཡོད་པ་དང་། ཆུ་ཚན་དེ་དག་ཚ་ཚད་ཆེས་མཐོ་བའི་སྐབས་སུ97℃ལ་སླེབས་སྲིད། མིང་རྒྱལ་རབས་ཀྱི་གོང་མ་མིང་ཐའེ་ཙུའུ་ཡི་ཧུང་ཧུའུ་ཁྲི་ལོ་བཅུ་གསུམ་པའི(སྤྱི་ལོ1380)སྐབས་ནས་བཟུང་། ཁྲི་ཀའི་ཆུ་ཁོལ་གྱི་ཕྱོགས་འདི་ནི་ལུས་ཕུང་བཀྲུ་ས་དང་། སྨན་བཅོས་བྱེད་ས། ལྟ་སྐོར་བྱེད་ས་བཅས་ཀྱི་གནས་མཆོག་ཅིག་ཏུ་གྱུར་ཡོད་ལ། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་སླེབས་སྐབས། གནས་འདི་ནི་ཁྲི་ཀའི་མཛེས་ལྗོངས་བརྒྱད་ནང་གི་གཅིག་ཏུའང་བརྩིས་ཡོད་པ་རེད། ཕྱིས་སུ་བདེ་སྐྱིད་ཆུ་ཁོལ་ནི་ཞིང་ཆེན་ཕྱི་ནང་ཀུན་ཏུ་རིམ་བཞིན་གྲགས་ཁྱབ་ཆེ་བའི་ཆུ་ཚན་ཞིག་ཏུ་གྱུར་པས་ན། ལོ་རེའི་དགུན་དཔྱིད་ཀྱི་དུས་སུ་གནས་འདིར་སྨན་གསོ་བྱེད་དུ་འོང་བའི་འགྲོ་བ་ནད་པ་ནད་མ་དུས་ད་ལྟའི་བར་དུའང་རྒྱུན་ཆད་མེད་དོ།།
ཁྲི་ཀའི་དམངས་ཁྲོད་དུ། མི་ཉག་དགུ་ཐོག་དང་ཐུགས་རྗེ་ཆེན་པོའི་ལྷ་ཁང་བོན་པོའི་གདོང་སྣ། འཇམ་དབྱངས་ས་པན་གྱིས་བཞེངས་པའི་ཁྲི་ཀའི་ཇོ་ཁང་། ལྷ་དཀར་པོ་རྒྱལ་བ་བྱམས་པ། ལྷ་བཙན་པོ་ཨ་མྱེས་ཡུལ་ལྷ། ནད་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོ་ཁྲི་ཀའི་ཆུ་ཁོལ་བཅས་ཀྱི་མཚན་སྙན་ནི་ས་ཉེ་རིང་ཀུན་ཏུ་ཁྱབ་ཡོད་པ་དང་། ལ་ལས་ཆུ་ཁོལ་མ་དེ་འཐུངས་ན་གང་ཟག་གང་གི་ནང་ཁྲོལ་ལ་ཕན་ཡོན་བླ་ན་མེད་པ་ཡོད་ཟེར་བ་དང་། ལ་ལས་ཆུ་དེས་བཀྲུས་ན་རྨ་རིགས་དང་གྲུམ་ནད་ལ་ཕན་ཆེ་ཟེར། ལ་ལས་མིག་ལ་སོགས་པའི་དབང་བོ་དག་ལ་ལྷག་ཏུ་ཕན་ཟེར། ཡང་ལ་ལས་སྨན་ཆུ་དེ་འཐུངས་ན་ལུས་ཁམས་དྭངས་ཤིང་སེམས་ཁམས་བདེ་བར་མ་ཟད། ཚེ་ཐག་ཀྱང་ཇེ་རིང་ལ་འགྲོ་ཐུབ་ཟེར། ལ་ལས་ཆུ་ཁོལ་སྔོན་སངས་རྒྱས་སྨན་བླས་བྱིན་གྱིས་བརླབས་ཡོད་པས་ནད་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོ་ཡིན་ཞེས་བཤད་སྲོལ་ཡོད་པའོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com