གློག་བརྙན«དབང་ཕྱོགས»ལ་བལྟས་རྗེས།

རྩོམ་པ་པོ།:དཔལ་ལྡན་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-12-26 15:06:02 ཀློག་གྲངས།:
ཉི་མ་སེར་པོ།
                —གློག་བརྙན«དབང་ཕྱོགས»ལ་བལྟས་རྗེས།
དཔལ་ལྡན་རྒྱ་མཚོ།
གཅིག ཉི་མ།
       བསམ་བློའི་ནང་ལ་སྨིན་ཡོང་བ་དེ་དག བརྩེ་དུང་ནང་ལ་ཚུད་མ་ཐུབ་པའི་གཏན་ཚིགས་ཀྱི་འགལ་འདུ། ཀུན་སྤྱོད་ཀྱི་སྣེ་ལ་ཐོགས་པའི་འཚོ་བའི་གདམ་ག གདམ་གའི་ཁྲོད་ཀྱི་ལང་ཚོའི་ཤུལ་རྗེས། རི་མོ་དེ་དག་གིས་གྲུབ་པའི་བརྙན་མིག་གི་འཇིག་རྟེན། འཇིག་རྟེན་གྱི་ལྟེ་བ་ཉི་མ་ཡིན། ཉི་མ་སེར་པོ་ཡིན།
       གློག་བརྙན«དབང་ཕྱོགས»ལ་མཚོན་ན། གློག་བརྙན་ཧྲིལ་བོའི་ཡུལ་གྱི་ཁ་དོག་ནི་ཆེས་མཇུག་མཐའི་མནའ་ཚིག་ཉི་མ་སེར་པོས་གསལ་དུ་བཏབ་ནས་ཡོད། ཉི་མ་སེར་པོ་ནི་མནའ་ཚིག་ཙམ་མ་ཡིན་པར་ཡུལ་གྱི་རིག་གནས་བག་ཆགས་ཀྱིས་བསྐྱེད་པའི་སླད་མེད་དག་གཙང་གི་རིག་གནས་ཀྱི་ཉམས་དང་མདངས་སུ་ཆེ། འཚོ་བའི་ཉིན་སྲིབ་ཀྱི་གྲང་འཁྱག་དང་མུན་པ་སེལ་བའི་བྱེད་ནུས་གལ་ཆེན་ཡིན། མཁའ་དབུགས་དྭངས་ཤིང་མི་སེམས་དག་པའི་སྣོད་བཅུད་བཅུད་ཀྱི་འཇིག་རྟེན་གཞན་ཞིག་ཡིན། འཚོ་གནས་ཉེན་འཚུབ་ཀྱི་རླུང་བུ་ལྡང་ལ་ཉེ་བའི་དུས་ཀྱི་འགྱུར་བག་གི་འབག་བཙོག་བསྒོ་ལ་ཡོད་པའི་ཟང་ཟིང་གི་ཁྱིམ་མཚེས་ཀྱང་ཡིན།
       གཏམ་རྒྱུད་ཀྱི་མཇུག་མཐའི་གདམ་ག་ནི་སྲོལ་རྒྱུན་དང་ཀུན་སྤྱོད་ཀྱིས་འཆིང་བ་ཅན་དུ་བྱས་མེད། ལོ་ཆུང་གི་བསམ་ཚུལ་ཡངས་པ་ཅན་དེ་དེང་རབས་འཚོ་བའི་འོས་སུ་བཅོལ་ཞིང་། བོད་མིའི་རིག་གནས་བག་ཆགས་ཀྱིས་ཟབ་པར་འཆིང་བའི་མནའ་གན་རིག་གནས་ལ་རྐྱེན་ཐོགས་པར་བྱས་ནས་གདམ་ག་བརྒྱབ་ཡོད། གདམ་ག་འདི་ནི་ལོ་ཆུང་ཕྱི་རབས་པ་ལ་དབང་པར་བྱས་ཡོད། ཉི་མ་ནི་འགྱུར་དུ་མེད་པ་ཡིན། ཉི་མ་ནི་འཛམ་གླིང་གི་མུན་པ་སྐྲོད་པའི་བདེན་པའང་ཡིན། དེ་བས་མཇུག་མཐར་ཉི་མ་དཔང་དུ་བཅོལ་ནས་མནའ་རྟེན་མཛད་ཡོད་ཅིང་། ཉི་མ་ནི་བདེ་སྐྱིད་འདྲེན་པའི་ཤིང་རྟའང་ཡིན། དེ་ལྟར། དབང་ཕྱོགས་ནི་ཉི་མ་ཤར་ས་ཡིན། ཉི་མ་སེར་པོ་ཤར་ས་ཡིན། དེ་ཡི་ཤུགས་བསྟན་དུ་ཆགས་པའི་མི་རབས་ཕྱི་མའི་ནམ་མཁའ་དང་ཉི་འོད་ལམ་ལམ་དྲོ་བའི་ཕྱིའི་ཁོར་ཡུག་དང་ནང་སེམས་ལྷན་དུ་སྦྲེལ་འདུག
གཉིས། དུས་ཚོད།
       དུས་ཀྱི་སྟེང་ནས་ད་ལྟའི་དུས་ལ་ཐོང་བཙུགས་ཏེ་མ་འོངས་དུས་ལ་ཡིད་གདབ་པའི་སྣེ་གཉིས་སུ་ཕྱེས་ཡོད། སྣེ་དེ་གཉིས་ལ་གཙོ་འཁྲབ་མི་སྣ་དང་དེའི་ཕ་རོལ་གྱི་མི་སྣ་མང་པོ་བསྐྱོན་ཡོད།
       བརྙན་མིག་ཆིག་རྐྱང་གི་ནང་ལ་གཏམ་རྒྱུད་སྣ་ཚོགས་ཀྱི་ཕྲ་བཏབ་པའི་མཛེས་པ་མཐོ་རུ་བཏེགས། དེ་ནི་ལག་རྩལ་སྟབས་བདེ་ལ་རྐྱེན་བཅོལ་བ་ཤ་སྟག་རེད། ཇི་ལྟར་སྟབས་བདེ་བར་བཅུག་པའི་བརྙན་མིག་ལས་དེའི་ཕ་རོལ་གྱི་རྙོག་འཛིང་གི་འཁོར་བའི་འདུ་འཛི་ཆེ་རུ་བསྐྱེད་ནས་སྟོན་ཐུབ་པར་འབད་ཡོད་དེ། སྨན་ཁང་གི་ནད་པ། ཀླད་བཀབ་མེད་པའི་ཁང་པ། ཚོགས་འདུའི་རྩོད་པ། ཆུང་མའི་ཉོ་བཅའ། ཕ་རྒན་གྱི་བཀའ་རྒྱ་བཅས་བརྙན་མིག་གི་གཟུགས་ཆིག་རྐྱང་བ་ལ་སྒྲ་སྣ་ཚོགས་ཀྱིས་བཏེགས་པའི་གློག་བརྙན་གྱི་མཛེས་ཚོར་སྐད་ཆའི་ཐབས་རྩལ་གྱིས་སྤུངས་ཅི་ཐུབ་བྱས་ཡོད་པར་སྙམ།
       གློག་བརྙན་ནི་གཏམ་རྒྱུད་ཀྱི་ས་བོན་ལས་བསྐྱེད་པའི་བསམ་བློའི་མེ་ཏོག་ཡིན་ལ། བརྩེ་དུང་གི་དྲི་མ་ཡང་ཡིན། བསམ་བློ་དང་བརྩེ་དུང་གི་འགལ་འདུ་འཁྲིགས་ས་ནི་གཏན་ཚིགས་དང་འཚོ་བའི་འགལ་འདུ་རེད། གློག་བརྙན་འདི་ལས་མངོན་པའི་ལོ་ཆུང་ཕྱི་རབས་པའི་ཨུ་ཚུགས་དང་སྔ་རབས་པའི་ཡུལ་སྲོལ་གཉོར་སྐྱོང་གི་སྣང་ཚུལ་གཉིས་ཀ་འགལ་ཟླར་བསླངས་ནས། དེ་ལས་ཀྱང་ཐབས་ཤེས་གསར་པ་ནི་ལམ་གསར་པ་ཡིན་པའི་ཚོར་འདུ་ཤུགས་སུ་བརྟེན་ནས་བསྒྲུབ་ཡོད། འགལ་འདུའི་གྲུབ་པ། ཐབས་ཤེས་ལྡན་པ། ཐག་གཅོད་ཡོད་པ། བྱུང་རིམ་ལྡན་པ། གདམ་ག་ཡོད་པ། བརྩེ་དུང་འཆང་བ་བཅས་ནི་གློག་བརྙན་གྱི་བྱད་བཞིན་མཛེས་པར་བརྒྱན་ཡོད།
གསུམ། ལམ་བུ།
       གློག་བརྙན་འདི་གཞུང་ལམ་རིང་པོ་ཞིག་གི་ལམ་ཐིག་སྟེང་ནས་འགོ་བརྩམས་ཤིང་མཇུག་གྲུབ་པར་བྱས་ཡོད། གཞུང་ལམ་གྱི་སྣེ་མཐའ་མི་མཐོང་བའི་ངོས་ལས་མི་ཚེའི་འགྲུལ་བཞུད་ཀྱི་གོམ་ཚེགས་རྒྱུན་མ་ཆད་པ་བྱས་ཤིང་། དེ་ལྟ་བུའི་འགུལ་སྐྱོད་མ་ལྷོད་པའི་སྣེ་ལ་གསོན་ཤུགས་ཀྱི་བརྟས་ཡོད་པ་ནི་འཚོ་བའི་དོན་སྙིང་གཞན་ཞིག་ཡིན། གཞུང་ལམ་གྱི་སྟེང་ན་རྒྱུག་བཞིན་པ་དང་མཉམ་དུ་དོན་དག་མང་པོའང་གཅིག་རྗེས་གཉིས་མཐུད་ཀྱིས་གཤིབ་ནས་ཡོང་གི་ཡོད། གཞུང་ལམ་གྱི་ངོས་སུ་བགྲོད་ཀྱིན་པའི་ཁེར་རྐྱང་གི་མི་དང་རླངས་འཁོར་ལས་སྣ་ཚོགས་བྱ་བའི་འདུ་ཟིང་གི་སྣེ་བཀྲོལ་བཞིན་པའི་འཚོ་བའི་གཏིང་གི་རི་མོ་བསྔོག་ནས་ཡོད། དེ་ལྟར་གློག་བརྙན་ཁྲོད་ལ་ལམ་བཏབ་པའི་དཀའ་ཚེགས་ཀྱི་སྣང་བརྙན་འབེབ་པ་ལ་པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་ལག་དམར་ཡོད་དེ། དེ་ཡི་ཁྲོད་དུ་སྦྱིན་པའི་དངོས་ཟོང་སྐྱེལ་འདྲེན་གྱི་རླངས་འཁོར་བསྐོར་ནས་མུ་མེད་བྱང་ཐམ་གི་མཚམས་སུ་ཆས་པའི་སྣང་བརྙན་ཡོད། དེ་ལྟ་བུའི་བརྙན་མིག་ལས་གཞུང་ལམ་གྱི་སྟེང་ལས་ལུག་གཅིར་བ་དང་འཁོར་ལོ་ཐེད་པ། སྦྱིན་པས་དཀའ་སྡུག་མྱོང་གིན་པའི་ཚེ་སྲོག་གི་འགག་རྩ་དང་འཁོས་ཆུང་ཉམས་ཞན་ལ་སོགས་པ་གཞུང་ལམ་གྱི་སྣེ་ལ་མི་ཚེའི་དཀའ་སྡུག་གི་འགྲུལ་བཞུད་བརྒྱུན་ནས་ཡོད་པ་ཡིན། མདོར་ན། ལམ་ནི་སོང་ན་རྫོགས་སུ་མེད་པའི་མི་ཚེའི་ལས་དབང་གི་གཏིང་མཐའ་ཡིན། འཚོ་བའི་དཀའ་སྡུག་གི་འགྲུལ་བཞུད་རིང་མོ་ཡིན་པའི་དན་རྟགས་ཀྱང་ངོ་།།
བཞི། སྐད་ཆ།
       སྐད་ཆར་བྱང་ཆ་དགོས་པ་ནི་སྒྱུ་རྩལ་བརྩམས་ཆོས་མཐའ་དག་གི་མ་མཐའི་དགོངས་པ་ཡིན། སྐད་ཆ་རྩམ་པ་རྫི་རྫི་བྱས་ནས་བཀོལ་ཐུབ་པ་དེ་གློག་བརྙན་ལས་རིམ་གྱི་ཆུ་ཚད་མཐོ་ཤོས་ཤིག་རེད། བོད་བརྙན་གང་ཡིན་ཡང་སྤྱི་མཐུན་གྱི་ཞན་ཆ་ཐུན་མོང་བ་ཞིག་ཡོད་པ་ནི་སྐད་ཆ་དཀག་འགྲོ་བ་དེ་རེད། འཁྲབ་སྟོན་མི་སྣའི་བར་གྱི་སྐད་ཆའི་བར་མཚམས་བཀྱེད་པས་སྦྲེལ་མཐུད་ཀྱི་ལམ་བུ་དོག་པོར་གྱུར་འགྲོ་བའི་སྣང་ཚུལ་རེད།
       གློག་བརྙན་ཁྲོད་ཀྱི་སྐད་ཆ་ནི་བརྙན་མིག་ལ་འཁེན་ཅི་ཐུབ་བྱས་པ་ཅན་དུ་ཡོད་ནའང་། མི་སྣ་བྱེ་བྲག་པའི་སྐད་ཆའི་བརྩེ་དུང་གི་རང་བཞིན་དང་ཡུལ་ཁམས་རང་བཞིན་ནི་རིག་གནས་ཀྱི་སྣང་ཚུལ་འགྲེམས་ཚུལ་གཞན་ཞིག་ཡིན་པས། སྐད་ཆའི་དག་གཙང་དང་མཛེས་རྟོག་གི་ཚོར་བས་མི་སྣའི་གཤིས་ཀ་མངོན་པར་མཚོན་ཐུབ་པ་ཡིན། གློག་བརྙན་འདིར་བརྙན་མིག་གིས་འཚོས་བའི་གཙོ་འཁྲབ་མི་སྣའི་གཅིག་པོ་ལས་གཞན་དག་ནི་མི་སྣའི་སྐད་ཆའི་ལབ་གླེང་གི་ཁྲོད་ནས་འགྲུབ་པར་བྱས་ཡོད། ལྷག་དོན་གློག་བརྙན་ནང་གི་གཟུགས་ཡོད་གཟུགས་མེད་ཀྱི་མི་སྣ་དེ་རྣམས་ཚང་མ་སྡེ་བ་གཅིག་ཏུ་ཡོད་པའི་སྐད་འཕྲིན་ཚོགས་པ་གཅིག་ཏུ་བྱས་པ་ཡིས། མི་སྣའི་སྐད་ཆ་དང་ཚིག་འགྲོས། བརྡ་སྤྲོད་ལ་སོགས་པ་གཅིག་གྱུར་གྱི་གོང་བུར་ཆགས་པས་ཀྱང་གློག་བརྙན་སྤྱིའི་རྣམ་པ་ལ་སྟོབས་ཀྱིས་ཁེངས་པར་བྱས་པའི་ཉམས་ཀྱིས་ཕྱུག
       གློག་བརྙན་འདིའི་བརྗོད་སྙིང་མ་ལུས་བརྙན་མིག་སྟུང་སྟེ་རྗོད་པའི་ལམ་ནས་འགྲུབ་པར་བྱས་ཡོད། འདི་ལྟ་བུའི་ཐབས་རྩལ་གྱིས་ཕྱུག་པའི་གློག་བརྙན་གཞན་ཏུའང་ཡོད་དེ། དབྱིན་ཇིའི་གློག་བརྙན་འཁྲབ་ཁྲིད་པ་མ་ཐཱི་ཁའོ་བྷེའི(Mat Kirkby)གློག་བརྙན་ཐུང་གྲས«The Phone Call»[2015ལོར་སྐབས87པའི་ཨའོ་སི་ཁའི་གསེར་བརྙན་བྱ་དགའ་དངོས་བྲིས་མི་སྣའི་བརྙན་ཐུང་རྩེ་གྲའི་བྱ་དགའ་ཐོབ།ལས་བགྲེས་སོང་ཞིག་གིས་རང་སྲོག་བཅད་ནས་འཆི་ཁ་མའི་དུས་ཡུན་གྱི་རིང་ལ་ཕ་རོལ་བུ་མོ་ཞིག་དང་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་སེམས་གཏམ་མ་ལུས་སྐད་ཆའི་ལམ་ནས་འགྲུབ་པར་བྱས་ཤིང་། འཆི་བའི་འཇིགས་སྣང་ལས་གྲོལ་བར་བྱས་པའི་མིའི་སེམས་རྒྱུད་ཀྱི་བརྩེ་བའི་སྐད་ཆ་དང་འཇིག་རྟེན་གྱི་ཉི་འོད་གཉིས་མཉམ་དུ་སྡེབ་ནས་འཇིག་རྟེན་མི་ཡུལ་དང་བྲལ་བའི་སྣང་ཚུལ་མ་ལུས་འོད་ལམ་ལམ་གྱི་སྐད་ཆའི་ལམ་ནས་བཀྲམས་ཡོད་པ་ལྟ་བུ།
ལྔ། སྐྲ་ལོ།
       སྐྲ་ལོ་ནི་སྣང་བའི་བརྡ་རྟགས་ཤིག་རེད། ལང་ཚོའི་སྟོབས་ཤུགས་ཟད་དུ་མེད་པའི་མཚོན་རྟགས་ཤིག་རེད། གློག་བརྙན་འདི་རུ་མངོན་པའི་ལོ་ཆུང་གི་སྐྲ་ལོ་ནི་སྣང་བ་ཡིན་ལ་ལང་ཚོའང་ཡིན། དེ་ལས་ཀྱང་མི་བུའི་རང་དབང་དང་རྩིས་ཐང་རེད། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང«སྐྱབས་ལོ་དང་ཁོའི་རལ་བ»ལས། སྐྱབས་ལོ་ནི་ཅི་ཡང་མེད་པའི་འཁྱམ་པོ་ཞིག་ནས་གློ་བུར་དུ་གློག་བརྙན་ནང་གི་རྒྱལ་པོར་གྱུར་བ་དང་། རིག་གནས་ཁང་གི་ལས་བྱེད་མི་སྣར་གྱུར་བ་སོགས་ཀྱི་འགྱུར་བ་མཐའ་དག་ཁོའི་རལ་བ་དང་འབྲེལ་བ་ཡོད་ཅིང་། མཐའ་མར་གོ་གནས་ལས་ཐོབ་འཕར་ཆེད་དུ་རལ་བ་བྲེགས་པ་ནས་སྤྱིར་བཏང་དུ་གྱུར་བའི་གོ་རིམ་ལས་མི་གཤིས་ཀྱི་འགྱུར་བ་གང་དེའི་རིག་གནས་ཀྱི་འགྱུར་བའི་སྟེང་ལ་བསྒོས་པའི་ཟུར་དང་ལེབ་ཀྱང་མཐོང་བར་བྱས་ཡོད། དེ་བཞིན་གློག་བརྙན«ཐར་ལོ»ལས་ཀྱང་དེ་ལྟར་ཡིན། དེ་དག་ལས་ཐོབ་ཤོར་གཉིས་ལས་ཤོར་བ་མཚོན་པར་བྱས་ཡོད་ནའང་། གློག་བརྙན་འདི་ལས་གཙོ་འཁྲབ་མི་སྣའི་ཆུང་མས་སྐྲ་ལོ་བཞར་དགོས་ཚུལ་བཤད་འདུག་ཀྱང་། མཇུག་མཐར་སྐྲ་ལོ་བཞར་ཟིན་པའི་ཤུལ་རྗེས་གང་ཡང་མེད། དེ་ནི་ཐོབ་ཤོར་གཉིས་ལས་ཐོབ་པའམ་དབང་བ་ལ་གཞོལ་ཆེ་བའི་འཚོལ་སྙེག་གི་འདུན་པ་མངོན་སྟངས་ཤིག་དང་། གློག་བརྙན་འདིའི་ཁྲོད་དུ་དམིགས་བསལ་གྱིས་ཡོད་པའི་རང་དབང་དང་བདེན་པར་བརྩོན་ལེན་བྱེད་སྟངས་ཀྱི་སྒུལ་ཤུགས་ཆེ་ཤོས་དེའང་ཡིན་སྙམ།
དྲུག མི་སྣ།
       སྤྱིར་བཏང་གློག་བརྙན་ཁྲོད་ཀྱི་མི་སྣ་ནི་བརྙན་མིག་བརྒྱུད་ནས་མིག་གི་སྤྱོད་བྱར་ཡིན་མོད། གློག་བརྙན་འདི་ལས་མི་སྣ་གཅིག་གི་མཐོང་སྣེ་མངོན་པར་བཟུང་སྟེ་གཞན་དག་གབ་པའི་ཟོལ་གྱིས་སྐད་ཆའི་ལམ་ནས་སྣང་བརྙན་མཐོངས་སུ་ཐོན་པར་བྱས་པ་ཅན་དུ་ཡོད། གློག་བརྙན་ནི་སྒྲ་གཟུགས་ཀྱི་རི་མོ་བསྣོལ་མར་སྡེབས་པའི་མཛེས་པ་མངོན་སྟངས་ཁྱད་དུ་ཡོད་པ་ཅན་ཡིན་པས། གློག་བརྙན་འདིའི་ནང་གི་མི་སྣ་གཞན་རྣམས་ཏེ། སྡེ་དཔོན་དང་ཨ་ཕ། གྲོགས་པོ། ཨ་ནེ། ཆུང་མ་ལ་སོགས་པའི་སྣང་བརྙན་དེ་རྣམས་བརྙན་མིག་གི་གཟུགས་ཀྱི་ལམ་ནས་བསྟན་མེད་པར་གཙོ་འཁྲབ་མི་སྣའི་ངག་གི་སྣེ་མོར་སྒྲ་ཡི་ལམ་ནས་མཐུད་དེ་ཡོད། རྒན་པ་དང་ལོ་ཆུང་། དར་མ་དེ་དག་རེ་རེ་བཞིན་སྐད་གདངས་ཀྱི་འགྱུར་བ་དང་སྐད་ཆའི་བརྩེ་དུང་གི་དྲག་གཉོམ་ལས་མི་སྣའི་ནང་སེམས་ཀྱི་འགྱུར་བ་དང་གཤིས་ཀ་མངོན་དུ་མཚོན་པར་བྱས་ཡོད། དེ་དག་ནི་གློག་བརྙན་གྱི་བརྙན་མིག་ནང་ལ་འདུ་བར་བྱས་མེད་ཀྱང་མི་སྣའི་སྐད་ཆའི་ལམ་ནས་སོ་སོར་འགྲུབ་པར་བྱས་ཡོད། མི་སྣའི་སྣང་བརྙན་གྱི་ཞིབ་དཔྱོད་གཏོས་ཆེ་བ་དེ་འདྲ་ཞིག་འཁྲབ་ཁྲིད་པས་རིག་ལམ་ཐབས་རྩལ་ལ་བརྟེན་ནས་སྟུང་བར་བྱས་པར་ཡང་དགེ་མཚན་ཆེ།
བདུན། གཞིས་ཁྱིམ།
       ལམ་གྱི་དཀའ་ཚེགས་སངས་ས་ཁྱིམ་ཡིན། ཁྱིམ་དུ་ལོག་པའི་མཛེས་སྡུག་ནི་རང་དབང་སྙེག་ཚུལ་གྱི་གོ་བ་གཞན་ཞིག་སྟེ། ཨ་ཧྥན་ཏ་ཆུ་ཡི་གཡུལ་འགྱེད«Avatar:The Way of Water»ལས་ཀྱང་རང་ཁྱིམ་སྲུང་བའི་རྩིས་ཐང་གི་སྡེ་ཚན་ཆུང་ངུར་བཏབ་ཡོད་པ་དང་། འགྲོ་བ་མི་དང་བཅས་གང་ཡིན་ཡང་འཇིག་རྟེན་འདི་དང་འཐབ་པ་སྟོང་ལས་རྙེད་པ་ནི་རང་ཁྱིམ་ཡིན་པའི་དགེ་རྩ་དམིགས་སུ་སྦྱར་ནས་ཡོད་པ་མཐོང་། སྒྱུ་རྩལ་བརྩམས་ཆོས་མཐའ་དག་ནི་མིའི་ལས་དབང་དང་ཚེ་སྲོག་གི་རང་གཟུགས་སུ་ཡོད་པས་ན། བརྙན་མིག་འདིའི་མཇུག་བསྡུ་བ་ལ་ལོ་ཆུང་གིས་རླངས་འཁོར་བསྐོར་ནས་རང་ཁྱིམ་དུ་འབྱོར་བར་བྱས་ཡོད། ངལ་གསོའི་བསྟི་གནས་བྱ་ཆོག་ལ་འཁོར་བའི་སྒུལ་རྩར་སྦྲེལ་ཆོག་པའི་རང་ཁྱིམ་ནི་མི་ཚེའི་བྱ་བའི་འགོ་རྩོམ་ས་དང་མཇུག་སྒྲིལ་ས་ཡིན་པའི་དཔང་དུ་བཅོལ་འདུག
བརྒྱད། ཁ་དོག
       གློག་བརྙན་འདིའི་སྤྱིའི་ཁ་དོག་ནི་དཀར་པོ་དང་ནག་པོའི་གྲུབ་ནས་ཡོད། གཞུང་ལམ་ནག་པོ་དང་འཇེབ་འཁོར་ནག་པོ། ལམ་གྱི་ལུག་ཁྱུ་དཀར་པོ་དང་ནམ་མཁའི་སྤྲིན་དཀར་ཕོན་པོ་བཅས་ཀྱི་ཁ་དོག་གི་སྐུད་སྣེ་གཉིས་སུ་ཕྱེས་པ་ཤིན་ཏུ་གསལ། དེ་ནི་གློག་བརྙན་གྱི་རིག་གནས་རིན་ཐང་ཡིན། མཛེས་རྟོག་གི་རིན་ཐང་ཡང་འདུས་ནས་ཡོད། མཐར་དེད་ན་གློག་བརྙན«ཐར་ལོ»འི་མདོག་དང་ཉེ། ཡང་ན་བོད་མིའི་དགེ་སྡིག་དད་སེམས་ཀྱི་ཁ་ཐག་དང་ཤིན་ཏུ་ཉེ་བའོ།།
དགུ། གླུ་དབྱངས།
       ནམ་མཁའ་ཡངས་པའི་བྱ་ལམ་གོང་མ་ན། །གཤོག་འགྱུར་རྩེན་པའི་བྱིའུ་ཆུང་འཕུར་ཤེས་ཤིག །བར་སྣང་སྤུ་གྲིས་གཤོག་སྣེ་མི་གཞོག་རོགས། །ཐང་དཀར་རྒོད་པོ་ཞིག་གི་སྐྱེ་རྒྱུད་ཡིན། །
2022/12/24ཉི་གྲོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།