༄༅།།གློག་བརྙན《དབུགས་ལྒང》ནི་ཨེ་ཤ་ཡའི་གློག་བརྙན་བྱ་དགའ་ཆེན་མོ་བཞིའི་འོས་མིང་དུ་ཚུད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:པདྨ་ཚེ་བརྟན་གྱི་འཕྲིན་སྟེགས། དུས་ཚོད།:2020-09-10 08:49:18 ཀློག་གྲངས།:
ཨེ་ཤ་ཡའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཆེན་མོ་སྐབས་བཅུ་བཞི་བས་དེ་རིང་བྱ་དགའ་ཆེན་མོའི་རྣམ་གྲངས་བཅུ་དྲུག་གི་ནང་དུ་ཚུད་པའི་མིང་ཐོ་སྤྱི་བསྒྲགས་བྱས་པ་ལས། པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་བ《དབུགས་ལྒང》ཞེས་པར་བྱ་དགའ་ཆེན་མོ་བཞིའི་འོས་མིང་དུ་ཚུད་འདུག་པས། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་ཀུན་གྱིས་དོ་སྣང་བྱེད་བཞིན་པའི་གློག་བརྙན་གྲས་ཀྱི་གཅིག་ཡིན།
འཁྲབ་ཁྲིད་པ་རྩེ་གྲ།
གློག་བརྙན《དབུགས་ལྒང》ནི་པེ་ཅིང་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་དང་གུང་ཁྲང་ཏཱ་མིན(ཐེན་ཅིན)གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་དུ་བསྒྲུབས་ཤིང་། པེ་ཅིང་ཅིའུ་ཀྲོའུ་དབུས་ཁུལ་གྱི་ཨང་ཀིའི་གློག་བརྙན་ཁང་ཚད་ཡོད་ཀུང་ཟི་དང་། ཨའེ་ཆིའི་སྒྱུ་རྩལ་ལས་རིགས(པེ་ཅིང)ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པ་ཞིག་ཡིན། ཁྲི་ཅོ(Rediance)ཡིས་ཕྱི་རྒྱལ་དུ་འགྲེམ་སྤེལ་བྱ་བའི་ལས་ཚབ་ཀྱི་འགན་ཁུར་ཡོད།
པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་གསར་བ《དབུགས་ལྒང》ལ་ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་འཁྲབ་ཁྲིད་པ་རྩེ་གྲའི་འོས་མིང་དུ་ཚུད། བརྩམས་ཆོས་འདི་ཉིད་ལ་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་གསུམ་པའི་སྟེང་དུའང་གློག་བརྙན་སྨྱན་སྦྱོར་ཚན་པས་དོ་སྣང་ཆེ་ཤོས་བྱེད་པའི་འཁྲབ་ཁྲིད་པའི་བྱ་དགའ་ཐོབ་མྱོང་།
ལས་རིགས་དུས་དེབ་གྲགས་ཅན《བརྙན་ཡོལ》(Screen)ཞེས་པས་བརྩམས་ཆོས་དེར་བསྟོད་བསྔགས་འདི་ལྟར་བྱས་ཡོད་དེ། སྙན་ངག་གི་ཉམས་འགྱུར་དང་མཚན་ཉིད་རིག་པའི་བསམ་གཞིགས་གཉིས་མཉམ་བསྲེས་བྱས་ཡོད་པ་མ་ཟད། ཀོའོ་ཆིའི་མཛེས་དཔྱོད་སོགས་དངོས་ཡོད་འཚོ་བར་གཞི་གཅིག་ཏུ་འདྲེས་ཡོད་པས། པད་མ་ཚེ་བརྟན་ནི་ཕུལ་དུ་བྱུང་བའི་འཁྲབ་ཁྲིད་པ་ཞིག་རེད།”
འཁྲབ་གཞུང་རྩེ་གྲ།
འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་འདི་ལ་ཀྲི་ཅ་ཀོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ང་ལྔ་བའི་སྟེང་དུ་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ་མྱོང་བ་མ་ཟད། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་གསུམ་པའི་སྟེང་དུའང་གློག་བརྙན་འཕྲིན་ལམ་གྱི་སྨྱན་སྦྱོར་སྡེ་ཚན་ལས་སྨྱན་སྦྱོར་དོ་ཁུར་ཆེ་ཤོས་བྱེད་པའི་འཁྲབ་གཞུང་གསར་རྩོམ་དུ་བདམས་པ་ཡིན་ལ། ཐེངས་འདིའི་ཨེ་ཤེ་ཡའི་གློག་བརྙན་བྱ་དགའ་ཆེན་མོའི་ནང་དུའང་ཡང་བསྐྱར་འཁྲབ་གཞུང་རྩེ་གྲའི་བྱ་དགའི་འོས་མིང་དུ་ཚུད། དོ་ཁུར་ཤུགས་ཆེན་བྱེད་བཞིན་པའི་གློག་བརྙན《རྨི་ལམ་གྱི་མཁར་རྫོང》དང་།《གཞན་རྟེན་སྲིན་འབུ》།《བསྐལ་བ་མ་སྟོངས་བར》《ཉི་འོད་ཕྱོགས་ཀུན་འཕྲོ》ཞེས་པའི་ཕུལ་དུ་བྱུང་བའི་འཁྲབ་གཞུང་འདི་དག་དང་མཉམ་དུ་ཆེས་མཐོ་བའི་གཟི་བརྗིད་བརྩོན་ལེན་བྱེད་པར་བདེན་དཔང་བྱས་ཡོད།
བརྙན་ལེན་པ་རྩེ་གྲ།
འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་ལྷན་དུ་བསྟུད་མུར་ཐེངས་གཉིས་ལ་གསེར་རྟ་རྟགས་མའི་འོས་མིང་དུ་ཚུད་པའི་བརྙན་ལེན་པ་གྲགས་ཅན་ལུའི་སུང་ཡེ་ལའང་ཐེངས་འདིའི་དུས་སྟོན་སྟེང་བརྙན་ལེན་པ་རྩེ་གྲའི་འོས་མིང་དུ་ཚུད་ནས་གཟི་བརྗོད་གསར་བ་བསྐྲུན་ཡོད།  ཉེ་བའི་ཆར་ཡང་བརྙན་ལེན་པ་ལུའི་སུང་ཡེ་ཡིས་ཚད་མཐོ་བའི་བརྙན་ལེན་ལག་རྩལ་ལ་བརྟེན་ནས་ཐའེ་ཝན་གྱི་གསེར་རྟ་རྟགས་མའི་བརྙན་ལེན་པ་རྩེ་གྲའི་འོས་མིང་དུ་ཚུད་མྱོང་ལ། ཨོ་སི་ཁྲུ་ལི་ཡའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གློག་བརྙན་དུས་སྟོན་སྐབས་ང་གཉིས་པའི་སྟེང་བརྙན་ལེན་པ་རྩེ་གྲའི་དམིགས་བསལ་བྱ་དགའ་བཅས་ཐོབ་མྱོང་།
ཆེད་ལས་ཀྱི་བྱང་ཚད་ལྡན་ཞིང་དངོས་དོན་གྱིས་འཁྲབ་རྩལ་ལ་མཁས་པའི་འཁྲབ་སྟོན་པ་སྦྱིན་པ་ནི་ཐེངས་འདིའི་ཨེ་ཤ་ཡའི་གློག་བརྙན་དུས་སྟོན་ཁྲོད་དུ་པདྨ་ཚེ་བརྟན་གྱི་བརྩམས་ཆོས་གསར་བ《དབུགས་ལྒང》ཞེས་པ་བརྒྱུད་ནས་སྐྱེས་པའི་རམ་འདེགས་འཁྲབ་སྟོན་པ་རྩེ་གྲའི་འོས་མིང་དུ་ཚུད། ཡར་སྔོན་དུའང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་གྲགས་ཅན《ཐར་ལོ》དང་《ལག་དམར》ཁྲོད་དུའང་འཁྲབ་སྟོན་བྱས་མྱོང་ཡོད།
སྐྱེས་པའི་རམ་འདེགས་འཁྲབ་སྟོན་པ་རྩེ་གྲ།
འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་འདི་ལ་སྔར་ཕིན་ཡའོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག“རྩེ་གྲའི་གློག་བརྙན་འགྲེམས་སྟོན”ཞེས་པའི་སྡེ་ཚན་འོས་མིང་དུ་ཚུད་ཅིང་། གཟིགས་འབུལ་ལེགས་གྲུབ་བྱུང་རྗེས་རྒྱལ་ནང་དུ་དགའ་བསུ་ཚད་མེད་ཐོབ་པར་མ་ཟད། ཏའོ་པིན་གློག་བརྙན་དཔྱད་བརྗོད་དྲ་བ་ལས7.8ཟིན་པའི་དཔྱད་གྲངས་མཐོ་ཤོས་བརྒྱབ་ཡོད།《དབུགས་ལྒང》མི་འགྱང་བར་ཧྥ་རན་སི་དང་། སུའེ་ཙེར། པི་ལི་ཧྲི། ཧོ་ལན། ལུའུ་ཏེན་པའོ། འཇར་པན།དབྱིན་ཇི། ཞུང་ཡ་ལི་སོགས་རྒྱལ་ཁབ་དང་ས་ཁུལ་དུ་འགྲེམས་སྤེལ་བྱེད་པར་གཏན་འཁེལ་བྱས་ཟིན། མིག་སྔར་རྒྱལ་ནང་དུ་མགྱོགས་མྱུར་གྱིས་གཟིགས་འབུལ་བྱེད་པའི་དུས་ཚོད་གཏན་འཁེལ་བྱ་རྒྱུར་རེ་སྒུག་བྱས་ཡོད།
འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་ཨེ་ཤེ་ཡའི་གློག་བརྙན་བྱ་དགའ་ཆེན་མོ་ཐོབ་པའི་ལས་འབྲེལ་དེ་དངོས་གནས་རྒྱུན་རིང་བ་ཞིག་ཡིན། 2019ལོར། པད་མ་ཚེ་བརྟན་ལགས་ཀྱིས་གློག་བརྙན《ལག་དམར》ཞེས་པར་བརྟེན་ནས་གློག་བརྙན་དང་། འཁྲབ་ཁྲིད་པ། བརྙན་ལེན་པ། གསར་གཏོད་རོལ་དབྱངས་རྩེ་གྲ་བཅས་ཡིན་པའི་བྱ་དགའི་རྣམ་གྲངས་བཞིའི་འོས་མིང་དུ་ཚུད།  ཐེངས་འདིར་ཡང《དབུགས་ལྒང》ཞེས་པའི་གློག་བརྙན་གསར་རྩོམ་འདི་བརྒྱུད་ནས་འཁྲབ་ཁྲིད་པ་དང་། འཁྲབ་གཞུང་། བརྙན་ལེན་པ། སྐྱེས་པའི་རམ་འདེགས་འཁྲབ་སྟོན་པ་རྩེ་གྲ་བཅས་ཡིན་པའི་བྱ་དགའ་ཆེན་མོ་བཞིའི་རྣམ་གྲངས་འོས་མིང་དུ་ཚུད་འདུག

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།