༄༅།།《ཆུ་ལྷམ་ཆུང་ཆུང》ལ་བལྟས་རྗེས་ཀྱི་མྱོང་སྣང་།
རྩོམ་པ་པོ།:རུ་མང་ཀླུ་མཁར་རྒྱལ། རུ་མང་སྙིང
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2020-09-07 10:10:03
ཀློག་གྲངས།:

གློག་བརྙན་འདི་ཆེས་དང་ཐོག་སྟོན་མགོ་ཚུགས་པ་ནས་བཟུང་ང་ལ་ཧ་ཅང་སྙིང་ཉེ་བའི་ཚོར་བ་ཞིག་བསྩལ་བྱུང་། དེ་ཡང་ཁོ་བོ་སློབ་ཆེན་དུ་འགྲིམས་པ་ནས་བཟུང་དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ། གཞི་རིམ་དཔའ་ལུང་ས་ཁུལ་དུ་སློབ་ཁྲིད་དང་ཡུལ་དངོས་ལྟ་ཞིབ་སོགས་སུ་ཐེངས་ལྔ་ལྷག་ལ་བསྐྱོད་མྱོང་ཡོད་པས་དཔའ་ལུང་གི་ཡུལ་ལུང་དང་སྐད་ཆ་སོགས་ལ་འདྲིས་ཆ་མི་དམན་པ་ཡོད། ད་རེས་ཀྱི་གློག་བརྙན་ཕབ་སྐྲུན་བྱ་ཡུལ་ནི་གནའ་བོའི་གྲོང་ཚོའི་གཟི་མདངས་མ་ཉམས་པའི་དཔའ་ལུང་རྟ་བརྒྱའི་ཡུལ་ཕྱོགས་ཡིན་ཞིང་གཏམ་རྒྱུད་ཀྱི་བྱུང་རིམ་རིམ་པར་སྤེལ་བ་ལ་ཕྱིའི་ཁོར་ཡུག་གི་ཆ་རྐྱེན་ཤིན་ཏུ་འཛོམས་ནས་ཡོད། མི་སྣ་གཙོ་བོ་དབང་གྲགས་ཀྱི་ལྷད་མ་འདྲེས་ཤིང་ལྷོད་ཤ་ལྡན་འི་དཔའ་ལུང་གི་ཡུལ་སྐད་བཤད་སྟངས་དེས། ཁོ་བོའི་ཡིད་ལ་རང་དབང་མེད་པར་དཔའ་ལུང་གི་བྱིས་པ་གང་མང་ཞིག་གི་ངོ་གདོང་རེ་རེ་བཞིན་འཆར་བར་བྱས་སོང་། གཞི་རིམ་ནས་དུས་རྒྱུན་བྱིས་པ་ཚོ་དང་འབྲེལ་འདྲིས་བྱེད་དུས་ཁོ་ཚོའི་འཛུམ་ཆུང་གྲོལ་བའི་ངོ་གདོང་ལས་དྭངས་གཙང་དང་བབ་ཆགས། ལྷོད་ཡངས། སེམས་དཀར། བསླད་ཞུགས་མེད་པའི་ང་ཚོ་ཆུང་དུས་ཀྱི་གཟུགས་བརྙན་མཐོང་ཐུབ་ཅིང་། ནང་སེམས་ཀྱང་སྐྱོན་གྱིས་མ་གོས་པའི་ཞོ་གསར་བཞིན་ནག་ནོག་གིས་གཏན་ནས་གོས་མེད་པ་གསལ་བོར་རྟོགས་ཐུབ། བྱིས་པ་ཚོའི་རྨི་ལམ་ནི་ཧ་ཅང་དྭངས་གཙང་དང་ཧ་ཅང་མགུ་སླ་བ་ཞིག་ཡིན་ཏེ། ཁོ་ཚོར་ཞ་སྨྱུག་ཅིག་གི་རྨི་ལམ་དང་འབྲི་དེབ་ཅིག་གི་རྨི་ལམ། སྨྱུག་སྒམ་ཞིག་གི་རྨི་ལམ། རྩེད་སྤྱད་ཅིག་གི་རྨི་ལམ། དཔེ་ཁུག་ཅིག་གི་རྨི་ལམ། ཐ་ན་གོན་པ་ཞིག་གི་རྨི་ལམ་སོགས་ང་ཚོ་མི་རྒན་དག་གིས་བལྟས་ན་ཤིན་ཏུ་ཆུང་ཆུང་དང་རིན་དོད་ཆེ་བ་ཞིག་མིན་ཀྱང་། ཁོ་ཚོའི་སེམས་ནང་དུ་མི་ཚེར་གང་བོར་བརྗེད་མི་བྲ་བའི་བག་འཁྱོས་སམ་ལུས་སེམས་ཀྱི་བདེ་ཐང་ལ་ཤན་ཤུགས་ཐེབས་སྲིད་པའི་རེ་འདོད་ཡིན་ཏེ། གློག་བརྙན་གྱི་བརྙས་རིས་ལས་དབང་གྲགས་ཀྱིས་ཆེས་ཐོག་མར་ཨ་ཅེ་ལྷ་མོའི་ཆུ་ལྷམ་གྱོན་ནས་ཆུ་ནང་དུ་བརྒལ་དུས་ཀྱི་སྐྱིད་སྣང་དང་། རྗེས་སོར་ཁོ་རང་ལ་ཆུ་ལྷམ་ཡོད་པར་གྱུར་བ་ན་ཉིན་རྒྱུན་ཨ་ཅེ་ལྷ་མོ་ཁོ་རང་འབོད་པར་ཡོང་བ་ཡིན་ཡང་། ཉིན་དེར་ཁོས་སྔ་མོ་ནས་ཆུ་ལྷམ་གྱོན་ཏེ་ནངས་ཇའང་མ་འཐུང་བར་ཨ་ཅེ་ལྷ་མོ་འབོད་དུ་སོང་བ་སོགས་ལས་གསལ་བོར་མངོན་ཡོད།

དབང་གྲགས་ལ་ཆུ་ལྷམ་མེད་པར་སློབ་གྲོགས་ཚོའི་ངོ་མཚང་དང་འཕྱ་སྨོད་ཐེབས་ཤིང་དགེ་རྒན་གྱིས་ཆར་ལྷམ་གྱོན་དགོས་པའི་སྐུལ་ལྕག་བཏང་བ། ཕྱིར་ཁྱིམ་དུ་ལྡོག་པའི་ལམ་བར་ནས་ཆར་ནང་དུ་འགྱེལ་བ་སོགས་ཀྱིས་ཆུ་ལྷམ་ཆུང་ཆུང་ཞིག་ཉོ་བར་འདོད་པའི་འདོད་ཚུལ་ཆེས་ཐོག་མར་ཨ་མ་ལ་བརྗོད་ཀྱང་ཨ་མས་རང་ལག་ན་སྒོར་མོ་མེད་པས་ཨ་ཕ་ལ་བཤད་དགོས་པར་བསྟན། དེའི་རྗེས་དབང་གྲགས་ཀྱིས་སྐྲག་སྣང་ཆེན་པོ་དང་ཐེ་ཚོམ་ངང་ནས་ཨ་ཕ་ལ་ཆུ་ལྷམ་ཉོ་དགོས་པའི་རེ་འདོད་བརྗོད་དུས། ཨ་ཕས་ཁྱིམ་ལ་དཀའ་ཁག་ཆེ་བ་དང་སྡེ་བའི་ཚོང་ཁང་ན་ཉོ་རྒྱུ་མེད་པ། ཐེངས་སྔོན་མར་ལྕགས་ཀྱི་སྦལ་བ་ཉོས་སོང་ཞེས་རྒྱུ་མཚན་སྣ་ཚོགས་བཙལ་ཅིང་བྱིས་པ་གཅེས་ལང་དུ་གཏོང་མི་རུང་ཞེས་ཁས་མ་བླངས། ཉིན་ཞིག་ཨ་ཅེ་ལྷ་མོ་དང་དབང་གྲགས་གཉིས་སློབ་གྲྭར་འགྲོ་བར་རྩོམ་དུས་སྡེ་བའི་ནང་དུ་ཚོང་བ་ཐོན་པས་དབང་གྲགས་ཀྱིས་ཨ་ཅེ་ལྷ་མོར་རྫུན་ཞིག་སྒྲིག་རོགས་བྱེད་དུ་བཅུག་སྟེ་རང་ཉིད་སློབ་གྲྭར་མ་ཕྱིན་པར། ཨ་མ་བོས་ཏེ་ཆུ་ལྷམ་ཆུང་ཆུང་ར་ལྤགས་ལ་བརྗེས་ཏེ་ཉོ་རྩིས་བྱས། སྟབས་ཉེས་པ་ཞིག་ལ་ཨ་མ་དང་ཁོ་གཉིས་ཚོང་བའི་གམ་དུ་འབྱོར་དུས་ཆུ་ལྷམ་གཞན་གྱིས་ཉོས་ཚར་འདུག དེའི་རྗེས་སུ་སྟོན་བསྡུ་ལ་ཉེ་བར་ཐུག་པས་དུས་བབ་དང་དབང་གིས་དབང་གྲགས་ཀྱི་ཨ་ཕས་ར་ལྤགས་དེ་ཟོར་བ་ལ་བརྗེ་དགོས་པར་སྐུལ་བས་དབང་གྲགས་ཀྱི་རེ་བ་ཡོངས་སུ་འཇོམས་པར་བྱས་མོད། ཨ་མས་ཆུ་ལྷམ་ཆུང་ཆུང་དང་ཟོར་བ་གཉིས་ལས་ཆུ་ལྷམ་གདམ་གསེས་བྱས་པས(མ་དྲིན་མོ་ཆེ་ཞིག་གི་བྱམས་བརྩེ་ཆེན་པོ་དང་མ་ཡི་སློབ་གསོའི་ཟུར་ཅིག་ཀྱང་བསྟན་པ་ཅི་ལ་མིན)དབང་གྲགས་ལ་ཆུ་ལྷམ་ཡོད་པར་གྱུར། དབང་གྲགས་ལ་ཆུ་ལྷམ་ཡོད་པར་གྱུར་བ་ནས་ཆར་ཐིགས་པ་ཙམ་ཡང་མ་བབས་པར་ཆར་བ་འབབ་པར་རེ་ལྟོས་ཆེན་པོ་བྱས་ཏེ། ཨ་ཅེ་ལྷ་མོ་དང་ཁོ་ཚོས་ཨ་ཁུ་ཕྱག་རྡོར་གྱི་སེར་འགོག་རལ་གྲི་སྦས་པ་སོགས་ཀྱི་བྱུང་རིམ་བརྗོད་དེ་ཤིན་ཏུ་རྙོག་འཛིང་ཆེ་བ་ཞིག་མིན་ཡང་བལྟས་ཚོད་དུ་དགོད་བྲོ་ལ་ངུ་ཡང་སྐྱེན་པའི་ཚོར་བ་ཞིག་བཅོས་མིན་དུ་སྟེར་བར་བྱེད། དེ་ཡང་ཆེས་ཐོག་མར་དབྱར་གཞུང་གི་དུས་སུ་དབང་གྲགས་ལ་ཆུ་ལྷམ་མེད་པར་ཆར་བ་མི་འབབ་པར་རེ་ལྟོས་ཆེ་དུས་མི་རྒན་དག་གིས་ཆར་བ་འབབ་པར་རེ་ལྟོས་བཅངས་ཡོད་པ་དང་། དེ་ནས་མཐའ་གཞུག་སྟོན་ཚེས་དུས་སུ་དབང་གྲགས་ལ་ཆུ་ལྷམ་ཡོད་པར་གྱུར་བས་ཆར་བ་འབབ་པར་རེ་ལྟོས་ཆེ་དུས་མི་རྒན་དག་གིས་ཆར་བ་འབབ་མི་རུང་བར་རེ་ལྟོས་བཅངས་ཡོད་པ་སོགས་མི་རྒན་དག་གི་ཆར་འགོག་དང་བྱིས་པ་ཡི་ཆར་ལ་སྨོན་པའི་འགལ་འདུ་ཡིས་མཐོ་རླབས་འཕྱུར་བའི་བྱས་པའི་གློག་བརྙན་འདི་ལས་རྙོག་འཛིང་ཆེ་རྒྱུ་མེད་པའི་གཏམ་རྒྱུད་ཅིག་བརྒྱུད་དེ་བྱིས་པའི་འཇིག་རྟེན་གྱི་ལྷད་མེད་ཅིང་སྙིང་བརྩེ་བའི་རྣམ་པ་བརྗོད་པ་དང་། བྱེ་བྲག་གི་ཞིབ་ཕྲ་རེ་རེ་ལས་ཡིད་དགུ་ནས་མགུ་བར་བྱེད་པའི་སྤྲོ་སྣང་རང་བཞིན་གྱིས་ཆེས་ཆེར་བརྟས་ཡོད། དེ་མིན་གློག་བརྙན་འདི་ནི་བྱིས་པ་བརྗོད་གཞི་བྱས་པའི་གློག་བརྙན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གློག་བརྙན་ལས་ཐོག་མ་རུ་བགྲང་ཆོག་ལ། གཏམ་རྒྱུད་ཧྲིལ་བོར་རང་བྱུང་རིང་ལུགས་ཀྱི་ཉམས་འགྱུར་གྱིས་ཕྱུག་ནས་གནའ་བོའི་རི་གྲོང་གི་བྱིས་པ་ཞིག་གི་ནང་སེམས་ཀྱི་ཟབ་ས་དེ་གཟུགས་ཅན་བཞིན་མཚོན་པར་བྱས་འདུག གཞན་ཡང་གློག་བརྙན་འདིའི་ཟ་ཟུར་ཅིག་ནས་སྔོན་དུས་བོད་ལ་སེར་འགོག་རིག་གནས་དར་ཁྱབ་ཆེ་ནའང་ད་ལྟའི་ཆ་ལ་རིག་གནས་དེ་ཉིད་ཡོངས་སུ་ཉམས་རྒུད་དུ་འགྱུར་བཞིན་པའི་ཆ་ཞིག་ཀྱང་བསྟན་ཡོད།

མདོར་ན། འགལ་འདུ་མེད་ན་ཟློས་གར་མེད་ཅེས་པ་བཞིན་དུ། གློག་བརྙན་འདི་རུའང་འགལ་འདུ་སྣ་ཚོགས་ཞིག་ལས་གློག་བརྙན་གྲུབ་ཅིང་གློག་བརྙན་གྱི་མཐོ་རླབས་འཕྱུར་བར་བྱས་ཡོད་དེ། ཨ་ཕ་ཡི་བསམ་པར་དབང་གྲགས་ཀྱི་ཆུ་ལྷམ་ཉོས་པ་དེ་ཁྱིམ་གྱི་འཁོས་འབྱོར་ལ་མི་མཐུན་པར་སྙམ་པའི་འགལ་འདུ་དང་། སྡེ་དཔོན་གྱི་བསམ་པར་ས་བབ་དམའ་བའི་ཞིང་ས་རུ་ཆུ་འདྲེན་པ་དེ་སྡེ་བའི་སྒྲིག་སྲོལ་ལ་མི་མཐུན་པར་སྙམ་པའི་འགལ་འདུ། དགེ་རྒན་གྱི་བསམ་པར་དབང་གྲགས་ཀྱིས་སློབ་ཁྲིད་ཀྱི་རྗེས་མ་ཆོད་པ་དེ་སློབ་གྲྭའི་འགྲིག་ལམ་ལ་མི་མཐུན་པར་སྙམ་པའི་འགལ་འདུ་སོགས་རེ་རེ་བཞིན་མངོན་ཡོད། དེ་ཡང་འགལ་འདུ་ནི་ཟློས་གར་རམ་གློག་བརྙན་འཁྲབ་གཞུང་གི་རྩོམ་འབྲིའི་རིམ་པ་གཙོ་བོ་ཞིག་ཡིན་ཞིང་ཧའེ་ཀེར་གྱིས《མཛེས་སྡུག་རིག་པ》ལས་འགལ་འདུའི་ཆོས་ཉིད་ཀྱི་རྩ་དོན་བསྟན་པ་ནས་བཟུང་ད་ལྟའི་བར་དུ་སྤྱོད་བཞིན་མཆིས་སོ། །
༢༠༢༠/༨/༨ཉིན་བྲིས་ཤིང༢༠༢༠/༨/༡༨ཉིན་ཁ་སྐོང་སྣོན་མ་བཏབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།