བོད་ཀྱི་གློག་བརྙན《དབུས་ལམ་གྱི་ཉི་མ》ཞེས་པར་ཝུན་ཀི་ཧྭའི་གློག་བརྙན་དུས་ཆེན་གྱི་སྟག་འབྲུག་རྟགས་མ་ཐོབ་པ།
《དབུས་ལམ་གྱི་ཉི་མ》ཞེས་པའི་པར་རིས།
ཟླ10བའི་ཚེས6ཉིན། སྐབས30བའི་ཝུན་ཀི་ཧྭའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་སྟེང་དུ་ཀྲུང་གོའི་བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་ཐོག་མའི་བརྩམས་ཆོས་ཏེ《དབུས་ལམ་གྱི་ཉི་མ》ཞེས་པར་སྟག་འབྲུག་རྟགས་མའི་བྱ་དགའ་ཐོབ་པ་དང་། བྱ་དགའ་འདི་ནི་ཡ་གླིང་རྒྱལ་ཁབ་དང་ས་ཁུལ་གྱི་གསར་བྱུང་འཁྲབ་ཁྲིད་པ་དག་ལ་གཟེངས་བསྟོད་བྱེད་པར་བསྐྲུན་པ་རེད།
《དབུས་ལམ་གྱི་ཉི་མ》ཞེས་པ་ནི་བོད་རིགས་ཀྱི་གློག་བརྙན་པར་མཁན་ཐོག་མ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་མ་གནས་དམའ་བའི་གྲངས་འཛིན་གློག་བརྙན་ཞིག་ཡིན། འདིའི་ནང་དུ་བོད་རིགས་ན་གཞོན་ཞིག་གིས་མཐོལ་བཤགས་བྱེད་པའི་སེམས་ཁམས་མངོན་པར་མཚོན་ཡོད་པ་སྟེ། མི་སྣ་གཙོ་བོ་ཉི་མས་འགྲུམ་འགྲིལ་གྱི་ཆག་སྒོའི་ཁྲོད་སྟབས་མ་ལེགས་པར་ཁོང་གི་ཨ་མའི་ཚེ་སྲོག་ཤོར་ཏུ་བཅུག་པར་སྡུག་བསྔལ་ཆེན་པོ་བྱས་ཏེ་ལྷ་ས་ནས་རང་ཡུལ་དུ་རྐང་ཐང་ལ་བསྐྱོད་ནས་སྐྱེ་འཆིའི་སྙིང་བོ་འཚོལ་སྙེག་བྱེད་བཞིན་པ་བརྗོད་ཡོད།
ཞང་ཀང་གི་འཁྲབ་ཁྲིད་པ་གྲགས་ཅན་ཞུའུ་ཨན་ཧཱ་སོགས་དཔྱད་འདེམས་པ་རྣམས་ཀྱིས་བཤད་རྒྱུར། 《དབུས་ལམ་གྱི་ཉི་མ》ཞེས་པས་ཀུན་ལ་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཅིག་བརྗོད་པ་དང་འདི་ལ་ཐུན་མོང་མ་ཡིན་པའི་གློག་བརྙན་གྱི་བྱང་ཚད་ལེགས་པོ་ལྡན་ཡོད་ཟེར། གློག་བརྙན་འདིའི་ཁྲོད་ཀྱི་མི་སྣའི་ཁྱད་ཆོས་བཞེངས་སྐྲུན་བྱེད་པའི་ཐབས་བཀོད་དང་བོད་ཀྱི་རིག་གནས་ཀྱིས་དཔྱད་འདེམས་པ་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ཅིང་། བརྩམས་ཆོས་འདི་བརྒྱུད་ནས་མི་རྣམས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི་གློག་བརྙན་གསར་བའི“སྐད་གདངས་དྲག་པོ་ཞིག”ངང་ངམ་ཤུགས་ཀྱིས་ཚོར་ཐུབ་ཅེས་གདེང་འཇོག་ལེགས་པོ་བྱས།
ཟོན་ཐར་རྒྱལ་ལགས་ཀྱིས་བཤད་རྒྱུར། གློག་བརྙན་འདིས་བོད་ལྗོངས་ཀྱི་རྒྱུ་ཆ་བརྗོད་བྱར་བྱས་པ་ཡིན་མོད་ཀྱང་། འདིའི་ཁྲོད་དུ་འགྲོ་བ་མིའི་རིགས་ཀྱིས་ལྡོག་ཐབས་བྲལ་བའི་འཆི་བ་བརྗོད་དོན་དུ་བྱས་ཏེ་རྒྱུན་ལྡན་གྱི་བསམ་པ་ཞིག་བཅངས་ནས་གདོང་གཏུག་བྱེད་དགོས་པ་མཚོན་ཞིང་། མུ་ལན་ཁོན་ཏིག་ལཱའི་བརྩམས་སྒྲུང《དལ》ཞེས་པའི་ཤུགས་རྐྱེན་འོག གློག་བརྙན་ཁྲོད་དུ་བག་ཡངས་དང་ཞི་དུལ་གྱི་འཚོ་བའི་ཁྲོད་རོལ་མྱོང་བྱེད་པའི་བརྒྱུད་རིམ་ཞིག་ཕྱིར་མཚོན་བྱེད་པ་ཡིན་ཟེར།
ཝུན་ཀི་ཧཱའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟག་འབྲུག་ཚན་པའི་ཁྲོད་ཡ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གྱི་གློག་བརྙན་འགྲེམ་སྟོན་བྱས་ཤིང་། འདི་ནི་ཡ་གླིང་གི་གློག་བརྙན་དག་རང་ས་གནས་བརྒལ་ནས་ཕྱི་ཡུལ་དུ་འགྲེམ་སྟོན་བྱེད་པའི་སྟེགས་བུ་ཞིག་ཡིན་པ་རེད། སྟག་འབྲུག་རྟགས་མའི་བྱ་དགའ་འདི་སྤེལ་ནས་ལོ་ངོ18ལྷག་འདས་ལ། ཡ་གླིང་གི་འཁྲབ་ཁྲིད་པ་གསར་བའི་ནུས་རྩལ་སྐུལ་འདེད་དང་འདོན་སྤེལ་བྱེད་ཆེད་སྐབས་རེ་རེར་གློག་བརྙན་གྱི་གསར་བྱུང་མི་སྣའི་བརྩམས་ཆོས་ཕུལ་བྱུང་གཅིག་ལ་བྱ་དགའ་གནང་བཞིན་ཡོད་པ་རེད།
1982ལོར་གསར་དུ་བསྐྲུན་པའི་ཝུན་ཀི་ཧཱའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ནི་མེ་གླིང་བྱང་མའི་གློག་བརྙན་དུས་ཆེན་ལྔའི་གྲས་ཀྱི་གཅིག་ཡིན་ཞིང་། དུས་ཆེན་འདིས་ལྟ་མཁན་རྣམས་ལ་ཧའོ་ལའེ་ཝུའུ་དང་འཛམ་གླིང་གི་ས་ཆ་སོ་སོའི་ཚབ་མཚོན་རང་བཞིན་གྱི་ཕུལ་བྱུང་གློག་བརྙན་དག་འདོན་སྤྲོད་བྱེད་པ་དང་མཉམ་དུ། གློག་བརྙན་ལས་རིགས་ཀྱི་གསར་བྱུང་མི་སྣ་དག་ལ་སྟེགས་བུ་ཞིག་འདོན་སྤྲོད་བྱས། ད་ལོའི་གློག་བརྙན་དུས་ཆེན་ནི་ཟླ9བའི་ཚེས29ཉིན་འགོ་བརྩམས་པ་དང་། རྒྱལ་ཁབ་དང་ས་ཁུལ75ཡི་གློག་བརྙན370ལྷག་འགྲེམ་སྟོན་དུ་ཞུགས་ལ། ཉིན16རིང་གི་གློག་བརྙན་དུས་ཆེན་གྱི་སྐབས་སུ་གློག་བརྙན་ཐེངས་གྲངས600ལྷག་སྟོན་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com