གློག་བརྙན《ཐར་ལོ》སྐབས་དོན་གཉིས་པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལ་ཚུད་པ།

རྩོམ་པ་པོ།:བཀྲ་ཤིས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-08 09:35:00 ཀློག་གྲངས།:



ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས72པའི་ཁྱབ་སྒྲོག་པར་རིས།


གློག་བརྙན《ཐར་ལོ》ཞེས་པའི་འཁྲབ་སྟོན་པ་ཞི་བདེ་ཉི་མ་དང་གཡང་ཕྱུག་འཚོ།


གློག་བརྙན《ཐར་ལོ》ཕབ་སྐྲུན་བྱེད་པའི་ཡུལ་དངོས་ཀྱི་རྣམ་པ།

     2015ལོའི་སྤྱི་ཟླ་བརྒྱད་པའི་ཚེས་ལྔ་ཉིན། སྐབས་དོན་གཉིས་པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལ་ཚུད་པའི་ཆེས་མཇུག་མཐའི་བརྩམས་ཆོས་ཐོ་ཡིག་གསལ་བསྒྲགས་བྱས་པ་ལས་ཤེས་གསལ་ལྟར་ན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་ཉེ་ཆར་ཁོ་རང་ཉིད་ཀྱི་ཕ་ཡུལ་མཛོ་སྣ་སྡེ་བ་དང་འབའ་རྫོང་ནས་ཕབ་བསྐྲུན་བྱས་པའི་བོད་ཀྱི་གློག་བརྙན་བརྩམས་ཆོས་གསར་བ《ཐར་ལོ》ཞེས་པ་བདེ་བླག་ངང་འཛམ་གླིང་སྟེང་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྙན་པའི་གྲགས་པ་རབ་ཏུ་རྒྱས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཤས་གསུམ་གྱི་ཡ་གྱལ། 《འཛམ་གླིང་གློག་བརྙན་དུས་སྟོན་གྱི་ཡབ་ཆེན》དུ་འབོད་པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི《གནམ་ས་འབྲེལ་མཚམས》(Orizzonti)ཞེས་པའི་རྟིང་རྩོད་འགྲན་སྡུར་ཁྲོད་ཚུད།
     《གནམ་ས་འབྲེལ་མཚམས》ནི་ཝེ་ནཱ་སི་གློག་བརྙན་དུས་སྟོན་གཞུང་ཕྱོགས་ཀྱིས་སྤེལ་བའི་རྟིང་རྩོད་འགྲན་སྡུར་གཉིས་ལས་ཅིག་ཤོས་དེ་ཡིན་ལ། འདི་ནི་གློག་བརྙན་ཚོད་ལྟ་དང་གསར་རྩོམ་ཐད་ལ་ཡར་སྐུལ་དང་། རྒྱལ་སྤྱིའི་གློག་བརྙན་གྱི་མ་འོངས་པའི་རླབས་རྒྱུན་དང་འཕེལ་ཕྱོགས་གཙོ་གནད་དུ་འཛིན་པ་ཞིག་རེད། ཐེངས་འདིའི་འགྲན་ཞུགས་བརྩམས་ཆོས་དག་ནི་ཧྥ་རན་སི་དང་། ཨ་མེ་རི་ཁ། འཇར་མན། ཐུར་ཁེ། དབྱི་ཐ་ལི། ཁ་ན་ཏ། པེ་ལའེ་ཧྲི། ཀྲུང་གོ་སོགས་ནས་ཐོན་པའི་གློག་བརྙན་བརྩམས་ཆོས་ཉེར་གཅིག་འགྲན་ཞུགས་ཁྱབ་ཁོངས་སུ་ཚུད་ཡོད།
     གློག་བརྙན《ཐར་ལོ》ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་ཀྱི་གློག་བརྙན་ལྔ་བ་ཡིན་ལ། ཁོང་གིས་སྔ་གཞུག་ཏུ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང《འཚོལ》 《ཁྱི་རྒན》 《གཡང་མདའ》སོགས་བོད་སྐད་གློག་བརྙན་མང་པོ་ཞིག་རྒྱལ་ཁའི་ངང་བརྙན་ཕབ་གནང་ཞིང་། གོང་གསལ་གྱི་གློག་བརྙན་བརྩམས་ཆོས་དག་ལ་རྒྱལ་ཁབ་ཕྱི་ནང་ཀུན་ནས་གདེང་འཇོག་བླ་མེད་ཐོབ་ཡོད་པར་མ་ཟད། ལོ་ངོ་བརྒྱ་ལྷག་གི་ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཁྲོད་མིང་དོན་མཚུངས་པའི་བོད་སྐད་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》བྱུང་ཞིང་། འདི་ལ་སྐབས་ཉེར་ལྔ་བའི་ཀྲུང་གོའི་གློག་བརྙན་དུས་སྟོན་སྟེང་གསེར་བྱ་རྟགས་མ་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ནས་མིང་གྲགས་ཅན་གྱི་བྱ་དགའ་རབ་དང་རིམ་པ་མང་པོ་ཐོབ་མྱོང་། བརྩམས་ཆོས་འདི་ཡིས་ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཁྲོད་བསུབ་ཏུ་མེད་པའི་བོད་སྐད་གློག་བརྙན་གྱི་ལེའུ་གསར་བ་བསྣན་ཞིང་ཁོང་ལའང་བོད་སྐད་གློག་བརྙན་གྱི་སྲོལ་འབྱེད་པ་ཞེས་པའི་གྲགས་པའི་སྙན་པ་བསྩལ་ཅིང་། ཁོང་གི་གློག་བརྙན་གྱིས་ཕ་ཡུལ་རྣམ་པ་ཟབ་ཅིང་ཞིབ་དུ་བརྗོད་ཡོད་པས། མི་རྣམས་ཀྱིས་བོད་ཀྱི་རིག་གནས་དང་འཚོ་གཞེས་གནས་བབ་ཤེས་རྟོགས་འབྱུང་བར་ངེས་ཤེས་གསར་བ་ཞིག་སྦྱིན་ཡོད།
     ཐེངས་འདིའི《ཐར་ལོ》ཞེས་པའི་གློག་བརྙན་གྱི་གཙོ་འཁྲབ་པ་ནི་སྒྱུ་རྩལ་པ་ཞི་བདེ་ཉི་མ་དང་གཞས་མ་གཡང་ཕྱུག་འཚོ་གཉིས་ཡིན་ལ། གློག་བརྙན་འདི་ལས་གཙོ་བོར་ཕྱུགས་རྫི་ཐར་ལོ་སྡོད་དམངས་འཛིན་བྱང་ལེན་དུ་འགྲོ་བའི་ལམ་བར་དུ་འཕྲད་པའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་བརྗོད་ཡོད་པ་ཞིག་རེད།
     སྐབས་དོན་གཉིས་པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདི་སྤྱི་ཟླ་དགུ་བའི་ཚེས་གཉིས་ཉིན་ནས་བཅུ་གཉིས་བར་ཆུ་ཡི་གྲོང་ཁྱེར་དུ་གྲགས་པའི་ཝེ་ནཱ་སི་ནས་གཟབ་རྒྱས་ངང་བསྡུ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།