དཔའ་རིས་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་དམངས་གླུའི་རྒྱུད་ཁྲིད་སྲུང་སྐྱོབ་བྱེད་སྒོ་སྤེལ།
སྤྱི་ཟླ6པའི་ཚེས21ཉིན། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་རྒྱལ་ཁབ་དམངས་ཨུའི་སྐད་གཉིས་འཆམ་མཐུན་གྲོང་སྡེ་བསྐྱེད་སྲིང་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་དཔའ་རིས་དམངས་གླུའི་རྒྱུད་ཁྲིད་སྲུང་སྐྱོབ་ལས་འགུལ་སྐབས་བཞི་བ་དུས་ལྟར་སྤེལ་ཞིང་། དཔའ་རིས་བོད་རང་སྐྱོང་རྫོང་མི་རིགས་དགེ་འོས་ཁུངས་གཏོགས་ཀྱི་སློབ་ཆུང་གི་དགེ་རྒན་ཆ་ཤས་དང་བཀྲ་ཤིས་ཕྱུག་ལུང་གྲོང་རྡལ་བདེ་ཆེན་སྡེ་བའི་མང་ཚོགས། བོད་ཡིག་དགེ་རྒན་ལས་འཁྱུར་བ་དུ་མ་དང་དམངས་ཁྲོད་རིག་གནས་ལ་བྱང་ཆ་མངའ་བའི་རྒན་པ་མགོ་དཀར་དང་། གླུ་ལེན་གར་རྩེར་དགའ་བའི་གཞོན་སོ་དཀར་བཅས་མི་གྲངས70ལྷག་ཐེངས་འདིའི་ལས་འགུལ་ལ་ཞུགས།
སྔ་དྲོའི་ལས་འགུལ་ཁྲོད་དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་ཡང་བསྐྱར་དཔའ་རིས་རྫོང་དགེ་འོས་སློབ་གྲྭའི་སློབ་གཙོ་མཆོག་གྲུབ་གདན་དྲངས་ཏེ། ཁོང་གིས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་ས་སྐྱ་ལེགས་བཤད་རབ་བྱེད་གཉིས་ཀྱི་བསྟན་དོན་ཕྱོགས་ཡོངས་སུ་འཆད་ཁྲིད་གནང་། རྒན་མཆོག་གྲུབ་ལགས་ཀྱིས་འཚོ་བ་དངོས་ཀྱི་གནས་ཚུལ་དང་འགྲོ་བ་མིའི་ཀུན་སྤྱོད་འདུ་ཤེས། བྱ་བ་བྱེད་ཚུལ་སོགས་ཟུང་སྦྲེལ་ཏེ་ཡ་རབས་སྤྱོད་ཚུལ་བསླབ་ཅིང་བླང་དོར་གྱི་དབྱེ་བ་གསལ་བོར་འབྱེད་དགོས་པའི་སྐུལ་མ་ནན་མོ་བཏང་།
ཕྱི་དྲོར་རྒན་དབང་གྲགས་ཀྱིས་མདོ་འཛིན་པའི་འགན་ཁུར་ཏེ་གླུ་བ་གླུ་མ་ཚོས་ཨང་རིམ་ལྟར་གར་སྟེགས་བརྒྱུད་ནས་དཔའ་རིས་གནའ་གླུའི་བུ་དབྱངས་དང་རྩེ་རིག་གི་དཔལ་ལ་རོལ། བརྗོད་དོན་ཕུན་སུམ་ཚོགས་པའི་གླུ་ཚིག་དང་འགྱུར་ཁུག་མཐོ་དམན་ཕྱུག་པའི་ངག་དབྱངས་སྙན་པོ་ལས་དཔའ་རིས་པའི་བསམ་པའི་སྙིང་སྟོབས་དང་ནང་སེམས་ཀྱི་འདུན་པའམ་བརྩེ་དུང་མཚོན་ཡོད་ལ། སྲོལ་རྒྱུན་རིག་གནས་དལ་འབབ་རིང་མོ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བགྱི་དགོས་པའི་རེ་འདུན་ཡང་མངོན་ཡོད། ནང་སྒོས་སུ་གླུ་བླངས་ནས་ཤགས་ཀྱི་རིམ་པར་ཐོན་དུས་གླུ་མ་ལྷ་དཔལ་སྐྱིད་དང་སྨན་སྐྱིད། བྱམས་པ་དབང་མོ། སངས་རྒྱས་ཚེ་བརྟན་སོགས་ཀུ་རེ་རྩེ་མཚར་གྱི་རྒྱལ་ཕམ་རྩོད་པའི་ཤགས་ཚིག་མཚར་མོས་ཀུན་གྱི་ཡིད་དབང་བཀུག་ཅིང་དབང་མེད་དགོད་བྲོ་སློང་། ཐོལ་བྱུང་ནས་ཕན་ཚུན་ཤགས་ལན་འོས་མཚམས་སྦྱར་བྱུང་བར་ཀུན་ལ་ཧ་ལས་པའི་སྣང་བ་སྟེར། ཤགས་ཀྱི་ཡངས་རྩེར་ཐོན་ནས་གཅིག་ལས་གཅིག་ལྷག་གི་རང་མཁས་རང་རྒྱལ་གྱི་རྩེད་མཚར་དག་ལས་བློ་གྲོས་ཀྱི་རྩལ་ཆེ་བའམ། ཁོང་རྣམ་པ་སྐད་ཆའི་སྒྱུ་རྩལ་སོགས་ལྷིང་ལ་བུད་ཡོད་པ་མཚོན་གསལ་རེད། མཐར་རྒན་སངས་རྒྱས་ཚེ་བརྟན་གྱིས་བར་འབྱེད་སེང་དཀར་མོ་མ་ཁོག་རྩལ་དྲུག་འཛོམས་ཞེས་པ་བླངས་ནས་མཇུག་རྫོགས་པ་ལགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com