བོད་སྐད་ཀྱི་འགུལ་རིས་གློག་བརྙན་ཐོག་མ《ཨ་ཁུ་སྟོན་པའི་གཏམ་རྒྱུད》གཏོང་རྒྱུ་ཡིན་པ།
བོད་སྐད་ཀྱི་འགུལ་རིས་གློག་བརྙན་ཐོག་མ《ཨ་ཁུ་སྟོན་པའི་གཏམ་རྒྱུད》
མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་ནས་གཏོང་རྒྱུ་ཡིན་པ།
ཉེ་ལམ། བོད་སྐད་ཀྱི་འགུལ་རིས་གློག་བརྙན་ཐོག་མ་སྟེ《ཨ་ཁུ་སྟོན་པའི་གཏམ་རྒྱུད》ཅེས་པ་དེ་རྨ་ལྷོ་བརྙན་རིས་དཔལ་འབར་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུན་ཟི་དང་ཏཱ་ལེན་ཀོང་ཉཱན་གྲངས་རྟགས་ཚན་རྩལ་ཚད་ཡོད་ཀུན་ཟི། ཡཱན་ཐེ་བརྙན་གཟུགས་འགུལ་རིས་ཚད་ཡོད་ཀུན་ཟི། ཧྲིན་ཡཱང་ཡེས་ཕིན་འགུལ་རིས་ཚད་ཡོད་ཀུན་ཟི་བཅས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་ཞིང་། བསྡོམས་པས་ལེའུ52ཡོད་པ་དང་། མི་འགྱངས་བར་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་ནས་གཏོང་འགོ་རྩོམ་རྒྱུ་རེད།
ཨ་ཁུ་སྟོན་པ་ནི་བོད་རིགས་དམངས་ཁྲོད་གཏམ་རྒྱུད་ནང་གི་སྤྱང་གྲུང་ལྡན་པའི་མི་སྣ་ཞིག་ཡིན་ཞིང་། བོད་ཡུལ་སྟོད་སྨད་ཀུན་ཏུ་གནའ་སྔ་མོ་ཞིག་ནས་བཟུང་དར་ཁྱབ་ཧ་ཅང་ཆེ། ཁོང་ནི་ཡུ་གུར་རིགས་ཀྱི་ཨ་ཧྥན་ཐེའེ་དང་སོག་པོའི་དཔལ་ལྷ་ཀུན་བཟང་ལ་སོགས་པའི་གཏམ་རྒྱུད་མི་སྣ་དང་འདྲ་བར། སྔོན་ཞིག་ནས་རང་མི་རིགས་བྱེ་བྲག་པའི་ཁྱབ་ཁུངས་ལས་བརྒལ་ཏེ་རིགས་སོ་སོའི་མི་དམངས་ཐུན་མོང་གིས་དགའ་བསུ་ཐོབ་པའི་སྒྱུ་རྩལ་མཚོན་བྱེད་ཅིག་ཏུ་གྱུར་ཡོད་པ་རེད།
རྨ་ལྷོ་བརྙན་རིས་དཔལ་འབར་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུན་ཟིའི་སྤྱིའི་འགན་འཛིན་པ་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་པ་ལྟར་ན། “《ཨ་ཁུ་སྟོན་པའི་གཏམ་རྒྱུད》ཅེས་པའི་མུ་འབྲེལ་འགུལ་རིས་གློག་བརྙན་འདི་ནི་བོད་ཁུལ་དུ་དར་ཁྱབ་ཆེ་བའི་ཨ་ཁུ་སྟོན་པའི་གཏམ་རྒྱུད་མང་བོའི་ཁྲོད་ལས་ལེགས་འདེམས་བྱས་པ་ཞིག་ཡིན”ཟེར།
ཨ་ཁུ་སྟོན་པ་ནི་བོད་རིགས་མི་དམངས་ཀྱིས་གསར་བཟོ་བྱས་པའི་བློ་རིག་གྲུང་ཞིང་མཚར་ཉམས་ལྡན་པ་དང་། གཞུང་དྲང་ཞིང་བརྩོན་སེམས་ཆེ་བ། དཀའ་ངལ་ལ་གདོང་བསུ་བྱེད་ཕོད་པ་དང་གཞན་ལ་ཕན་འདོགས་པར་འགའ་བ་བཅས་ཀྱི་སྒྱུ་རྩལ་སྣང་བརྙན་ཞིག་ཡིན་ལ།ཨ་ཁུ་སྟོན་པ་ཡོད་དུས་སྒྲུབ་མི་ཐུབ་པའི་བྱ་བ་གཅིག་ཀྱང་མེད་ལ། དགྲ་བོ་མི་ཕམ་རང་ཕམ་བྱེད་དུ་འཇུག་པ་དང་། རེ་འདོད་ཀྱང་སྐོང་མི་ཐུབ་པ་ཅི་ཡང་མི་འདུག་པས། མི་རྣམས་ལ་ནམ་ཡང་སྤོབས་པ་དང་སྟོབས་ཤུགས་བསྐྱེད་ནུས།
ཨ་ཁུ་སྟོན་པ་ནི་བཤུ་གཞོག་གྲལ་རིམ་གྱི་གཉའ་གནོན་ཐེབས་པའི་ཞིང་བྲན་དབུལ་བོ་སྟེ་གནས་ངེས་མེད་དུ་འཁྱམས་པའི་སྡོམ་པོ་བདག་མེད་ཅིག་ཡིན་ན་ཡང་། ཁོང་གིས་དུས་རྟག་ཏུ་རང་གི་བློ་རིག་ལ་བརྟེན་ནས་རྒྱལ་བོ་གླེན་པ་དང་། དཔོན་པོ་སྡིག་ཅན་སོགས་རང་ཕན་སྒེར་སེམས་ཅན་རྣམས་ཕམ་པར་བྱེད་པའི་མཚུངས་སུ། དབུལ་ཕོངས་ཉམ་ཐག་རྣམས་ལ་རོགས་རམ་བྱས་ཏེ་དཀའ་སྡུག་ལས་གྲོལ་ཐབས་བྱེད་གྱིན་ཡོད་པ་རེད། ཨ་ཁུ་སྟོན་པའི་གཏམ་རྒྱུད་འདི་ཧ་ཅང་དགོད་བྲོ་ཞིང་རིག་པའི་རང་བཞིན་དང་ལྡན་པ་ཞིག་ཡིན་པས། གནའ་ནས་བཟུང་མི་རྣམས་ཀྱིས་ཁོང་གི་གཏམ་རྒྱུད་ལས་རང་ཉིད་ལ་སློབ་གསོ་ངེས་ཅན་ཐོབ་ཀྱི་ཡོད་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com