ཨ་མདོ་བརྙན་འཕྲིན་གྱི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ་བརྙན་ཕབ་ལེགས་འགྲུབ་བྱུང་།
ཨ་མདོ་བརྙན་འཕྲིན་གྱི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ་བརྙན་ཕབ་ལེགས་འགྲུབ་བྱུང་།
སྤྱི་ཟླ1པོའི་ཚེས10ཉིན། ཨ་མདོ་བརྙན་འཕྲིན་གྱིས་བསྒྲུབས་པའི་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ《གངས་ལྗོངས་དཔྱིད་ཀྱི་མཆོད་བསྟོད》ཅེས་པ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་བརྙན་ཕབ་བྱས། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་པདྨ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ངག་དབང་བསོད་ནམས། བློ་མཐུན་རྒན་པ་གཡང་མོ་རྒྱལ་སོགས་དང་། དེ་མིན་ཁུལ་དང་རྫོང་སོ་སོའི་འབྲེལ་ཡོད་མགོ་ཁྲིད་རྣམས་འཁྲབ་སྟོན་ཡུལ་དངོས་ལ་ཡོང་ནས་ས་ཕྱོགས་སོ་སོ་ནས་ཡོང་བའི་ལྟད་མོ་བ་སྟོང་གཅིག་ལྷག་དང་མཉམ་དུ་སྤྲོ་ཚོགས་ལ་བལྟས་པ་མ་ཟད། ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་ཐེངས་འདིའི་སྤྲོ་ཚོགས་ཀྱི་འཁྲབ་སྟོན་པ་ཡོངས་དང་། དགོང་ཚོགས་ཀྱི་འབུར་དུ་ཐོན་པའི་ཁྱད་ཆོས། འཆམ་མཐུན་བཀྲ་ཤིས་ཀྱི་བརྗོད་གཞིར་དག་ལ་བསྔགས་བརྗོད་གང་ལེགས་མཛད་དེ། མཚོ་སྔོན་ན་སྐད་གྲགས་ཆེ་བའི་གླུ་བ་དང་བྲོ་མཁན་མང་པོ་ཡོད་པ་གཞིར་བྱས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཕུལ་བྱུང་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་དང་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་སྒྱུ་རྩལ་པ་མང་པོས་རང་ཉིད་ཀྱིས་འཇོན་ནུས་ངོམ་སའི་གར་སྟེགས་ཆེན་པོ་ཞིག་བསྐྲུན་པ་མ་ཟད་དབྱངས་ཅན་ལྷ་མཛེས་ལྟ་བུའི་གཞོན་སྐྱེས་གླུ་བ་གླུ་མ་མང་པོ་ཞིག་དང་ད་དུང་བོད་ཀྱི་རྣམ་ཐར་ཟློས་གར་སོགས་མུ་མཐུད་ནས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས་པའི་འབོད་སྐུལ་གནང་།
དགོང་ཚོགས་སྟེང་ཕེབས་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལྷན་རྒྱས།
ཨ་མདོ་བརྙན་འཕྲིན་གྱི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ་དེ། སྤྱི་ལོ1998ལོར་ཐོག་མར་སྒྲུབ་མགོ་ཚུགས་པ་ཞིག་ཡིན་ལ། ད་ལྟའི་བར་དུ་ལོ་འཁོར་ཉེར་ལྔ་ཙམ་གྱི་རིང་ལ། ཏང་གི་ལམ་ཕྱོགས་དང་མི་རིགས་སྲིད་ཇུས་དྲིལ་སྒྲོག ལྷག་པར་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་གྱི་ཐད་ལ་ནུས་པ་བླ་ལྷག་ཐོན་ཡོད་པའི་རིག་རྩལ་སྤྲོ་ཚོགས་གལ་ཆེན་ཞིག་ཡིན་པ་རེད། སྤྱིར་བརྙན་འཕྲིན་རིག་རྩལ་སྤྲོ་ཚོགས་ཤིག་ཡིན་པ་དང་སྒོས་སུ་ལོ་སར་དུས་ཆེན་གྱི་སྤྲོ་ཚོགས་ཤིག་ཡིན་པའི་ཆ་ནས། ཨ་མདོ་བརྙན་འཕྲིན་གྱི་ལོ་སར་རིག་རྩལ་སྤྲོ་ཚོགས་དེས། རྒྱ་ཆེའི་བོད་རིགས་མི་དམངས་མང་ཚོགས་ཀྱི་དུས་ཆེན་གྱི་དགའ་སྟོན་ལ་སྤྲོ་སྐྱིད་ཀྱི་གཟི་མདངས་གསར་བ་ཞིག་སྣོན་པ་དང་། བོད་རིགས་ལྟ་མཁན་ཁྲི་སྟོང་མང་པོའི་དུས་ཆེན་སྐབས་ཀྱི་བརྙན་འཕྲིན་ལྟད་མོའི་དགོས་མཁོ་སྐོང་བའི་ཞར་ལ། བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ། སྔོག་འདོན་དང་གསར་གཏོད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཞིང་ཆེན་དང་ཁུལ་རིམ་པའི་རིག་གནས་སྒྱུ་རྩལ་གྱི་ཆེད་ལས་སྡེ་ཁག་དག་ལ་མཉམ་འབྲེལ་གྱིས་བོད་ཁུལ་ན་མིང་དུ་གྲགས་ཡོད་པའི་སྒྱུ་རྩལ་པ་དང་གཞས་པ་གཞས་མ་རྣམས་གདན་ཞུ་བགྱིས་ཏེ་སྒྲུབ་བཞིན་ཡོད་པའི་ཆེད་ལས་རང་བཞིན་གྱི་རིག་རྩལ་སྤྲོ་ཚོགས་ཤིག་ཀྱང་ཡིན་པས། ལོ་རེ་རེ་ཡི་ལོ་སར་རིག་རྩལ་སྤྲོ་ཚོགས་ལ་བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་སོ་སོའི་གླུ་གར་གྱི་ཉིང་ཁུ་འདུས་ཡོད་པར་མ་ཟད། དུས་སྐབས་སོ་སོའི་བོད་ཁུལ་འཕེལ་རྒྱས་དང་ལྷག་པར་བོད་ཀྱི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཀྱི་མཐོ་རླབས་མཚོན་ཐུབ་པའི་སྤྲོ་ཚོགས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་རེད།
《བཀྲ་ཤིས་སྤྲེལ་ལོའི་མཆོད་པ》ཞེས་པའི་ཞབས་བྲོས་དགོང་ཚོགས་ཀྱི་སྒོ་འཕར་ངང་གིས་ཕྱེས།
ཐེངས་འདིའི་དགོང་ཚོགས་ཀྱི་མདོ་འཛིན་པ་རྣམ་པ།
ད་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་དེ་ཡང་སྔར་མུས་བཞིན་ལོ་ཕྱེད་ཙམ་གྱི་སྔོན་ནས་གྲ་སྒྲིག་སྟ་གོན་གྱི་བྱ་བར་དངོས་སུ་ཞུགས་ཤིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་དོན་གྲོས་ཚོགས་ཀྱིས་ཆེད་དམིགས་ཚོགས་འདུ་བསྡུས་ནས། སྤྲོ་ཚོགས་ཀྱི་ནང་དོན་དང་རྣམ་པ། འཁྲབ་ཚན་གྱི་སྒྲིག་བཀོད། ཕབ་བསྐྲུན་གྱི་བྱ་བ་ཚང་མ་སྔ་མོ་ནས་བཀོད་སྒྲིག་ཞིབ་མོ་བྱས་ཤིང་། སྒྲིག་རྩོམ་ཚོ་ཆུང་ཡང་མཚོ་སྔོན་གྱི་ཁུལ་སོ་སོ་དང་ཀན་ལྷོ་ཁུལ། ཟི་ཁྲོན་རྔ་བ་ཁུལ་བཅས་ཀྱི་གླུ་གར་ཚོགས་པ་ལ་དངོས་སུ་སོང་ནས། གླུ་གར་གྱི་རྩེད་མོ་དཔྱད་འདེམ་བྱས་ཤིང་། མཐར་ཟི་ཁྲོན་རྔ་བ་ཁུལ་མི་རིགས་གླུ་གར་ཚོགས་པ་དང་། རྨ་ལྷོ་ཁུལ་མི་རིགས་ཟློས་གར་ཚོགས་པ་གཉིས་ད་ལོའི་ལོ་སར་སྤྲོ་ཚོགས་ཀྱི་འཁྲབ་སྟོན་ཚོགས་པར་གཏན་ཁེལ་བྱས་ལ། སྤྲོ་ཚོགས་ཧྲིལ་བོ་གླུ་དང་བྲོ། རྡུང་ལེན། རྣམ་ཐར། གར་ཆུང་སོགས་འཁྲབ་ཚན་ཉེར་བརྒྱད་གཏན་ཁེལ་བྱས་རྗེས། གཟའ་འཁོར་གཅིག་གི་སྔོན་ནས་ཕྱོགས་སོ་སོའི་འཁྲབ་སྟོན་པ་ཡོངས་མཉམ་དུ་བསྡུས་ནས་འཁྲབ་སྦྱོང་ལ་དངོས་སུ་ཞུགས་ཤིང་ལོ་སར་སྤྲོ་ཚོགས་ཕབ་སྐྲུན་གྱི་བྱ་བ་གཞི་ནས་མགོ་བརྩམས།
གླུ་བ་གྲགས་ཅན་ཀུན་དགའ།
གླུ་མ་དབྱངས་ཅན་ལྷ་མཛེས།
ཚེས10ཉིན་གྱི་དགོང་མོའི་ཆུ་ཚོད7:30སྟེང་། ད་ལོའི་ལོ་སར་སྤྲོ་ཚོགས་དེ་འཁྲབ་གཏོང་ཚོམས་ཆེན་ནས་དངོས་སུ་བརྙན་ཕབ་བྱེད་པའི་མགོ་བརྩམས་ཤིང་། དུས་ཆེན་གྱི་དགའ་སྤྲོའི་རྣམ་པ་རབ་ཏུ་མངའ་བའི་ཞབས་བྲོ་ཆེན་མོ《བཀྲ་ཤིས་སྤྲེལ་ལོའི་མཆོད་པ》ཞེས་པས་སྤྲོ་ཚོགས་ཀྱི་ཡོལ་བ་ངང་གིས་ཕྱེས་པའི་མོད་ལ། མདོ་དབུས་ཁམས་གསུམ་གྱི་མདོ་འཛིན་པ་ལྔ་ཡིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས། རི་ཁ་བའི་ལྗོངས་ཀྱི་རིགས་མཐུན་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ཀྱི་འཚམ་འདྲི་དང་བཀྲ་ཤིས་ཁ་གཡང་གི་སྨོན་ཚིག་བརྗོད་ནས་སྤྲོ་ཚོགས་ཀྱི་སྒོ་འཕར་གཞི་ནས་ཕྱེས་ལ། སྔ་ཕྱིར་དཔལ་ལྡན་དབང་ཕྱུག་དང་བློ་བཟང་བཀྲ་ཤིས། མེ་ཏོག ཨ་ཅག་ཚན་སྡེབ། ཚེ་དབང་ལྷ་མོ། ཀུན་དགའ། སམྦྷོཊ་ཚན་སྡེབ། དབྱངས་ཅན་ལྷ་མཛེས། གདུགས་དཀར་སྐྱབས་སོགས་མཚོ་སྔོན་དང་བོད་ལྗོངས། ཟི་ཁྲོན། ཀན་སུའུ། ཡུན་ནན། པེ་ཅིན། ཧྲང་ཧེ་སོགས་ནས་ཆེད་དུ་གདན་ཞུས་ཀྱིས་ཕེབས་པའི་མིང་དུ་གྲགས་པའི་གཞས་པ་གཞས་མ་དང་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་པ་དག་གིས་དགའ་བའི་འཛུམ་དང་དགོད་པའི་ཉམས། སྐྱིད་པའི་གླུ་དང་སྤྲོ་བའི་གར་གྱིས་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་ཤིང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་ཚུན་གྱི་ལོ་ལྔའི་རིང་ལ། བོད་ཁུལ་གྱི་དཔལ་འབྱོར་དང་རིག་གནས། སློབ་གསོ་སོགས་ཕྱོགས་གང་ཅིའི་ཐད་ནས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་དང་། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕེལ་རྒྱས་དང་འཕོ་འགྱུར་ལ་བསྟོད་གླུ་བླངས། མིང་དུ་གྲགས་པའི་གླུ་བ་ཀུན་དགའ་དང་གླུ་མ་དབྱངས་ཅན་ལྷ་མཛེས་སོགས་ཀྱི་གླུ་སྐད་སྙན་མོ་ཡིས་སྤྲོ་ཚོགས་ལ་ཡང་ནས་ཡང་དུ་དགའ་བསུའི་ཀི་འབོད་ཀྱི་མཐོ་རླབས་འཕྱུར་དུ་བཅུག་ཅིང་། སྤྲོ་ཚོགས་ཧྲིལ་བོ་དུས་ཆེན་གྱི་ཡོ་ལང་རྣམ་པར་རྒྱས་པའི་སྤྲོ་དགའི་རྣམ་པའི་ཁྲོད་ནས་མཇུག་རྫོགས་པ་རེད།
ཡིད་ཀྱི་སྙན་དབང་གསོ་བའི་གླུ་མ་ཚེ་དབང་ལྷ་མོ།
བན་དེ་སྒོམ་སོགས་ཀྱིས་རྡུང་ལེན་མཉམ་དཀྲོལ་བྱེད་བཞིན་པ།
ད་ལོའི་ལོ་སར་སྤྲོ་ཚོགས་ཀྱི་ནང་དོན་དང་རྣམ་པ། འཁྲབ་ཚན་བཀོད་སྒྲིག་སོགས་གང་ཅིའི་ཐད་ནས་སྔར་ལོ་དག་དང་བསྡུར་ན་ཧ་ཅང་གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་བྱུང་ཡོད་པ་སྟེ། ན་གཞོན་གླུ་མ་དབང་སྒྲོན་འཚོ་ཡིས་བླངས་པའི་གླུ་གཞས«ཕ་ཁྱིམ་དྲོན་མོ།»ཞེས་པས་བོད་ཁུལ་གྱི་འཕེལ་རྒྱས་གསར་བ་དང་འཚོ་བ་གསར་བར་བསྟོད་གླུ་བླངས་ཡོད་ལ། ལྷ་དཀར་སྒྲོལ་མའི«དུས་ཀྱི་ཕོ་ཉ།»ཞེས་པའི་གླུ་གཞས་སྙན་མོ་དེས་ཨ་མདོ་བརྙན་འཕྲིན་གྱི་ལས་བྱེད་མི་སྣ་ཡོངས་ཀྱིས་ཏང་གི་ལམ་ཕྱོགས་དང་སྲིད་ཇུས་བཟང་བོ་དྲིལ་སྒྲོག་བྱེད་པ་དང་། རང་མི་རིགས་ཀྱི་ཁྱད་མཚར་བའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་ལ་ཧུར་བརྩོན་བྱེད་བཞིན་པའི་སྡུག་རུས་དང་སྙིང་སྟོབས། ལྷག་བསམ་ལ་བསྟོད་བསྔགས་བྱས་ཡོད། སྒྱུ་རྩལ་པ་གནམ་ལྷ་འབུམ་དང་ཕག་མོ་སྒྲོལ་མ་གཉིས་ཀྱིས་འཁྲབ་སྟོན་བྱས་པའི་གར་ཆུང་«བཟའ་འཁོན།»ཞེས་པ་དེས། བཟའ་ཟླ་གཉིས་རྩྭ་ས་དང་དབྱར་རྩ་དགུན་འབུའི་དོན་ལ་བཟའ་འཁོན་བྱུང་བ་བརྗོད་པ་བརྒྱུད་ནས། མི་རྣམས་ལ་མིག་མདུན་གྱི་ཁེ་ཕན་ཁོ་ནར་མི་ལྟ་བར་མིག་རྒྱང་རིང་ཞིང་འཆར་གཞི་ཡོད་པ་ཞིག་བྱེད་དགོས་པར་མ་ཟད། རང་ཅག་གི་ཕ་ས་གོར་མོ་འདིའི་སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་བཟང་བོ་བྱེད་དགོས་པའི་བསླབ་བྱ་བཏང་ཡོད་པ་རེད། གཞན«བཀྲ་ཤིས་འཛོམས་པ།»ཞེས་པའི་བོད་ཀྱི་ཟློས་གར་འཁྲབ་ཚན་དེས་མི་རིགས་རང་གི་ངོ་མཚར་བའི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་གཟི་དཔལ་མངོན་པར་བྱས་ཡོད་ལ། གླུ་བ་ཆུང་ཆུང་ཚེ་རིང་དཔལ་འབར་དང་བསྟན་འཛིན་དབང་མོ་གཉིས་ཀྱིས་བླངས་པའི་གླུ་དབྱངས«རྫི་གླུ»ཞེས་པ་དང་། «དགུང་སྔོན་པོ་ཡག་གི་གུར་ཁང་ན།»ཞེས་པའི་ཨ་རྩེད། «སྒྲ་སྙན་བཀྲ་ཤིས་རྒྱལ་པོ།»དང«བཀྲ་ཤིས་ཤོག»ཞེས་པའི་རྡུང་ལེན་སོགས་འཁྲབ་ཚན་མང་པོ་ཞིག་ལ་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པར་མ་ཟད། མིག་ཡིད་རྣ་བའི་དབང་བོ་ཅིག་ཅར་དུ་འཕྲོག་པའི་སྒྱུ་རྩལ་གྱི་འགུག་ཤུགས་ཆེ་ཆེར་ལྡན་ནོ། །
དགོང་ཚོགས་སྟེང་ཕེབས་པའི་ཕྱོགས་ཡོངས་ཀྱི་སྐུ་མགྲོན་ལྷན་རྒྱས།
མདོར་ན་ད་ལོའི་ལོ་སར་སྤྲོ་ཚོགས་ཀྱི་ཁྱད་ཆོས་གཙོ་བོ་ནི། སྤྲོ་ཚོགས་ཀྱི་མདོ་འཛིན་པའམ་སྒྱུ་རྩལ་པ་དང་འཁྲབ་སྟོན་པ་གང་ཡིན་ཀྱང་། མདོ་དབུས་ཁམས་གསུམ་གྱི་བོད་ཁུལ་ཆེན་པོ་གསུམ་ལ་དམིགས་ནས་གདན་ཞུ་བྱས་ཡོད་ཅིང་། འཁྲབ་ཚན་གྱི་ནང་དོན་ལ་ཡང་བོད་མདོ་དབུས་ཁམས་གསུམ་གྱི་རིག་གནས་ཁྱད་ཆོས་འདུས་པར་བྱས་ཡོད་པས། ཨ་མདོ་བརྙན་འཕྲིན་དེས་ཨ་མདོ་གཞི་བྱས་ནས་བོད་ཁམས་ཡོངས་ལ་ཞབས་འདེགས་ཞུ་བའི་བྱེད་ཕྱོགས་དང་དམིགས་འབེན་མངོན་པར་བྱས་ཡོད་པ་དེ་དང་། ཕྱོགས་གཞན་ཞིག་ནི་ཐེངས་འདིའི་སྤྲོ་ཚོགས་ཀྱིས་མི་སྣ་གསར་བ་དང་བརྩམས་ཆོས་གསར་བ་མང་པོ་བེད་སྤྱོད་གང་ལེགས་ཀྱིས། བོད་ཁུལ་གྱི་ན་གཞོན་སྒྱུ་རྩལ་པ་དག་ལ་རང་ཉིད་ཀྱི་སྒྱུ་རྩལ་འཇོན་ནུས་ངོམ་སའི་གར་སྟེགས་ཤིག་འདོན་སྤྲོད་བྱས་ཡོད་པ་དེ་ཡིན་ནོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com