འགོ་ཁྲིད་ལས་བྱེད་མི་སྣའི་གྲོས་ཚོགས་ཐོག་སྩལ་བའི་བཀའ་སློབ།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་
འགོ་ཁྲིད་ལས་བྱེད་མི་སྣའི་གྲོས་ཚོགས་ཐོག་སྩལ་བའི་བཀའ་སློབ།
སྤྱི་ལོ༡༩༨༦ལོའི་ཟླ༡༠ཚེས༡༦ཉིན།
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། དེ་རིང་འདི་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལས་བྱེད་མི་སྣ་རྣམས་དང་ལྷན་དུ་འཛོམས་ནས་སྙན་ཞུ་ཚོགས་འདུའི་སྟེང་ང་རང་ལ་སྐད་ཆ་འགའ་བཤད་པའི་གོ་སྐབས་ཐོབ་པ་ནི་ཆེས་དགའ་འོས་པ་ཞིག་རེད། ཐེངས་འདིར་ང་རང་ཀྲུང་དབྱང་གི་བཀའ་མངགས་ལྟར། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་བོད་ལྗོངས་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ས་ཁུལ། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གསུམ་ལ་ཡོང་བ་ཡིན། ཡང་གཅིག་བཤད་ན་ཁམས་ཁུལ་ལ་ལྟ་སྐོར་འཚམས་འདྲིར་ཡོང་བ་ཡིན། ང་ཚོ་བདེ་ཆེན་ལ་སླེབས་པ་ན། ཀྲུང་གུང་ཡུན་ནན་ཞིང་ཆེན་ཨུ་ལྷན། ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་མི་སྣས། འགོ་ཁྲིད་མི་སྣ་དང་ལས་བྱེད་མི་སྣ་མང་པོ་མངགས་ཏེ་ང་ཚོའི་འཚམས་འདྲིའི་ལྟ་སྐོར་ལ་རོགས་སྐྱོར་དང་ཐུགས་འཁུར་གནང་། ང་ཚོར་བདེ་ཆེན་ཁུལ་གྱི་ཏང་དང་སྲིད་གཞུང་། དམག་བཅས་ཀྱི་ལས་བྱེད་མི་སྣ་དང་རིགས་སོ་སོའི་མི་དམངས་ཀྱིས་དགའ་བསུ་ཆེན་པོ་གནང་བ་དང་། སྣེ་ལེན་བཟང་པོ་གནང་བས། ངས་འདི་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མིང་དམངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། གནས་ལུགས་ལྟར་ན། དེ་རིང་ངས་ངེས་པར་དུ་བོད་རང་གི་སྐད་ཀྱིས་བཤད་དགོས། རྒྱུ་མཚན་ནི། ཁུལ་འདི་ནི་བོད་རིགས་རང་སྐྱོང་ཁུལ་ཡིན་པ་དང་ང་རང་ཡང་བོད་རིགས་ཤིག་ཡིན་པས། བོད་སྐད་ཀྱིས་བཤད་ན་གནས་ལུགས་དང་མཐུན་པ་རེད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ལོ་ངོ་ཉི་ཤུའི་རིང་ལ། གཡོན་ཕྱོགས་ཀྱི་ཤན་ཤུགས་ངན་པ་ཐེབས་པས། འདིའི་བོད་རིགས་མང་པོ་ཞིག་གིས་བོད་སྐད་མི་གོ་བའི་ཐོག གནས་འདིར་ད་དུང་མི་རིགས་གཞན་པའི་བློ་མཐུན་ཡོད་པས། གལ་ཏེ་ངས་དེ་རིང་བོད་སྐད་བཤད་ན། མི་མང་པོ་ཞིག་གིས་དོན་མི་གོ་ལ། ནུས་པ་ཡང་ཅི་ཡང་མི་ཐོན། དེའི་ཕྱིར་ངས་རྒྱའི་སྐད་ཀྱིས་བཤད་པ་ཡིན། འོན་ཀྱང་། འདིར་ངས་གསལ་བཤད་བྱེད་དགོས་པ་ནི། དེ་རིང་ངས་རྒྱ་སྐད་ཀྱིས་བཤད་པ་ནི་རྗེས་ཕྱོགས་ཁྱོད་ཚོས་བོད་སྐད་བཤད་མི་དགོས་ཞེས་བཤད་པ་མིན། རྗེས་ཕྱོགས་ཁམས་པའི་ས་ཁུལ་གྱི་ཚོགས་འདུ་ཆེ་ཆུང་མང་པོའི་ཐོག་བོད་སྐད་བཀོལ་བ་ལ་འབད་དགོས་ལ། རྒྱའི་སྐད་ཡང་བཀོལ་དགོས། སྐད་གཉིས་བཤད་ཐུབ་པ་ནི་ངའི་རེ་བ་ཡིན། དེ་རིང་ངས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། མི་རིགས་ས་ཁུལ་གྱི་རང་སྐྱོང་། ད་དུང་མི་རིགས་ཕྱོགས་ཀྱི་གནད་དོན་དག་བཤད་རྒྱུ་ཡིན། རྒྱུ་མཚན་ནི། བཅིངས་འགྲོལ་བྱས་པ་ནས་བཟུང་། བདེ་ཆེན་ཁུལ་ཏང་གི་འགོ་ཁྲིད་འོག་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་ཉི་འོད་འོག་ཕྱོགས་སོ་སོར་དགའ་འོས་པའི་གྲུབ་འབྲས་ཐོབ། འོན་ཀྱང་། ང་བརྒྱད་ལོ་ནས་བཟུང་ད་བར་ལོ་ངོ་ཉེར་ལྔའི་རིང་གི་གཡོན་ཕྱོགས་ཀྱི་ཤན་ཤུགས་ཀྱིས་མི་རིགས་བྱ་བ་མང་པོར། མི་རིགས་གནད་དོན་ཐོག་ནོར་འཁྲུལ་གྱི་ལྟ་བ་མང་པོ་འདུག དེའི་ཕྱིར། ད་དུང་ངེས་པར་དུ་མི་རིགས་སྲིད་ཇུས་ལ་གསར་དུ་སློབ་སྦྱོང་བྱེད་དགོས། ང་ཚོའི་ངོས་ཟིན་ལྟ་བ་ནི་ངོས་ཟིན་ནས་ཡང་ཡང་ངོས་ཟིན་བྱས་ཏེ་མཐོར་འདེགས་བྱས་ནས་སླར་ཡང་ངོས་ཟིན་བྱེད་པ་དེ་རེད། དོན་དག་འགའ་ཞིག་སྔོན་ལ་ཡང་ང་ཚོས་བཤད་མྱོང་ཡོད། འོན་ཀྱང་ང་ཚོ་སུས་ཀྱང་དོ་སྣང་ཆེན་པོ་མ་བྱས། དེའི་ཕྱིར། ངས་གོ་སྐབས་འདི་དང་བསྟུན་ནས་བཤད་རྒྱུ་ཡིན།
གཅིག གཅིག་གྱུར་གྱི་གནད་དོན་སྐོར།
ང་ཚོའི་མེས་རྒྱལ་ནི་མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཞིག་ཡིན་ལ། མི་རིགས་ང་དྲུག་དང་མི་གྲངས་དུང་ཕྱུར་བཅུ་ལྷག སའི་རྒྱ་ཁྱོན་གྱིས་འཛམ་གླིང་གི་ཨང་གསུམ་པ་ཟིན། མི་རིགས་ང་དྲུག་ཁྲོད་རྒྱ་མི་རིགས་ནི་མི་རིགས་ཆེན་པོ་ཞིག་ཡིན་ལ། མི་གྲངས་ཀྱིས93%བཟུང་། གྲངས་ཉུང་མི་རིགས55ཡིས6%ཟིན། སྡོད་གནས་ཀྱི་རྒྱ་ཁྱོན་ལས་རྒྱ་མི་རིགས་ཀྱིས55%བཟུང་། གྲངས་ཉུང་མི་རིགས་ཀྱིས50%ནས60%ཟིན། ང་ཚོས་རྒྱུན་དུ། རང་རྒྱལ་ནི་ས་ཆེ། ཐོན་ཁུངས་ཕྱུག་ལ། མི་མང་རིགས་མང་ཞེས་གླེང་། མི་མང་ཞེས་པ་ནི་རྒྱ་རིགས་ཀྱི་མི་གྲངས་མང་བ་དང་། ས་ཆེ་ཞེས་པ་ནི་གྲངས་ཉུང་མི་རིགས་ས་ཁུལ་ཆེ་བ་ལ་གོ་བ་ཡིན། ཐོན་ཁུངས་སམ་དངོས་པོ་ཚང་མར་ལྡན། དེའི་ཕྱིར། རྒྱ་རིགས་དང་གྲངས་ཉུང་མི་རིགས་ཕན་ཚུན་ཁ་བྲལ་ཐབས་མེད། གྲངས་ཉུང་མི་རིགས་རྒྱ་རིགས་ལ་ཁ་བྲལ་ཐབས་མེད་ལ། རྒྱ་རིགས་ཡང་གྲངས་ཉུང་མི་རིགས་དང་ཁ་བྲལ་ཐབས་མེད། ང་ཚོའི་མེས་རྒྱལ་འཕེལ་རྒྱས་སུ་གཏོང་དགོས་ན། མི་མཁོ་ལ་རྒྱ་ཆེ་བའི་སའི་རྒྱ་ཁྱོན་ཡང་དགོས་པ་དང་། ཕུན་སུམ་ཚོགས་པའི་དངོས་པོའི་ཐོན་ཁུངས་ཡང་དགོས། གཞན། ལོ་ངོ་སྟོང་ཕྲག་དུ་མའི་ཀྲུང་གོའི་ལོ་རྒྱུས་སྟེང་རིགས་སོ་སོའི་འཕེལ་རྒྱས་མི་འདྲ། དེ་ལས་མི་རིགས་སྐོར་ཞིག་གིས་སྔོན་ཆད་རང་ཉིད་ཀྱི་སྒེར་ཚུགས་ཀྱི་རྒྱལ་ཁབ་བཙུགས་ལ། མཚམས་རེར་མི་རིགས་ཤིག་དང་མི་རིགས་གཞན་ཞིག་གཅིག་གྱུར་གྱི་སྣང་ཚུལ་ཆགས། མཚམས་རེར་མི་རིགས་ཆེན་པོས་མི་རིགས་ཆུང་བ་དབང་སྒྱུར་བྱས། མཚམས་རེར་མི་རིགས་ཆུང་བས་མི་རིགས་ཆེ་བ་དབང་སྒྱུར་བྱས། གང་ལྟར། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་སྟེང་། སྤྱི་མཐུན་གྱི་འཛུགས་སྐྲུན་རྩ་བའི་ཆོས་ཉིད་དུ་གྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིགས་སོ་སོས་མཉམ་དུ་ཀྲུང་ཧྭའི་མཚར་སྡུག་ལྡན་པའི་མི་རིགས་རིག་གནས་གསར་སྐྲུན་བྱས། ཀྲུང་ཧྭ་མི་རིགས་ཞེས་པ་ལ་ཆེ་ཕྱོགས་ཀྱི་འགྲེལ་བཤད་ཞིག་དང་ཆུང་ཕྱོགས་ཀྱི་འགྲེལ་བཤད་ཡོད་དེ། ཆུང་ཕྱོགས་ནས་རྒྱ་རིགས་ལ་གོ་ཆེ་ཕྱོགས་ནས་མི་རིགས་ཚང་མར་གོ དེའི་གྲས་སུ་གྲངས་ཉུང་མི་རིགས་གཏོགས་ལ། ང་ཚོ་ཚང་མ་ཡང་དེའི་གྲས་ཀྱི་མི་སྣ་ཡིན་པས། ང་ཚོའི་ལས་དབང་གཅིག་ཏུ་འབྲེལ་ཡོད།
ཕྱི་ལོ༡༩༥༩ལོར། ཀྲུང་གོ་གུང་ཁྲན་ཏང་དང་མའོ་ཀྲུང་ཞི་སོགས་གསར་བརྗེ་རྒན་རབས་པ་སྐོར་ཞིག་གིས་འགོ་ཁྲིད་འོག རིགས་སོ་སོའི་མི་དམངས་ཀྱིས་ཕྱི་ནང་གི་ལྡོག་ཕྱོགས་ཕམ་པར་བརྒྱབ་པ་དང་། རི་བོ་ཆེན་པོ་གསུམ་རྩ་བ་ནས་གཏོར་ཏེ་ཀྲུང་གོ་གསར་པ་བཙུགས། དེ་ནས་བཟུང་། རིགས་སོ་སོའི་མི་དམངས་ཀྱིས་འདྲ་མཉམ་གྱི་དབང་ཆ་ལོངས་སུ་སྤྱད། འདི་ནི་ཀྲུང་གོའི་ལོ་རྒྱུས་སྟེང་ཐེངས་དང་པོར་མི་དམངས་བདག་པོ་ཡིན་པའི་སྲིད་དབང་ཡིན། འདིའི་སྔོན་ལ། རིགས་སོ་སོའི་བར་ལ་མཚམས་རེར་མི་རིགས་ཞིག་གིས་མི་རིགས་གཞན་ཞིག་དབང་སྒྱུར་བྱས་ཏེ་དབང་སྒྱུར་དང་དབང་སྒྱུར་བྱེད་ཡུལ་གྱི་འབྲེལ་བ་ཆགས། མཚམས་རེར་མི་རིགས་ཤིག་གི་ནང་ཁུལ་ནས་ཀྱང་དབང་སྒྱུར་གྲལ་རིམ། དབང་སྒྱུར་མི་རིགས་དང་དབང་སྒྱུར་གྲལ་རིམ་བྱེད་ཡུལ། མི་རིགས་དབང་སྒྱུར་བྱེད་ཡུལ་བཅས་ཆགས། སོག་རིགས་དང་མན་རིགས་ནི་མི་རིགས་ཆུང་བ་ཞིག་ཡིན། འོན་ཀྱང་ཀྲུང་གོར་དབང་སྒྱུར་བྱས་མྱོང་ལ་སྟོབས་ཤུགས་ཧ་ཅང་ཆེ། ཡང་དཔེར་ན། ང་ཚོ་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་རིགས་གཅིག་གྱུར་བྱས་ཏེ། གནའ་རབས་ཀྱི་སྟོབས་འབྱོར་ལྡན་པའི་ཐུ་བྷོད་རྒྱལ་རབས་བཙུགས་པ་དང་ཡི་གེ་གསར་གཏོད་མཛད། ཁོང་ནི་རླབས་ཆེ་བའི་མི་རིགས་ཀྱི་དཔའ་པོ་ཞིག་རེད། ཁོང་ལ་མཛད་རྗེས་ཆེན་པོ་གསུམ་ཡོད་པ་སྟེ། གཅིག ཁོང་གིས་བོད་རིགས་གཅིག་གྱུར་བྱས་ཏེ་ཐུ་བྷོད་རྒྱལ་ཁབ་བཙུགས་རྗེས། ཡི་གེ་གསར་གཏོད་མཛད་པ་དང་། གཉིས། ཁྲིམས་ལུགས་གཏན་ལ་ཕབ་ཏེ་ནང་བསྟན་གྱི་མི་ཆོས་ཀུན་སྤྱོད་ཀྱི་ལྟ་བ་ལ་བརྟེན་ནས་བོད་མི་དམངས་རིག་གནས་གསར་བའི་ལོ་རྒྱུས་ཀྱི་དུས་སྐབས་ཞིག་ཏུ་སླེབས་སུ་བཅུག གསུམ། ཁོང་གིས་མཐའ་འཁོར་གྱི་རྒྱལ་ཁབ་དག་ལ་འགྲིག་མཐུན་གྱི་འབྲེལ་བ་བཙུགས། ལྷག་པར་དུ་རྒྱ་མི་རིགས་དང་འགྲོ་འོང་གི་འབྲེལ་བ་བཙུགས་ལ། གཉེན་འབྲེལ་ལ་བརྟེན་ནས་སྔོན་ཐོན་གྱི་ཚན་རིག་ལག་རྩལ་ནང་འདྲེན་བྱས་ཏེ་རང་ཉིད་འཕེལ་རྒྱས་སུ་བཏང་། དབང་སྒྱུར་གྱི་ལོ་རྒྱུས་ལོ་ངོ་ཉིས་བརྒྱ་ལྷག་ནས་ལོ་ངོ་སུམ་བརྒྱ་ལྷག་ལ་བསྲིངས། འོན་ཀྱང་རྗེས་ནས་གཞན་གྱིས་བཙན་བཟུང་བྱས་ཏེ་གྲུབ་མཐའ་སོ་སོས་རང་རང་ས་ནས་བདག་བཟུང་བྱས། མཇུག་མཐར་ཡང་ཚང་མ་རྒྱལ་ཁབ་གཅིག་གིས་དབང་སྒྱུར་གྱི་མངའ་འོག་ཏུ་ཚུད། ངས་ད་གླེང་བ་ནི་ལོ་རྒྱུས་རེད། ངས་བཤད་འདོད་པ་ནི། གཅིག་གྱུར་གྱི་དཀྱོགས་མཚམས་ཆེན་པོ་ཞིག་རེད། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་རེད། དེ་རིགས་སོ་སོའི་དགོས་མཁོ་དང་མཐུན་པ་རེད།
ལོ་རབས་ལྔ་བཅུའི་མགོར། ཏང་གི་འོད་སྟོང་འབར་བའི་སྲིད་ཇུས་འོག རིགས་སོ་སོ་ཚང་མ་བདག་པོ་བྱས་ལ། དཔལ་འབྱོར་རིག་གནས་ལ་འཕེལ་རྒྱས་བྱུང་། ཏང་གི་སྲིད་ཇུས་མང་པོ་གཏན་འཁེལ་བྱས་ཡོད། དཔེར་ན། འདྲ་མཉམ་དང་གྲངས་ཉུང་མི་རིགས་ཀྱི་ཆོས་དད། ཡུལ་སྲོལ། སྐད་ཆ། ཡི་གེ་སོགས་ལ་བརྩི་བཀུར་བྱེད་པ། བློ་གཅིག་སེམས་གཅིག་གིས་ཐུགས་འཁུར་གནང་བ་དང་གྲངས་ཉུང་མི་རིགས་ལ་རོགས་སྐྱོར་བྱེད་དགོས། རིགས་སོ་སོ་འདྲ་མཉམ་གྱི་རྨང་གཞི་སྟེང་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཕན་ཚུན་ལ་རོགས་རམ་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས། འདི་ནི་རྒྱ་ཆེ་བའི་མི་རིགས་ཀྱི་དགོས་མཁོ་དང་མཐུན། མི་རིགས་ཆེན་པོ་ཡང་འདུས་ལ་ཆུང་བ་ཡང་འདུས། དེའི་ཕྱིར། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱས་ཏེ་མེས་རྒྱལ་གྱི་རིགས་སོ་སོ་བདེ་སྐྱིད་ལྡན་པ་དང་འཕེལ་རྒྱས་ལྡན་པར་བྱེད་དགོས། འདི་ནི་ཆེས་རྩ་བ་རེད། ང་ཚོས་གཅིག་གྱུར་ལ་གཅེས་སྤྲས་བྱེད་དགོས། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་གཅིག་གྱུར་ལ་སྲུང་སྐྱོབ་དང་གཅིག་གྱུར་འཕེལ་རྒྱས་སུ་གཏོང་དགོས། ང་ཚོ་ནམ་ཡང་མི་གཅིག་དང་འདྲ་བར་ཏང་གི་ཉེ་མཐའ་ནས་མཐུན་སྒྲིལ་བྱེད་དགོས། ལྡོག་ཕྱོགས་སམ་དངོས་ཕྱོགས་གང་གི་ཁོར་ཡུག་ནས་ཀྱང་། ཚང་མ་ངེས་པར་དུ་འདི་ལྟར་བྱེད་དགོས། འདི་ལྟར་བྱས་ན་ད་གཟོད་ང་ཚོ་ཚང་མའི་དགོས་མཁོ་དང་མཐུན་པ་ཡིན། ཚང་མས་བློ་གཅིག་སེམས་གཅིག་གིས་ཕན་ཚུན་གཅིག་ཏུ་འབྲེལ་ན་བྱ་བ་ཞིག་བསྒྲུབ་ན་ཆེས་སླ་མོ་ཞིག་ཡིན་ལ། རྒྱལ་ཁའི་རེ་བ་ཡང་ཧ་ཅང་མཐོ། བསམ་བློ་གཅིག་ཏུ་མ་མཐུན་ན་དོན་དག་མང་པོ་ཞིག་འགྲུབ་དཀའ།
གཉིས་པ། མི་རིགས་ས་ཁུལ་གྱི་གནད་དོན་སྐོར།
ངས་རང་ཉིད་ཀྱི་བསམ་འཆར་གླེང་རྒྱུ་ཡིན། ངས་བལྟས་ན། མི་རིགས་ས་ཁུལ་གྱི་རང་སྐྱོང་ནི་རྩ་བའི་སྲིད་ཇུས་རེད། རྩ་བའི་སྲིད་ཇུས་ཡིན་ན། གཙོ་བོ་སྲིད་ཇུས་རེད། འདི་ལ་ནང་དོན་ཡོད་པ་རེད། ནང་དོན་མེད་ན་དོན་སྙིང་ཅི་ཡང་མེད་པ་རེད། ཡང་གཅིག་བཤད་ན། མི་རིགས་ས་ཁུལ་རང་སྐྱོང་བྱས་པ་ནས་རང་སྐྱོང་ས་ཁུལ། ཆབ་སྲིད་དཔལ་འབྱོར་སྟེང་དགེ་མཚན་ལྡན་དགོས། རང་སྐྱོང་ཁུལ་དང་ཞིང་ཆེན་མི་འདྲ། རང་སྐྱོང་ཁུལ་དང་ས་ཁུལ་མི་འདྲ། རང་སྐྱོང་རྫོང་དང་རྫོང་མི་འདྲ། མི་རིགས་ས་ཁུལ་གྱི་རང་སྐྱོང་བཅའ་ཁྲིམས་ནི་ཁྲིམས་ལུགས་ལམ་ལུགས་ཀྱི་ངོས་ནས་རང་སྐྱོང་ས་ཁུལ་གཏན་འཁེལ་བྱས་པའི་དབང་གིས། གྲངས་ཉུང་མི་རིགས་ལས་བྱེད་པས་སྣེ་ཁྲིད་གཙོ་བོ་བྱེད་དགོས། འདི་ནི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་རང་གི་མི་རིགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཟབ་མོ་ཡོད་པ་དང་བརྩེ་དུང་ཡོད་པས། ཏང་གི་རང་སྐྱོང་ས་ཁུལ་གྱི་སྲིད་ཇུས་མངོན་གྱུར་བྱེད་ཐུབ་པ། ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་དབང་ཆ་སོ་སོར་བཀོལ་སྤྱོད་བཟང་པོ་བྱས་ཏེ། རང་མི་རིགས་ས་ཁུལ་གྱི་མི་དམངས་ཕྱུག་པོར་བསྒྱུར་ཐུབ། སྔོན་ཆད་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འགའ་ཞིག་གིས་རང་མི་རིགས་ཀྱི་མི་དམངས་ལ་དོན་བཟང་ཅི་ཡང་མ་སྒྲུབ་ལ། ཁོ་ཚོར་རང་ཉིད་མི་རིགས་ལ་བརྩེ་དུང་ཡོད་པ་ཕར་ཞོག མི་འགའ་ཞིག་གིས་ཐ་ན་རྒྱ་རིགས་ཆེན་པོའི་རིང་ལུགས་བཟུང་། ཕྱི་ནས་ཡོང་བའི་ལས་བྱེད་པ་དང་བསྡུར་ན་ཧ་ཅང་ཚབས་ཆེན་རེད། ཅི་འདྲའི་གཡོན་ཕྱོགས་ཡིན་ན། དེ་བཞིན་དུ་བཟང་བར་འདོད། རང་གི་མི་རིགས་ཀྱི་མི་དམངས་བསམ་གི་མེད། ལོ་རབས་ལྔ་བཅུའི་མགོར། མི་རིགས་ལས་བྱེད་པ་མང་པོ་ཞིག་ལ་རིག་གནས་ཡོད་པ། ནུས་པ་ལྡན་པ་དང་། མེས་རྒྱལ་ལ་བློ་དཀར་བ། རང་ཉིད་ཀྱི་མི་རིགས་ལ་དགའ་ཞེན་ཆེ་ལ། རང་གི་མི་རིགས་ཀྱི་མི་དམངས་ཆེད་དུ་སྐད་ཆ་བཤད་ཐུབ། རྗེས་ནས། ས་ཁུལ་རིང་ལུགས་ལ་ངོ་རྒོལ་བྱས་པས། ཡོད་ཚད་གཞན་པས་མེད་པར་བཏང་ཞིང་། དེའི་རྗེས་ནས། མི་རིགས་ལས་བྱེད་པ་དག་ལ་རང་གི་མི་རིགས་ཀྱི་མི་དམངས་ཆེད་དུ་སྐད་ཆ་བཤད་ཐུབ་མཁན་མ་བྱུང་། ལྷག་པར་དུ་ད་ལྟ། ཐ་ན་མི་རིགས་ཀྱི་སྐད་ཆ་དང་ཡི་གེ་ཡུལ་སྲོལ་གོམས་འདྲིས་ལྭ་བ་ཐམས་ཅད་ཉམས་པ་ཧ་ཅང་མགྱོགས། འདི་ནི་གཡོན་ཕྱོགས་སྲིད་ཇུས་ཀྱི་ཤན་ཤུགས་ཐེབས་པ་རེད། ད་ལྟ་སྲིད་ཇུས་བཅོས་སྒྱུར་བྱས་ཡོད་པས། ཁྱོད་ཚོས་ཀྱང་བཅོས་སྒྱུར་བྱེད་དགོས། མི་འགའ་ཞིག་གི་མེས་པོ་ནི་གྲངས་ཉུང་མི་རིགས་ཡིན་ཀྱང་། ཁོ་ཚོ་རང་ཉིད་མི་རིགས་ལ་བརྩེ་དུང་མེད། འདི་ལྟ་བུའི་མི་ནི་ལས་བྱེད་པ་བཟང་པོ་མ་རེད། ངས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཆོས་ཉིད་ཞིག་དམ་དུ་བཟུང་ཡོད་པ་ནི། ང་རང་མེས་རྒྱལ་ལ་དགའ་བ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད། ང་ལ་ཡང་སྔོན་ཆད་གཞན་པའི་ནོར་འཁྲུལ་གྱི་འདུ་ཤེས་བཟུང་མྱོང་མོད། དེའི་མཉམ་དུ་ང་ཡང་རང་ཉིད་ཀྱི་མི་རིགས་ལ་དགའ་བ་དང་རང་གི་ཆོས་ལུགས་ལ་དགའ་བ་ཡིན། དེའི་ཆེད་དུ་ང་རང་གནམ་གྲུར་བསྡད་མྱོང་ལ། བཙོན་ཁང་དུ་ཡང་བསྡད་མྱོང་། ཡིན་ན་ཡང་ངས་བལྟས་ན། མི་རིགས་ཀྱི་ལས་བྱེད་པ་ཡིན་ན། རང་ཉིད་ཀྱི་མི་རིགས་ལ་དུངས་ཞེན་ཡོད་དགོས། རང་ཉིད་ཀྱི་ཕ་མ་ལ་མི་དགའ་བ་དང་། རང་ཉིད་ཀྱི་ཕ་ཡུལ་དང་རང་ཉིད་ཀྱི་མི་རིགས་ལ་མི་དགའ་བ་ཞིག་ནི་རྒྱལ་ཁབ་ལ་དགའ་བའི་དཔའ་བོ་ཞིག་ཏུ་འགྱུར་རམ། ང་འདི་ལ་གཏན་ནས་ཡིད་ཆེས་མེད། མི་རིགས་ས་ཁུལ་གྱི་རང་སྐྱོང་ས་ཆའི་བྱ་བཞག་ཡོད་ཚད་སྒྲུབ་པ་བཟང་མིན་དེ་གཙོ་བོ་མི་རིགས་ལས་བྱེད་པར་ཐུག་ཡོད། དེའི་ཕྱིར། མི་རིགས་ལས་བྱེད་པ་འདེམ་བསྐོ་བྱེད་སྐབས་སྔོན་ལ་གནད་དོན་འདི་ལ་བསམ་གཞིག་གཏོང་དགོས། ང་ཚོའི་སྒྲིག་གཞི་ལས་ཁུངས་ཀྱིས་སྔོན་ཆད་གནད་དོན་འདིའི་ཐོག་ནས་ནོར་འཁྲུལ་མང་པོ་བྱུང་བ། ཐ་ན་ནོར་འཁྲུལ་འགའ་ཤས་བཟོས་མྱོང་། ང་ཚོའི་མི་རིགས་ལས་བྱེད་པ་འགས་རང་ཉིད་ཀྱི་མི་རིགས་བསམ་སྟེ་སྐད་ཆ་འགའ་བཤད་པས། གཞན་པས་ངོ་རྒོལ་དང་ཕྱི་ཕུད་བྱས་ཏེ་ཁོ་ཚོར་སེམས་ལྷོད་པོའི་ངང་བྱ་བ་སྒྲུབ་ཏུ་མ་བཅུག འདི་ནི་མི་རིགས་ཡོངས་དང་རྒྱལ་ཁབ་སྤྱིའི་འཕེལ་རྒྱས་ལ་གནོད་ངེས། ང་ཚོའི་བོད་རིགས་ས་ཁུལ་དུ་དཔལ་འབྱོར་ལས་བྱེད་མི་སྣ་དང་རིག་གནས་ལས་བྱེད་མི་སྣ་མི་མང་། ས་ཆ་འགའ་ཤས་ནས་མི་རིགས་ལས་བྱེད་མི་སྣས་རང་ཉིད་ཀྱི་ནུས་པ་བཟང་པོ་ཐོན་མི་འདུག འདིའི་ནང་དུ་ཆུ་ཚད་ཀྱི་གནད་དོན་འདུས་ལ་གཞན་པའི་གྲུབ་ཆ་ཡང་འདུས། ངའི་རེ་བ་ཡིན་ན། རྒྱ་རིགས་ལས་བྱེད་པས་བློ་གཅིག་སེམས་གཅིག་གིས་བོད་རིགས་ལས་བྱེད་པ་གསོ་སྐྱོང་བྱས་ནས་མྱུར་དུ་བྱ་བ་སྒྲུབ་པའི་ཆུ་ཚད་ལ་ཐོན་དགོས། བོད་རིགས་ལས་བྱེད་མི་སྣས་ཀྱང་རང་ཉིད་ལ་རེ་བ་ནན་མོ་བཟུང་སྟེ་གོམས་གཤིས་འགའ་བཅོས་བསྒྱུར་བྱེད་དགོས། དཔེར་ན། ཆང་འཐུང་བ། མི་ལ་ལས་ཉིན་གང་ཆང་འཐུང་ནས་བྱ་བ་དལ་འགོར་བྱེད་ཀྱིན་འདུག འདི་ལྟར་བྱས་ན་ཧ་ཅང་མི་བཟང་། གཞན་པས་རང་ཉིད་དམའ་སར་འཇོག་ངེས་ལ་མི་རིགས་ལས་བྱེད་མི་སྣས་ཀྱང་དམའ་སར་འཇོག་ངེས། མི་རིགས་ལས་བྱེད་པའི་བྱ་བའི་ཀུན་སྤྱོད་ཀྱིས་རང་ཉིད་མི་རིགས་ས་ཆའི་བྱ་བ་ཐམས་ཅད་ལ་ཤན་ཤུགས་ཐེབས་པས། མི་རིགས་ལས་བྱེད་པའི་མི་སྣས་ཅི་ཡང་མི་ཤེས་ལ་ཅི་ཡང་མ་སྦྱངས་ན་བྱ་བ་ཅི་ལྟར་བསྒྲུབ། བོད་རིགས་ལས་བྱེད་མི་སྣས་རང་ཉིད་ལ་ཡིད་ཆེས་བྱེད་དགོས་ལ། མི་རིགས་གཞན་པས་སྒྲུབ་ཐུབ་པ་རང་ཉིད་ཀྱིས་ཀྱང་སྒྲུབ་ཐུབ་པར་ཡིད་ཆེས་བྱེད་དགོས། བདེ་ཆེན་ཁུལ་གྱིས་ད་སྐབས་སྒྲུབ་པའི་བྱ་བ་འགའ་སྔོན་དང་མི་དོ། དཔེར་ན། ཤིང་གི་ཅ་ནེ་བཟོས་པའི་ལག་རྩལ་ལོ་རྒྱུས་ཀྱི་རྒྱུན་རིང་མོད། ད་སྐབས་ཁྱོད་ཚོས་སྒྲུབ་པའི་བཟོ་གྲྭའི་བཟོ་ཁང་ཆུང་བ། ཆུང་དྲགས་པས་ཡིད་སྐྱོ་པོ་འདུག རྒྱུ་སྤུས་ཀྱང་སྔོན་དང་མི་དོ། འདི་ལ་ཅི་ལྟར་མི་རིགས་ལག་རྩལ་ཟེར། ལག་རྩལ་སླ་མོ་འགའ་ཡང་ས་ཁུལ་གྱི་མིས་བཟོ་མི་ཤེས་ལ། ད་དུང་ཕྱི་ནས་མི་གདན་དྲངས་ཏེ་ལས་དགོས་ལ། སྒོར་མོ་ཐམས་ཅད་ཡང་གཞན་པས་ཁྱེར་སོང་། ངས་འདི་ལྟར་བཤད་པ་ནི་བཅིངས་འགྲོལ་བྱས་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ང་ཚོའི་བྱ་བ་མང་པོ་ཞིག་རྗེས་ཆོད་ཀྱིན་མི་འདུག ས་ཆ་འགའ་ཤས་ནས། མི་རིགས་ལས་བྱེད་མི་སྣས་རང་ཉིད་ལ་ཡིད་ཆེས་བྱེད་པའི་སྙིང་སྟོབས་ཉམས་འདུག་སྟེ། རང་ཉིད་ཀྱིས་སྒྲུབ་ནུས་པའི་བྱ་བ་ཡང་ཧུར་ཐག་གིས་སྒྲུབ་ཀྱིན་མི་འདུག འཇིག་རྟེན་བྱ་བ་ཐམས་ཅད་ནི། སློབ་ན་མི་ཤེས་པ་གཅིག་ཀྱང་མེད། ང་ཚོས་ངེས་པར་དུ་ནུས་ཤུགས་བཀོལ་ནས་སྔོན་ཐོན་གྱི་ལག་རྩལ་དང་སྔོན་ཐོན་གྱི་རིག་གནས་ཚན་རིག་སྦྱང་དགོས། འོན་ཀྱང་རུལ་སུང་གི་འཚོ་བ་རོལ་ཐབས་སྦྱངས་མི་རུང་། གཞོན་ནུ་ལ་ལ། འགྲོ་ཞོར་དུ་ད་དུང་ཏི་སི་ཁོ་འཁྲབ་ཀྱིན་འདུག(དགོད་སྒྲ)གཞོན་ནུ་ལ་ལ། རྙོག་དྲ་སྐོར་ཏག་ཏག་ལ་ལྟ་རྒྱུ་དགའ་སྟེ་བཟང་པོ་མི་སློབ་པར། ངན་ཕྱོགས་སློབ་ཀྱིན་འདུག ད་དུང་འདི་ཚབས་ཇེ་ཆེར་འགྲོ་ཀྱིན་འདུག མི་རིགས་ཤིག་ལ་རང་བཀུར་སེམས་པ་དང་རང་རློམ་སེམས་པ། ད་དུང་རང་ཉིད་ལ་དགའ་བ། རང་ཉིད་ཀྱིས་འཕེལ་རྒྱས་གཏོང་དགོས། ལོ་འགའི་སྔོན་ལ། ང་ཚོས་མཚམས་མི་ཆད་པར་འགུལ་སྐྱོད་སྤེལ་ཏེ་གཏོར་བརླག་ཚབས་ཆེན་བཟོས། ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས་ཏང་གི་སྲིད་ཇུས་ཐམས་ཅད་རིམ་གྱིས་ཆགས་ཏེ་ཏང་གི་བྱ་བ་སླར་གསོ་བྱུང་ནས། གཙོ་བོ་གྲལ་རིམ་འཐབ་རྩོད་ནས་དཔལ་འབྱོར་འཛུགས་སྐྲུན་ཕྱོགས་སུ་བསྒྱུར། ས་ཆ་མང་པོ་ཞིག་ནས་བཅོས་བསྒྱུར་བྱས། བྱ་གཞག་མང་པོ་ཞིག་རྗེས་སུ་འབྲངས་ཐུབ་པ་བྱུང་། ཡིན་ཡང་ས་ཆ་ལ་ལའི་དཔལ་འབྱོར་འཕེལ་རྒྱས་ད་དུང་ཧ་ཅང་དལ། དཔེར་ན། བདེ་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ད་དུང་དེ་ཙམ་མགྱོགས་པོ་མིན། ད་དུང་ཤིང་སྡོང་བཅད་དེ་དཔལ་འབྱོར་དགོས་མཁོ་སྐོང་ཐབས་བྱེད་ཀྱིན་འདུག ད་དུང་མུ་མཐུད་དུ་འདི་ལྟར་སོང་ན་རང་བྱུང་ཐོན་ཁུངས་དོ་མཉམ་ལ་གནོད་སྐྱོན་ཐེབས་ཏེ་བསུབ་ཐབས་བྲལ་བའི་མཇུག་འབྲས་ངན་པ་འབྱུང་ངེས། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ན་ཕྱོགས་མང་པོ་ནས་བསམ་གཞིག་གཏོང་དགོས་ལ་། བྱེད་ཐབས་ལེགས་པོ་འཚོལ་དགོས། བདེ་ཆེན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་པས། ཕྱོགས་གཞན་པའི་བཟོ་རྩལ་འཕེལ་རྒྱས་བཏང་ན་ཆོག དཔེར་ན་ལས་སྣོན་བཟོ་རྩལ་ལྟ་བུ། དཔལ་འབྱོར་དང་རིག་གནས་ཕྱོགས་སོ་སོ་ནས་འབད་བརྩོན་ཆེན་པོ་བྱེད་དགོས། མི་ལ་ལར་ཡོན་ཏན་ཡོད་ན། སྔོན་ལ་རང་ཉིད་མི་རིགས་ཀྱི་སྐད་ཡིག་ཤེས་དགོས《རང་སྐྱོང་བཅའ་ཁྲིམས》ནང་གཏན་འཁེལ་ལྟར་ན། མི་རིགས་ས་ཁུལ་གྱི་རང་སྐྱོང་ས་ཆར་རང་ཉིད་ཀྱི་ཡིག་རིགས་བཀོལ་སྤྱོད་བྱེད་དགོས། བོད་རིགས་ས་ཁུལ་དུ་བོད་ཡིག་བཀོལ་སྤྱོད་བྱེད་དགོས། ལེ་ལེ་རིགས་རང་སྐྱོང་རྫོང་དུ་ལེ་ལེ་ཡི་གེ་བཀོལ་སྤྱོད་བྱེད་དགོས། དེ་དང་མཉམ་དུ་རྒྱ་ཡིག་ཀྱང་ཤེས་དགོས་པས་འདི་ཕྱོགས་ནས་ཚང་མས་དོ་སྣང་བྱེད་དགོས། རང་རྒྱལ་ནི་མི་རིགས་མང་པའི་རྒྱལ་ཁབ་ཞིག་ཡིན། མི་རིགས་ནི་མུ་མཐུད་དུ་འཕེལ་རྒྱས་ཀྱིས་འགྱུར་ལྡོག་ལས་བྱུང་བ་ཡིན། འདི་ནི་རང་བྱུང་གི་ཆོས་ཉིད་ཞིག་དང་དུས་ཡུན་རིང་པོ་ཞིག་བརྒྱུད་པ་ཡིན། འོན་ཀྱང་། གོ་རིམ་དང་པོ་ནས་གཅིག་གྱུར་བྱུང་མི་ཐུབ། སྐད་རིགས་དང་འཚོ་བའི་གོམས་འདྲིས་ཀྱི་བར་ཆད་ད་ལྟ་ཡང་ད་དུང་མི་རིགས་སོ་སོར་རང་ཉིད་ཀྱི་ཁྱད་ཆོས་མ་ཉམས་པར་གནས་ཡོད་པས། དུས་དེ་ཉིད་དུ་འགྱུར་ལྡོག་བྱེད་མི་ཐུབ། ཆིན་རྒྱལ་རབས་ནི་མན་ཇུ་རིགས་ཀྱིས་དབང་བསྒྱུར་བྱས་པ་ཡིན། རིགས་དེས་ཀྱང་ཁོ་ཚོའི་མི་རིགས་ཀྱི་གོམས་འདྲིས་ལྟར་ཀྲུང་གོ་བཅོས་སྒྱུར་བྱས་མོད། མཐར་ཕམ་སོང་། མི་རིགས་གཅིག་གྱུར་ནི་ངེས་པར་དུ་རྨང་གཞི་ངེས་ཅན་ཞིག་དགོས་ཏེ་ངེས་པར་དུ་འཕེལ་རྒྱས་བྱུང་ནས་དུས་སྐབས་ཞིག་ལ་སླེབས་དགོས། མིས་གཅིག་གྱུར་བསམ་ན་དེ་ནི་འགྲུབ་མི་ཐུབ་པ་ཞིག་ཡིན། ད་ཐེངས་ང་བདེ་ཆེན་ལ་ཡོང་བ་ནི་འདིས་བོད་ཡིག་བཀོལ་སྤྱོད་བྱས་པ་མི་བཟང་པས། ངས་འདིའི་མགོ་ཁྲིད་དག་ལ་བཀའ་བཀྱོན་བྱས་པ་ཡིན། འདིར་གོམས་གཤིས་ཤིག་ཡོད་པ་ནི་སྲིད་ཇུས་སྡུག་པོ་ཞིག་རེད། བྱིས་པ་སློབ་གྲྭར་འགྲོ་རན་དུས་ཚང་མས་རྒྱ་མིང་འདོགས་ཀྱིན་འདུག འདི་ནི་ཆེས་དགོད་བྲོ་བ་ཞིག་རེད། ང་ཚོའི་མཚན་སྙན་ལ་གནོད་པར་འདོད། ད་སྐབས་མི་མང་པོ་ཞིག་ནོར་བ་ངོས་ཟིན་བྱུང་ནས་མོས་མཐུན་གྱིས་བཅོས་སྒྱུར་བྱེད་ཀྱིན་འདུག འདི་ཧ་ཅང་བཟང་། ཏང་གི་སྲིད་ཇུས་ནོར་ཆོག་སྟེ་དག་བཅོས་བྱས་ན་བཟང་། ཉེ་ལམ་ཁུལ་ནས་ཐག་གཅོད་ཞིག་བྱས་འདུག བོད་ཀྱི་སྐད་ཡིག་སློབ་གསོ་འཕེལ་རྒྱས་དམ་འཛིན་བྱེད་ཀྱིན་འདུག འདི་ཧ་ཅང་བཟང་། ཁུལ་དང་རྫོང་གི་ལས་བྱེད་མི་སྣས་དོ་སྣང་བྱེད་དགོས་ལ་ནན་ཏན་གྱིས་ཉོན། རིམ་པ་སོ་སོའི་ལས་བྱེད་མི་སྣས་མྱུར་དུ་དོན་དག་འདི་ཐག་གཅོད་བྱེད་དགོས། ངའི་རེ་བ་ནི་ཐེངས་རྗེས་མར་ང་བདེ་ཆེན་ལ་ཡོང་དུས། འདིའི་གནས་ཚུལ་རྩ་བ་ནས་འགྱུར་ལྡོག་འབྱུང་བར་སྨོན།
གསུམ། མི་རིགས་མཐུན་སྒྲིལ་གྱི་གནད་དོན་སྐོར།
ད་ངས་བཤད་པ་ནི་མི་རིགས་ས་ཁུལ་གྱི་རང་སྐྱོང་གནད་དོན་ཡིན། མི་རིགས་ས་ཁུལ་གྱི་རང་སྐྱོང་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཐག་གཅོད་བྱེད་པའི་མི་རིགས་འགལ་བའི་རྩ་བའི་སྲིད་ཇུས་ཀྱི་གོ་རིམ་དང་པོ་ཡིན། མི་རིགས་སོ་སོས་ངེས་པར་དུ་ས་ཁུལ་རང་སྐྱོང་གི་སྲིད་ཇུས་འོག་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། དེ་དང་མཉམ་དུ་སྤུན་ཟླ་མི་རིགས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་དགོས་ལ། མི་རིགས་སོ་སོ་འགྲིག་མཐུན་དང་འགྲོ་འོང་བྱས་ཏེ་མཉམ་དུ་ཡར་ཐོན་ཡོང་དགོས། མི་རིགས་མཐུན་སྒྲིལ། ཐོག་མར་རྒྱ་རིགས་དང་གྲངས་ཉུང་མི་རིགས་མཐུན་སྒྲིལ་ཡོང་བར་བྱེད་དགོས། གཉིས་པ། མི་རིགས་གཙོ་བོ་དང་གྲངས་ཉུང་མི་རིགས་གཞན་པ་དང་མཐུན་སྒྲིལ་ཡོང་བར་བྱེད་དགོས། གསུམ་པ། གྲངས་ཉུང་མི་རིགས་སོ་སོའི་ནང་ཁུལ་བར་མཐུན་སྒྲིལ་ཡོང་བར་བྱེད་དགོས། རྒྱ་རིགས་ཀྱང་སྤུན་ཟླ་མི་རིགས་ཡིན་པས། ང་ཚོས་རྒྱ་རིགས་ཀྱི་བློ་མཐུན་བོད་རིགས་ས་ཁུལ་དུ་བྱ་བ་སྒྲུབ་དུ་ཡོང་བར་དགའ་བསུ་བྱེད་དགོས། རྒྱ་རིགས་བློ་མཐུན་གྱིས་རང་སྐྱོང་ཁེ་དབང་ལ་བརྩི་བཀུར་བྱེད་དགོས་ལ། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ལ་བརྩི་བཀུར་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་བློ་མཐུན་དང་མཉམ་དུ་ས་ཁུལ་དེའི་བྱ་བ་ལེགས་པོར་བསྒྲུབ་དགོས། སྐད་རིགས་དང་ཡི་གེ་ཡང་ཧ་ཅང་གལ་ཆེན་ཡིན། སྐད་རིགས་དང་ཡི་གེ་ནི་ལག་ཆ་ཡིན་པས། བྱ་བ་བསྒྲུབ་པར་ནུས་པ་བཟང་པོ་འདོན་ཐུབ། དམངས་ཚོགས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་ནི་སྨོས་མ་དགོས་པ་ཞིག་རེད། ང་ཚོ་ནི་མི་དམངས་ཀྱི་ཞབས་ཕྱི་བ་ཡིན་ལ། ང་ཚོའི་ལས་བྱེད་མི་སྣ་ནི་སྤྱི་ཚོགས་རྙིང་པའི་དཔོན་པོ་དང་འདྲ་མི་རུང་། འོན་ཀྱང་ལས་བྱེད་མི་སྣ་འགའི་བྱེད་ཐབས་ནི་སྔོན་གྱི་དཔོན་པོ་དང་འདྲ་པོ་འདུག དཔོན་ཤུགས་ཉིན་རེ་ལས་ཉིན་རེར་ཆེ་བས། འདི་ནི་གསར་བརྗེའི་ཆོས་ཉིད་དང་རྩ་བ་ནས་མི་མཐུན་པ་རེད། དེ་རིང་ང་གོང་ནས་བསྡད་དེ་བཤད། ཁྱོད་ཚོས་གཤམ་ནས་ཉན་མོད། ང་ལ་སྤྲོ་སྣང་མ་བྱུང་། རྒྱུ་མཚན་ནི། འདི་ནི་བྱ་བའི་དགོས་མཁོ་རེད། (ཐལ་མོ་རྡེབ་པ) ངས་སྔོན་ཆད་ཨུ་ཡོན་ཀྲང་གཞོན་པའི་འགན་འཁུར། བརྒྱ་བཅུ་ཐམ་པའི་ལོར་ངས་ཡང་བསྐྱར་ཨུ་ཡོན་ཀྲང་གཞོན་པའི་འགན་འཁུར། ང་ལ་དྲིས་དོན། བསམ་ཚུལ་ག་འདྲ་འདུག་ཟེར། ངས་ལན་དུ། འདི་ནི་བྱ་བའི་དགོས་མཁོ་རེད། ཏང་དང་མི་དམངས་ཀྱིས་བཀོད་སྒྲིག་བྱས་པ་རེད། ང་ཨུ་ཡོན་ཀྲང་གཞོན་པར་བསྡད་མྱོང་ལ། བཙོན་པ་ཡང་བྱས་མྱོང་། དཔོན་གནས་ཐོབ་ཤོར་ལ་ངས་སྣང་དོགས་བྱེད་ཀྱིན་མེད། ངས་སྣང་དོགས་བྱེད་པ་ནི་ང་ལོ་ཆུང་ནུས་ཤུགས་ལྡན་པའི་སྐབས། མེས་རྒྱལ་དང་མི་དམངས། རང་ཉིད་ཀྱི་མི་རིགས། རང་ཉིད་ཀྱི་ཆོས་ལུགས་ལ་བྱ་བ་མང་པོ་སྒྲུབ་མ་ཐུབ་པ་དེ་རེད། (ཐལ་མོ་རྡེབ་པ) ད་ཡང་འདེམས་བསྐོ་བྱས་ནས་ཨུ་ཡོན་ཀྲང་གཞོན་པའི་འགན་འཁུར། འདི་ནི་ཏང་དང་མི་དམངས་ང་ལ་ཡིད་ཆེས་ཡོད་པ་རེད། ཏང་གིས་ཅི་ལྟར་བཀོད་སྒྲིག་བྱས་ན། ངས་དེ་ལྟར་བསྒྲུབ་ངེས། ལས་བྱེད་མི་སྣ་ཞིག་ཡིན་ན་བསམ་རྒྱུ་ནི་ངེས་པར་དུ་རྒྱལ་ཁབ་དང་མི་དམངས། རང་ཉིད་ཀྱི་མི་རིགས་ཡིན་དགོས། ཚང་མ་མི་རེད། ང་ཚོར་ཚད་བརྒལ་གྱི་རེ་བ་མེད། འོན་ཀྱང་རྒྱལ་ཁབ་མང་དུ་བསམ་དགོས་ལ། སྒེར་གྱི་དགོས་མཁོ་སྤྱིའི་དགོས་མཁོ་དང་བསྟུན་དགོས། ད་སྐབས་ལས་བྱེད་མི་སྣ་འགའ་འདི་འདྲ་མ་རེད། མི་སྒེར་གྱི་དགོས་མཁོ་བསམ་པ་མང་སྟེ། རང་ཉིད་ཀྱི་མིར་མཐོང་ཆེན་བྱེད་ལ། དམངས་ཚོགས་ལ་སེམས་ཁུར་བྱེད་ཀྱིན་མི་འདུག རྒྱ་རིགས་བློ་མཐུན་གྱིས་ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་དང་ཡི་གེ་སྦྱངས་དགོས། དཔེར་ན། བོད་ཡིག་དེ་རང་ལ་སྟབས་བདེ་པོ་ཡིན་པས་དོར་ན་ཆེས་མི་བཟང་བ་ཞིག་རེད། ད་དུང་ཆོས་ལུགས་ཀྱི་གནད་དོན་དེ། བོད་མི་ཡོངས་དད་པའི་ཆོས་ལུགས། མི་ལ་ལས་མི་ཤེས་པར་བརྩི་བཀུར་མེད་པའི་ངང་ནས་འཕྱ་དགོས་བྱེད་ཀྱིན་འདུག འདི་ནི་བྱེད་ཐབས་ཡག་པོ་ཞིག་མ་རེད། རྒྱ་རིགས་བློ་མཐུན་གྱིས་དུས་ནམ་ཡང་ངེས་པར་དུ་གྲངས་ཉུང་མི་རིགས་ལ་རོགས་རམ་བྱེད་པ་དང་བློ་གཅིག་སེམས་གཅིག་གིས་གྲངས་ཉུང་མི་རིགས་ལ་རོགས་རམ་བྱས་ཏེ་མྱུར་དུ་འཕེལ་རྒྱས་འབྱུང་དགོས། འདི་ལྟར་བྱས་ན་ད་གཟོད་གཏོར་དཀའ་ཞིང་འཇིག་དཀའ་བའི་འབྲེལ་བ་བརྟན་པོ་ཆགས་ཐུབ། སྔོན་ཆད། ང་ཚོས་གླེན་རྟགས་ཀྱི་བྱ་བ་མང་པོ་བསྒྲུབས་ཏེ། གྲངས་ཉུང་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས། དོན་འདི་དག་གྲོས་མོལ་འགའ་ཚོགས་པ་དང་སྐད་ཆ་འགའ་བཤད་པས་མི་ཆོག་པར་ཞིབ་ཕྲའི་བྱ་བ་མང་པོ་བསྒྲུབ་དགོས། དེ་རིང་ཁྱབ་བསྒྲགས་བྱས་པའི་ཁུལ་ཨུའི་ཡིག་ཆ། གལ་ཏེ་ལག་ལེན་བྱུང་ན། མི་རིགས་སྐད་རིགས་ལ་བསམ་འཆར་ཡོད་པའི་མི་མང་པོ་ཞིག་དལ་མོའི་ངང་ལྟ་བ་ལ་འགྱུར་ལྡོག་འབྱུང་ངེས། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ནི་འདྲ་མཉམ་དང་མཐུན་སྒྲིལ་ཡོང་བ་དེ་ཡིན། གྲངས་ཉུང་མི་རིགས་བར་གྱི་མཐུན་སྒྲིལ་དང་། རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་གྱི་མཐུན་སྒྲིལ། མི་རིགས་གཙོ་བོ་དང་གྲངས་ཉུང་མི་རིགས་བར་གྱི་མཐུན་སྒྲིལ་བཅས་ལ་དོ་སྣང་བྱེད་དགོས། གྲངས་ཉུང་མི་རིགས་བར་ལ་ལོ་རྒྱུས་ཀྱིས་བཞག་པའི་རྒྱུ་རྐྱེན་དབང་གིས། ད་ལྟའི་བྱ་བའི་ཁྲོད་གནད་དོན་འགའ་རེ་བྱུང་བའི་སྣང་ཚུལ་བྱུང་ཡང་། དེ་ལ་སྣང་དོགས་བྱེད་མི་དགོས། བློ་ཁ་གཅིག་ཏུ་མཐུན་ན་གནད་དོན་དེ་ཐག་གཅོད་བྱེད་ཐུབ། ང་ཚོའི་བོད་རིགས་ཀྱིས་རང་གི་ས་ཆར་གངས་ལྗོངས་ཞེས་འབོད་ལ། ང་ཚོར་རང་ཉིད་ཀྱི་སྐད་རིགས་ཡོད། འོན་ཀྱང་ཡུལ་སྐད་ཡོད་ནའང་། ཡུལ་སྐད་ཆེ་བ་དང་ཆུང་བ་གཉིས་ཡོད། ང་ཚོར་རང་ཉིད་ཀྱི་ཡིག་རིགས་ཡོད་ལ། སྤྱི་མཐུན་ཡུལ་སྲོལ་གོམས་འདྲིས་དང་གཅིག་འདྲའི་ལྭ་བ་ཡོད་མོད། འོན་ཀྱང་བཀས་བཀོད་རྒྱུད་འཛིན་གྱི་ཤན་ཤུགས་ཀྱིས་བོད་རིགས་ནང་ཁུལ་ལ་ཡང་འགལ་བ་ཡོད། ས་ཁུལ་འདུ་ཤེས་ཧ་ཅང་ཆེ། ཡོན་ཏན་པ་འགའ་ཤས་ཀྱིས་མི་རིགས་ལ་ཞིབ་འཇུག་བྱེད་དུས། ཞིབ་འཇུག་བྱེད་དགོས་པ་མི་བྱེད་པར་ཁོ་ཚོས་བར་ཆད་འགའ་ཤས་བཙལ་ཏེ་མི་རིགས་གཅིག་གི་ནང་ནས་མི་རིགས་གཞན་ཞིག་བཀར་ཀྱིན་འདུག ཞིབ་འཇུག་བྱེད་ཐབས་འདི་ནི་ཆེས་མི་བཟང་པ་ཞིག་རེད། དེའི་ཕྱིར། ངའི་རེ་བ་ཡིན་ན་མི་རིགས་སོ་སོའི་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་དགོས། དེའི་གྲས་སུ་རྒྱ་རིགས་དང་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་གྱི་མི་རིགས་གཙོ་བོ་དང་མི་རིགས་གཞན་པ། གྲངས་ཉུང་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་བཅས་འདུས། བདེ་ཆེན་ནི་བོད་ཁུལ་གྱི་སྤུན་ཟླ་ཁུལ་ཆུང་ཆུང་ཞིག་ཡིན། ས་ཁུལ་ལྔའི་ཁྲོད། གནས་འདི་ནི་བོད་རིགས་ཆེས་ཉུང་བ་ཡིན་པས། ཚང་མས་ངེས་པར་དུ་ཕན་ཚུན་ལ་ཐུགས་ཁུར་གནང་དགོས། ང་ཚོས་ངེས་པར་དུ་མི་རིགས་གཞན་པའི་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་དགོས་ལ། ད་དུང་དམག་དཔུང་གི་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་དགོས། དམག་དཔུང་ནི་མི་དམངས་ཀྱི་སྲུང་དམག་ཡིན། ཁོ་ཚོས་སྔོན་ཆད་མི་དམངས་ཀྱི་ཆེད་དུ་འཐབ་འཛིང་བའི་ཁྲོད་ནས་རང་སྲོག་བློས་བཏང་མྱོང་། མི་དམངས་དང་ཤ་ཁྲག་གི་འབྲེལ་བ་དམ་པོ་ཡོད། ངའི་རེ་བ་ནི་དམག་དཔུང་གིས་མི་དམངས་མང་ཚོགས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་དགོས་ལ། མི་དམངས་ཀྱིས་ཀྱང་དམག་དཔུང་ལ་རམ་འདེགས་དང་རོགས་རམ་བྱེད་དགོས། བོད་རིགས་ཀྱི་ཁ་དཔེར་ལག་ཟུང་གཉིས་ཀྱིས་ཐལ་མོ་སྦྱོར་བ་ལྟར་མཐུན་སྒྲིལ་ནི་ཕྱོགས་གཉིས་ཀའི་ཡིན་པས། མཐུན་སྒྲིལ་ནི་མི་དགེ་བ་ཞིག་ཡིན་ན། ཚང་མར་གླེང་དགོས་དོན་མེད་ལ། སྒྲུབ་ཡང་མི་དགོས། ཡུན་ནན་ནི་མི་རིགས་མང་བའི་ས་ཁུལ་ཞིག་ཡིན་པས། གནད་དོན་འདི་ནི་གལ་ཆེན་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com