གཞུང་ཞབས་པ་ཟེར་བ་དེ།

རྩོམ་པ་པོ།:གཡུ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-10 15:13:00 ཀློག་གྲངས།:

         གཞུང་ཞབས་པ་ཞེས་པའི་ཐ་སྙད་འདི་ནི་ང་ཚོ་ཚང་མ་ལ་ཧ་ཅང་རྒྱུས་མངའ་ཡོད་པ་ཞིག་རེད།  དེ་ཡང་སྔོན་ལ་ངས་གཞུང་ཞབས་པ་ལ་རྒྱུགས་མ་འཕྲོད་ན་དགེ་རྒན་བྱེད་དུ་འགྲོ་ཞེས་པའི་རྩོམ་ཞིག་ཀྱང་བྲིས་མྱོང་།   དེང་སང་མདོ་དབུས་ཁམས་གསུམ་གང་ཡིན་ཡང་གཞུང་ཞབས་པའི་ལས་ཀ་འདི་ནི་ལས་ཀའི་ནང་གི་མཆོག་ཅིག་ལ་རྩིས་ནས།  གཞུང་ཞབས་པ་རྒྱུགས་འཕྲོད་སོང་ན་ཁྱེད་ལ་ཁྱིམ་མི་གཏོགས་པའི་མི་མང་པོ་ཞིག་གིས་ད་ནི་ཁྱེད་ཀྱི་སློབ་སྦྱོང་བྱེད་པ་ལ་གྲུབ་འབྲས་ཐོབ་སོང་བ་རེད་ཞེས་བཤད་ཀྱིན་རེད་ལ། ཁ་ཡག་ངོ་དགའ་བའི་གཏམ་གང་མང་ཞིག་གིས་ཀྱང་ཁྱོད་སྒུག་ནས་ཡོད་ངེས་རེད།  ཡིན་ཡང་གལ་ཏེ་ཁྱོད་ཀྱིས་གཞུང་ཞབས་པ་ལ་རྒྱུགས་མ་འཕྲོད་ན་མི་གང་མང་ཞིག་གིས་ལོ་ངོ་འདི་དག་ནང་མི་དེས་སློབ་སྦྱོང་ཅི་བྱེད་པ་ཡིན་ནམ།  གཅེས་ཕྲུག་ཁྱོད་ཀྱིས་ངེས་པར་དུ་གཞུང་ཞབས་པར་རྒྱུགས་འཕྲོད་པ་གྱིས་དེར་འཕྲོད་སོང་ན་ཕ་མ་བློ་བདེ་ཡིན་ཟེར་ནས་ཁྱིམ་མི་རྣམས་ཀྱིས་ཀྱང་ཁྱོད་ལ་བསླབ་བྱ་མང་པོ་ཞིག་བྱེད་ངེས་རེད།   ལོ་ངོ་བཅུ་གྲངས་ལ་སློབ་སྦྱོང་བྱེད་མཁན་གྱི་ཁྱེད་དང་ང་ང་ཚོ་ཚང་མས་གཞུང་ཞབས་པའི་རྒྱུགས་འབྲས་ཤིག་གིས་མི་ཞིག་གི་སློབ་སྦྱོང་གི་མཇུག་འབྲས་མཚོན་མི་ཐུབ་ལ།  མི་བཟང་ངན་ནི་དེ་ལས་ཀྱང་མཚོན་ག་ལ་ཐུབ། ད་དུང་སློབ་གྲྭ་རུ་ཡོད་དུས་གཞུང་ཞབས་པ་ལ་རྒྱུགས་མི་སྤྲོད་ཁོ་ཐག་ཡིན་ཟེར་ནས་གཏམ་གང་མང་བཤད་མྱོང་བ་ཁྱེད་ཀྱིས་དྲན་གྱིན་འདུག་གམ།  ཡིན་ཡང་མི་ཁ་ཟེར་བ་འདི་ནི་ང་ཅང་འཇིགས་སུ་རུང་བ་ཞིག་ཡིན་པས་རང་གི་ལྟ་བ་དེ་དོར་ནས་ཁྱེད་ཀྱང་དེའི་ལམ་དུ་འགྲོ་དང་འགྲོ་བཞིན་པ་ཨེ་ཡིན། 

         གཞུང་ཞབས་པ་ཞིག་ལ་རྒྱུགས་སྤྲོད་པའི་གོ་རིམ་དེ་ངས་གསལ་པོ་ཞིག་བཤད་མ་དགོས་པ་ཕལ་ཆེར་ཚང་མས་གསལ་པོ་ཞིག་ཤེས་ཀྱིན་རེད།   ཡིག་རྒྱུགས་དང་ཁ་རྒྱུགས།  འདི་ནི་ངེས་པར་དུ་བརྒྱུད་དགོས་པའི་གོ་རིམ་གཉིས་རེད།   སྤྱི་སྤྱི་ཚོགས་འདིའི་ནང་འདྲ་མཉམ་ཡོད་ཟེར་བ་དེ་ནི་ཧ་ཅང་དཀའ་མོ་ཡིན་ཡང་།   གཞུང་ཞབས་པའི་ལམ་དུ་འགྲོ་བའི་སྐབས་ཡིག་རྒྱུགས་འདི་ནི་ལྟོས་བཅས་ཀྱི་འདྲ་མཉམ་གྱི་བཟོ་སྟབས་ཤིག་ཡོད་པ་རེད།  རྒྱུ་མཚན་དེའི་རྐྱེན་གྱིས་མི་མང་པོ་ཞིག་ལ་དང་ཐོག་རེ་བའི་འོད་སྣང་ཅུང་ཟད་རེ་སྟེར་ངེས་རེད།  ཡིན་ཡང་དེའི་རྗེས་ཀྱི་ཁ་རྒྱུགས་དེས་ཁྱོད་སེམས་ཕངས་ཡིད་ཆད་བཅུག་ངེས།  ལོ་ངོ་ཁ་ཤས་སྔོན་དུ་ངའི་གྲོགས་པོ་ཞིག་གིས་ང་ལ་གཏམ་འདི་འདྲ་ཞིག་བཤད་མྱོང་།  ཁོའི་གྲོགས་མོ་ཞིག་གིས་གཞུང་ཞབས་པ་ལ་རྒྱུགས་སྤྲོད་ནས་ཡིག་རྒྱུགས་འཕྲོད་འདུག་ཟེར།  ཡིན་ཡང་ངོ་རྒྱུགས་སྤྲོད་སྐབས་ས་གནས་དེ་གའི་དཔོན་པོ་ཞིག་གིས་གལ་ཏེ་སྒོར་འབུམ་གཅིག་སྦྱིན་ན་ངོ་རྒྱུགས་འཕྲོད་ཐབས་ཡོད་པའི་སྐོར་མོའི་ཁྱིམ་ཚང་ལ་བཤད་པ་རེད་ཟེར།  མོའི་ཁྱིམ་ཚང་གིས་གཏམ་དེ་ཐོས་རྗེས་ཅི་ཡིན་འདི་ཡིན་མ་ཤེས་པ་སྒོར་འབུམ་གཅིག་སྤྲོད་པ་རེད།  ཡིན་ཡང་ཁ་རྒྱུགས་ཀྱི་མཇུག་འབྲས་ཡོང་དུས་གཏམ་ངན་ཞིག་གོ་རྒྱུགས་ཡོད་པ་ནི་སྒོར་མོ་འབུམ་གཅིག་སྤྲོད་མཁན་དེའི་རྒྱུགས་མ་འཕྲོད་པ་རེད་ཟེར།   དེ་མ་ཚད་རྩོད་པ་མང་པོ་ཞིག་བྱས་པའི་རྗེས་ལ་སྒོར་འབུམ་གཅིག་ཀྱང་འཇའ་ལྟར་ཡལ་སོང་བ་རེད་ཟེར།  སྐད་ཆ་འདི་གོ་དུས་ངས་འདི་འདྲ་ཞིག་བསམ་མྱོང་།  གལ་ཏེ་ང་གསར་འགོད་པ་ཞིག་ཡིན་ན་ངས་འདི་གསར་འགྱུར་ཞིག་བཟོ་ནས་གཏོང་ངེས་ཡིན་ལ།  གལ་ཏེ་ང་རྩོམ་པ་པོ་ཞིག་ཡིན་ན་ངས་དོན་འདི་དག་དམར་རྗེན་བྱས་ནས་བཤད་ངེས་ཡིན་བསམ་སྙམ།  ཡིན་ཡང་སྐབས་དེ་དུས་ང་གསར་འགོད་པ་མ་རེད་ལ་རྩོམ་དེ་འདྲ་འབྲི་བའི་ནུས་པ་གང་ཡང་མི་འདུག   དོན་འདི་སོང་ནས་ལོ་ངོ་མང་པོ་ཞིག་རེད་ལ། བཙན་གྱིས་བརྗེད་ངེས་ཀྱི་རྐུན་པོ་ལ་རྐུས་བཅུག་ནས་གཏོང་བ་ཡིན།   ཡིན་ཡང་ཁ་སང་གྲོགས་པོ་ཁ་ཤས་ཤིག་དང་ཟ་མ་ཟ་ནས་འདུག་པའི་སྐབས་སུ་བསྐྱར་དུ་དོན་འདི་འདྲ་ཞིག་གོ་ཐོས་བྱུང་།  ངའི་སྲིང་མོ་ཡིས་གཞུང་ཞབས་པ་ལ་རྒྱུགས་འཕྲོད་འདུག ཡིན་ཡང་ངོ་རྒྱུགས་ཟེར་བ་དེ་ངོ་མ་དཀའ་མོ་རེད།  སྒོར་ཁྲི་དགུ་སྤྲོད་ན་འཕྲོད་ཐུབ་ས་རེད་ཅེས་ཟེར་དུས།  ངའི་སེམས་ཀྱི་ན་ཟུག་དེ་བསྐྱར་དུ་སློང་ཐལ།  འདི་ནི་དེ་རིང་གི་ན་ཟུག་ཙམ་མ་རེད།  འདི་ནི་ངའི་སེམས་སུ་ཡུན་རིང་ཉར་བའི་ན་ཟུག་ཅིག་རེད།  སྐབས་དེ་དུས་ངས་ཁོ་ལ་སྔོན་མ་ཡང་འདི་འདྲའི་གནས་ཚུལ་བྱུང་མྱོང་བ་དང་།  སྒོར་མོ་སྤྲོད་ཀྱང་དགོས་པ་མེད་ཚུལ་སོགས་བཤད་པ་ལས་ངས་གཞན་ཅི་ཞིག་བཤད་དགོས་ཤེས་མ་སོང་།   འདི་ནི་དོན་དངོས་ཤིག་རེད།  འདི་ནི་དེང་སང་མདོ་དབུས་ཁམས་གསུམ་དུ་བྱུང་དང་བྱུང་བཞིན་པའི་དོན་དངོས་ཤིག་རེད།  

          དེང་སང་འདི་འདྲའི་གནས་ཚུལ་ཞིག་བོད་ཡོངས་ལ་ཁྱབ་འདུག  ཤེས་ཡོན་དང་འཇོན་ཐང་ཡོད་མཁན་ཚང་མ་གཅིག་རྗེས་གཉིད་མཐུད་དུ་གཞུང་ཞབས་པའི་ལས་ཀ་གདམས་ནས། ཐབས་བརྒྱ་ཇུས་སྟོང་ངང་ལས་དོན་དེ་ལ་ཞུགས་ཀྱིན་འདུག་ལ།  དགེ་རྒན་ཚོས་ཀྱ་ལས་ཀ་དོར་ནས་གཞུང་ཞབས་པའི་ལམ་དུ་འགྲོ་བཞིན་འདུག  དོན་འདི་ངའི་སྔོན་གྱི་རྩོམ་ཞིག་ནང་གླེང་མྱོང་།  འདི་ལྟ་བྱུང་བའི་རྒྱུ་མཚན་གཙོ་བོ་ནི་དགེ་རྒན་ལ་ཟླ་ཕོག་དམའ་བ་དང་དགེ་རྒན་དཀའ་ལས་ཆེ་བས་རེད་ཅེས་ང་ལ་མི་མང་པོ་ཞིག་གིས་ལབ་མྱོང་།  ད་ཁ་རྒྱུགས་ཤིག་འཕྲོད་པའི་ཆེད་དུ་སྒོར་ཁྲི་དང་འབུམ་ཟེར་ནས་སྤྲོད་བའི་དུས།  འདི་ནི་ཅི་ཞིག་གི་ལན་ཡིན་ནམ།  འདི་ནི་མདོ་དབུས་ཁམས་གྱི་མི་རྣམས་ཀྱིས་གཞུང་ཞབས་པ་དེ་སྲོག་བཞིན་རྩིས་པ་གཞན་གྱིས་ཤེས་པའི་འབྲས་བུ་ཞིག་ཨེ་ཡིན་ནམ།   ང་ཚོས་ངེས་པར་དུ་འདང་ཞིག་རྒྱག་དགོས་པའི་དུས་ལ་སླེབས་འདུག  གཞུང་ཞབས་པ་ལས་ང་ཚོ་ལ་གདམས་ཁ་མེད་པ་ཨེ་རེད། གཞུང་ཞབས་པ་ལས་ང་ཚོ་ལ་ལས་ཀ་མེད་པ་ཨེ་རེད།  དེང་སང་གྲོང་ཁྱེར་མང་པོ་ཞིག་ནས་གཞུང་ཞབས་པའི་ལས་ཀ་དོར་ནས་གཞུང་ཞབས་པ་དེ་མི་ཡི་ལས་ཀ་ཞིག་མ་རེད་ཟེར་ནས་ཕྱི་ལ་བུད་སྐབས།  ང་ཚོས་ད་དུང་ཁ་རྒྱུགས་ཤིག་གི་ཆེད་དུ་སྒོར་མོ་ཁྲི་དང་འབུམ་ཞེས་ནས་སྤྲོད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། 

          གཞུང་ཞབས་པ་ཟེར་བའི་ཐ་སྙད་འདིས་ང་ལ་བསྐྱར་དུ་ན་ཟུག་ཅིག་སྤྲོད་དུས།  སྤྱི་ཚོགས་འདིའི་རྩ་དོན་མང་པོ་ཞིག་རྩི་སྲུང་དགོས་པའི་ངས་གསར་འགྱུར་རེ་ལས་ཐུབ་ཀྱང་དབང་ཆ་དེ་རག་མ་སོང་།  ཡིད་དབང་འཕྲོག་པའི་རྩོམ་རེ་འབྲི་དགོས་བསམ་ཡང་སྙན་ངག་དང་མངོན་བརྗོད་སོགས་གང་ཡང་ཤེས་ཀྱིན་མི་འདུག་པས་ཇི་བཞིན་བརྗོད་པའི་ཐོག་ནས་ཁྱོད་ཚོ་ལ་ང་རང་གི་བསམ་ཚུལ་ཙམ་བརྗོད་པ་ཡིན།   མཇུག་མཐར་ངས་བཤད་འདོད་པ་ཞིག་ནི་ང་ཚོ་ལ་གཞུང་ཞབས་པ་ཟེར་བ་དེ་ལས་ལམ་མེད་པ་མ་རེད།  ང་ཚོ་ལ་དེ་ལས་བཟང་བ་དང་དེ་ལས་དགའ་བའི་གོ་སྐབས་མང་པོ་ཞིག་ཡོད་པས་ཅི་ནས་ཀྱང་བསམ་བློ་རེ་གཏོང་དགོས་སྙམ།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།