ཤའི་ཁ་ཟས་གནང་བཀག་གི་བསླབ་བྱ་བླང་དོར་གསལ་བའི་མེ་ལོང་།

རྩོམ་པ་པོ།:མཁན་ཆེན་ཚུལ་ཁྲིམས་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-04 09:14:00 ཀློག་གྲངས།:
      ཤ་མི་འཚལ་བ་ལ་གཟུད་པ་ནི་ཆེས་ཆེར་བགྱི་བ་ལགས་ན་ཤ་མི་འཚལ་བ་ལ་ཤ་འཚལ་དུ་སྩལ་ན་ནོངས་པར་མི་འགྱུར་ལགས་སམ། བཀའ་བསྩལབ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ངའི་དགོངས་པ་རིག་སྟེ། དམ་པའི་ཆོས་སྲུང་བས་ནི་དེ་ལྟར་བྱ་དགོས་སོ། །རིགས་ཀྱི་བུ་ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་། །ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱ་ན་ཤ་བཟའ་བར་ངས་ཇི་ལྟར་གནང་། ཤ་ཟ་བ་ནི་བྱམས་པ་ཆེན་པོ་འཆད་པར་འགྱུར་རོ། །ཞེས་ངས་བསྟན་ཏོ། །གསོལ་བ། བཅོམ་ལྡན་འདས་འོ་ན་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གནང་ལགས། བཀའ་བསྩལབ། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་བསྡམ་པའི་ཕྱིར་དེང་ངས་བོར་རོ། །གསོལ་བ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ་དོན་ཆེད་ཀྱི་མུ་དགུ་དང་། ཤ་རྣམ་པ་བཅུ་སྤང་བ་བཀའ་བསྩལལགས། བཀའ་བསྩལབ། ཚིག་བཞག་པ་དེ་དག་ཀྱང་ཤ་མི་བཟའ་བར་བསྡམ་པའི་ཕྱིར་བཅད་དོ། །གསོལ་བ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ་ཤ་དང་ཉ་ཤ་བཟའ་བ་ཡང་ཁ་ཟས་བཟང་པོར་གསུངས་ལགས། བཀའ་བསྩལབ། ངས་ནི་ཤ་དང་ཉ་ཤ་ཁ་ཟས་བཟང་པོར་མ་གསུངས་ཀྱི། ངས་ནི་བུ་རམ་ཤིང་དང་། འབྲས་སཱ་ལུ་དང་། འབྲུ་དང་། གྲོ་དང་། ནས་དང་། སྲན་སྡེའུ་དང་། སྲན་གྲེའུ་རྣམས་དང་། དངར་བག་ཁ་ར་དང་། ལི་ཁ་ར་དང་། སྦྲང་རྩི་དང་། མར་དང་། འོ་མ་དང་། འབྲུ་མར་རྣམས་ཁ་ཟས་བཟང་པོར་གསུངས་སོ། །ངས་ནི་ལུས་གཡོགས་པའི་ཕྱིར་གོས་སྣ་ཚོགས་ཀྱང་ཁ་དོག་ངན་པར་བསྒྱུར་བར་བྱའོ། །ཞེས་བསྟན་ན་ཤ་བཟའ་བའི་རོ་ལ་ཆགས་པ་ལྟ་ཅི་སྨོས། གསོལ་བ། དེ་ལྟ་ན་ནི་བའི་བཅུད་རྣམ་ལྔ་དང་། ཏིལ་དང་། འབྲུ་མར་ཤིང་གི་ཁུ་བ་དང་། ངང་དང་། ཟབ་དར་ལ་སོགས་པ་ཡང་ཁྲིམས་སུ་བཅའ་བའི་རིགས་ལགས་སོ། །བཀའ་བསྩལཔ། གཅེར་བུ་པའི་ལྟ་བ་མ་འཛིན་ཅིག ང་ནི་འདུ་ཤེས་གཞན་གྱིས་ད་ཁྱོད་ལ་བསླབ་པའི་གཞི་བཅའ་བར་བྱ་སྟེ། མུ་གསུམ་གྱི་ཤ་ཡང་མི་བཟའ་བར་བསྡམས་སོ། །དོན་ཆེད་དུ་བྱས་པ་ཁྱོད་ཀྱིས་རིག་པ་དེ་ཡང་བསྡམས་སོ། །ཤ་རྣམ་པ་བཅུ་ལ་མ་གཏོགས་པ་དེ་ཡང་སྤངས་སོ། །ཤི་བའི་ཤ་ཡང་སྤངས་སོ། །ཤ་ཟ་བ་ནི་འགྲོ་ཡང་རུང་འདུག་ཀྱང་རུང་སྟེ། སྲོག་ཆགས་ཐམས་ཅད་དེའི་དྲི་ཚོར་ནས་དེས་འཇིགས་ཏེ། དཔེར་ན་མིས་ཤིང་ཀུན་ནམ་སྒོག་སྐྱ་ཟོས་ན་མིའོ་ཅོག་གི་སེམས་མ་དད་པར་འགྱུར་ཞིང་མི་མཐུན་པར་འགྱུར་ལ། མི་མང་པོ་ཚོགས་པའང་སྐྱེ་བོ་མང་བས་གང་བའི་ནང་དུ་སེམས་ཅན་དེ་དག་གིས་ཆེ་གེ་མོ་ཞིག་གིས་ཟོས་སོ། །ཞེས་ཤེས་པ་དེ་བཞིན་དུ་སྲོག་ཆགས་ཐམས་ཅད་ཀྱིས་ཤ་ཟ་བའི་མི་ངོ་ཤེས་ཏེ། དེ་དག་གིས་དྲི་ཚོར་ནས་འཆི་བའི་འཇིགས་པས་སྐྲག་པར་འགྱུར་ཏེ། དེ་རྒྱུ་ཞིང་འགྲོ་བ་ན་ཆུ་དང་། སྐམ་ས་དང་། ནམ་མཁའ་ལ་གནས་པའི་སྐྱེ་བོ་རྣམས་སྐྲག་སྟེ། བདག་ཅག་འདིས་གསད་དུ་འོང་ངོ་སྙམ་ནས་འཁམས་ནས་ཀྱང་འཆི་བར་འགྱུར་རོ། །རྒྱུ་དེ་དག་གིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤ་མི་ཟའོ། །གདུལ་བར་བྱ་བའི་དབང་གིས་ནི་ཤ་ཟ་བ་ལྟ་བུར་ཡང་སྟོན་མོད་ཀྱི། ཁ་ཟས་ཐ་མལ་པ་ཡང་མི་ཟ་ན་ཤ་ལྟ་ཅི་སྨོས། རིགས་ཀྱི་བུ་ང་འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་མང་པོ་འདས་པ་ན་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་མེད་པར་གྱུར་ལ། དམ་པའི་ཆོས་གཏན་ཞིག་པའི་ཚེ་དགེ་སློང་འདུལ་བ་དང་མ་མོ་འཛིན་པ། རྟོག་པ་སྣ་ཚོགས་ཅན། རང་གི་ལུས་གསོ་བར་བྱེད་པ། ཤ་སྣ་ཚོགས་གཅེས་པར་འཛིན་པ། ཁམས་འཁྲུགས་པ་དང་། བཀྲེས་པ་དང་། སྐོམ་པས་གཟིར་བ། ཆ་ལུགས་འཇིགས་འཇིགས་ལྟར་འདུག་པ། བ་ལང་རྫི་འདྲ་བ། བྱ་པ་འདྲ་བ། ཆོས་གོས་ཚོན་ཅན་གྱི་རྟགས་འཆང་བ། བྱི་ལའི་རྟུལ་ཞུགས་སྤྱོད་པ། བདག་ནི་དགྲ་བཅོམ་པ་ཡིན་ནོ། །ཞེས་ཁས་འཆེ་བ། གནོད་པ་མང་པོས་ཉེན་པ། རང་གི་གཅིན་དང་ཕྱི་སས་ལུས་གོས་པ། ཐུབ་པ་བཞིན་དུ་ཆ་ལུགས་བཟང་པོར་འཆོས་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་ལྟར་འཆོས་པ། དམ་པའི་ཆོས་ལྟར་བཅོས་མའི་ཡི་གེ་འཆང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ངས་བཅས་པའི་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་ལྡན་པའི་ཚུལ་དང་། རུང་བ་མ་ཡིན་པ་ལ་ཆགས་པ་ལས་རྣམ་པར་གྲོལ་བ། ཐར་བའི་དེ་ཁོ་ན་ཉིད་ཀྱི་ཡི་གེ་བཤིག་ནས་འདུལ་བ་དང་། མདོ་སྡེ་སོ་སོ་ནས་ཅི་དགའ་མགུར་འཆོས་ཤིང་སྨྲ་བར་བྱེད་དེ། འདི་ལྟར་བདག་ཅག་གི་འདུལ་བ་ལས་བཅོམ་ལྡན་འདས་ཀྱིས་ཤའི་བཅུད་ཀྱི་སྦྱིན་པ་ནི་རུང་བ་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེར་ཞིང་། ཤཱཀྱའི་བུ་དགེ་སྦྱོང་རྣམས་བདག་ཉིད་ཀྱིས་རང་བཟོར་བྱེད་ཅིང་འགལ་བར་སྨྲ་བ་དག་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་རུང་བ་མ་ཡིན་པའི་འབྲས་རྗེན་པ་དང་། ཤ་དང་ཉ་ཤ་ལེན་པ་དང་། སྣམས་སུ་སྦྱོར་བ་དང་། འབྲུ་མར་གྱི་སྣོད་དང་། གདུགས་བྱེད་པ་དང་། ལྷམ་བྱེད་པ་དང་། རྒྱལ་པོ་ལ་སྟེན་པ་དང་། མོ་ཡིག་འཆང་བ་དང་། སྨན་པའི་དཔྱད་ལ་བརྩོན་པ་དང་། བྲན་དང་། བྲན་མོ་དང་། གསེར་དང་། དངུལ་དང་། བྱི་རུ་དང་། དུང་དང་། མན་ཤེལ་དང་། མུ་ཏིག་གི་དོ་ཤལ་དང་། ཤིང་ཐོག་རྣམས་ལེན་པ་དང་། རིག་པ་དང་། རི་མོ་མཁན་དང་། གཟུགས་མཁན་དང་། སྐྱེད་ཤིང་འཛུགས་པ་དང་། གསང་སྔགས་དང་། སྨན་དང་བྱིས་པའི་རྩེད་མོ་དང་། གར་ཐབས་ཀྱི་ཡན་ལག་དང་། མིག་འཕྲུལ་དང་། རེངས་པར་བྱ་བའི་ཕྱིར་སྦྱོར་བ་དང་། གླུ་གར་དང་། མེ་ཏོག་ཕྲེང་དང་། སོ་རྩི་དང་། སྨན་མར་ཆེན་པོ་བསྐོལ་བ་དང་། སྤོས་དང་བྱུག་པ་འཆང་བ་དང་། འགྲོས་འཆོས་པ་རྣམས་སློབ་པ་དང་། སྒེག་པའི་སྦྱོར་བ་ལ་བརྩོན་པ་དག་འབྱུང་བར་འགྱུར་ཏེ། དེ་དག་སྤངས་པ་ལ་ནི་དགེ་སློང་ཞེས་ང་ཟེར་རོ། །གསོལ་བ། བཅོམ་ལྡན་འདས་འོ་ན་ཇི་ལྟར་བགྱི་ལགས། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གཞན་གྱིས་སྩལ་པས་འཚོ་བ་རྣམས་ཀྱིས་ཡུལ་གང་མ་བརྟགས་པའི་ཟས་མོད་པ་དེར་བསོད་སྙོམས་ཤ་དང་འདྲེས་པ་ཇི་ལྟར་དག་པར་བགྱི་ལགས། བཀའ་བསྩལབ། རིགས་ཀྱི་བུ་ཅི་ནས་འདུལ་བ་དང་མི་འགལ་བར་ཆུས་བཀྲུས་ཏེ་བཟའ་བར་བྱའོ། །ཞེས་ངས་བསྟན་ཏོ། །ཡུལ་དེ་ལྟ་བུ་ན་ཟས་དང་། སྐོམ་ཤའི་ཟས་ཀྱིས་ཤས་ཆེར་འདྲེས་པར་སྣང་བ་དེ་ལྟ་བུ་ནི་སྤང་བར་བྱའོ། །སྣོད་གཅིག་ལ་གཅིག་རེག་སྟེ་ཁ་ཟས་དངོས་མ་འདྲེས་པ་དེ་ལ་ནི་ཉེས་པ་མེད་དོ། །ཤའམ། ཉ་ཤའམ། རི་དྭགས་ཀྱི་ཤའམ། རྨིག་པ་སྐབསམ་པོའམ། ཤའི་བག་གཞན་གྱིས་འབགས་པ་རྣམས་ཀྱང་ལྟུང་བྱེད་དུ་འགྱུར་རོ། །ཞེས་ང་ཟེར་རོ། །སྔར་ནི་དོན་གྱི་དམིགས་བྱུང་བའི་སྐབས་སུ་བསྟན་ཏོ། །ད་འདིར་ནི་ཤ་ཟ་བ་ལས་གནོད་པར་འགྱུར་བར་ངས་བསྟན་ཏོ། །འདི་ནི་ང་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་མང་དུ་བཤད་པ་ཡིན་ཏེ། འདི་ནི་འདྲི་བའི་དབང་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པ་དགོངས་འགྲེལ་ལས་གསུངས་པ་ནི། བསླབ་བཏུས་ལས། དེ་ལྟར་རེ་ཞིག་རྟག་ཏུ་བའི་སྨན་གྱིས་ལུས་བསྲུང་བར་བྱ་བ་ཡིན་ནོ། །དེ་ལ་ཡང་ཉ་དང་ཤས་ནི་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས་བཀག་པའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ་ཞེས་བཤད་དོ། །དེ་བཞིན་དུ་སྦྱར་ཏེ། འཁྲུལ་བ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །ཞེས་པ་ནས། འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ཞེས་པའི་བར་དྲངས་ནས། ཡེ་ཤེས་ལྡན་གྱི་ལེའུ་ལས། ཤ་ཟ་བ་གང་འབྱུང་བ་དེ་ནི་དོན་ཆེན་པོ་བསྒྲུབ་པའི་ཕྱིར་ཉེས་པ་མེད་དེ། དེ་ལས་འདི་སྐད་དུ། དགེ་སློང་འདི་ནི་འཆི་བའི་དུས་བགྱིས་ན། །འཛམ་བུ་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་རྣམས་ལ་རྟག་ཏུ་ནུབ་པར་འགྱུར། །འདིས་གསོས་པས་ནི་ཏིང་འཛིན་རྣམས་ཀྱང་ཐོབ། །ཅེས་གསུངས་སོ། །དེ་ནི་སྙིང་རྗེ་ཆེན་པོ་ལ་མངོན་པར་བརྩོན་པ་སྟེ། དེ་ལ་བྱམས་པ་མེད་དུ་མི་དོགས་པས་ཉེས་པ་མེད་དོ། །འཕགས་པ་དཀོན་མཆོག་སྤྲིན་ལས། དུར་ཁྲོད་པས་ཤ་དང་འབགས་པ་མེད་པར་བྱའོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་རང་བཞིན་ཅན་གྱི་སེམས་ཅན་གྱི་དོན་དུ་བསྟན་པའི་ཕྱིར་རོ། །འདུལ་བ་ལས་དེ་ལ་རྣམ་པ་གསུམ་ཡོངས་སུ་དག་པ་ཟོས་ན་སྤང་བའི་བར་ཆད་དུ་མི་འགྱུར་རོ་ཞེས་གང་གནང་བ་དེ་ནི་ཡོངས་སུ་སྤངས་པས་དག་པར་ལྟ་བ་རྣམས་ཀྱིས་མངོན་པའི་ང་རྒྱལ་བསལ་བ་དང་། སྐལ་བ་ཡོད་ཀྱང་དེ་ལ་ཆགས་པས་བསྟན་པ་ལ་འཇུག་མ་ནུས་པ་སྤང་བའི་ཕྱིར་རོ། །དེ་སྐད་དུ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་། བསྟན་པ་བརྗོད་པ་དེ་དང་དེ་ལས་བསླབ་པའི་གཞི་རིམ་པར་བཅའ་བ་སྐབས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་པ་གསུམ་བཅས་ནས་དེའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ། དེ་ནས་ཐ་ན་རང་ཤི་བ་བཅུའི་ཤ་ཡང་བཀག་གོ་ཞེས་གསུངས་སོ། །ཞེས་དང་། རྟོག་གེ་འབར་བ་ལས། འདིར་སྨྲས་པ། སངས་རྒྱས་པ་ནི་འདི་ལྟར་བདག་ཉིད་ཆོས་ལ་གནས་པ་ཡིན་ནོ་སྙམ་དུ་སེམས་ཤིང་གཞན་ལ་ཁ་ཟེར་ཞིང་དམོད་པར་བྱེད་ཀྱང་རང་ཉིད་ཤ་ཟ་བ་ལ་འབད་པ་ཆེར་བྱེད་པར་གྲགས་ལ། སེམས་ཅན་སྲོག་མ་བཅད་པར་ནི་ཤ་རྙེད་པར་མི་འགྱུར་བས་དེས་ན་སྙིང་རྗེ་དང་བྲལ་བ་ཡིན་པའི་ཕྱིར། རི་དྭགས་ཀྱི་རྔོན་པ་ལ་སོགས་པ་བཞིན་དུ་སྡིག་པ་བྱེད་པ་ཉིད་ཡིན་ནོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་དགོངས་པ། རུས་པ་དང་། རྐང་པའི་གཏིང་ནས་བརྩེ་བ་མངའ་བ་དེས་ཇི་ལྟར་ན་ཤ་ཟ་བར་རྗེས་སུ་གནང་བ་ཡིན། ཐེག་པ་ཆེན་པོའི་གཞུང་ལས། བཅོམ་ལྡན་འདས་ཀྱིས་མ་གནང་བ་ཁོ་ན་ཡིན་ཏེ། གླང་པོའི་རྩལ་དང་། སྤྲིན་ཆེན་པོ་དང་། ལང་ཀར་གཤེགས་པ་དང་། སོར་མོའི་ཕྲེང་བ་ལ་སོགས་པའི་མདོ་ལས། ཤ་ཟ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ཉིད་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པའི་གཞུང་ལས་ནི། མཐའ་གསུམ་དག་པའི་ཤ་གང་དག ཟོས་ཀྱང་སྡིག་ཏུ་མི་འགྱུར་ཏེ། །ད་ངས་མ་སོགས་སུ་འགྱུར་བའི་ཕྱིར། །སློང་མོའི་ཟས་ལ་སྡིག་མེད་བཞིན། །ཞེས་འབྱུང་སྟེ། འདི་ལྟར་བདག་གི་ཆེད་དུ་སྲོག་ཆགས་བསད་པར་རང་གིས་མཐོང་བ་ཡང་མེད། ཐོས་པ་ཡང་མེད། དོགས་པ་ཡང་མེད་པ་ནི་སྡིག་པའི་སེམས་དང་བྲལ་བ་ཡིན་པས་ནད་ལ་སོགས་པ་ཞི་བར་བྱ་བའི་དོན་དུ་དེ་ལྟ་བུའི་ཤ་ཟོས་ཀྱང་སྡིག་ཏུ་འགྱུར་བར་བརྟག་པར་མི་བྱ་སྟེ། དྭངས་མ་དང་། གཅིན་དང་། ངན་སྐྱུགས་ལ་སོགས་པར་འགྱུར་བའི་ཕྱིར། ཇི་ལྟར་སློང་མོས་རྙེད་པའི་ཟས་ནི་སློང་མོའི་ཟོས་ཏེ། དེ་ཟོས་པས་སྡིག་ཏུ་མི་འགྱུར་བ་བཞིན་ནོ། །གཞན་ཡང་གང་ཡང་ཤ་ནི་ཟོས་པ་ཡི། །སྡུག་པའི་རྒྱུར་ནི་མི་འགྱུར་ཏེ། །བཀྲེས་པ་བཟློག་པའི་རྒྱུ་ཡིན་ཕྱིར། །མ་བླངས་བྱིན་པའི་ཟས་བཞིན་ནོ། །ཤ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ཟོས་པས་སྡིག་པའི་རྒྱུར་མི་འགྱུར་ཞེས་བྱ་བ་ནི་ཆོས་སོ། །བཀྲེས་པ་ཟློག་པར་བྱེད་པ་སྟེ། ཞི་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། ཟས་ཀྱི་དུས་སུ་མ་བླངས་པར་རྙེད་པའི་ཟས་སྐོམ་བཞིན་ནོ། །ཤ་ནི་མི་བཟའ་བ་ཡིན་ཕྱིར། །མི་ཟ་ཞེ་ན་ལུས་ལ་གཏོགས། །ས་བོན་དང་ནི་བརྟན་བྱེད་པ། །མི་གཙང་མི་གཙང་སྲིན་བུ་བཞིན། །ཤ་ནི་བཟའ་བར་མི་བྱ་བ་ཉིད་དེ། ཕྱི་ས་ལ་སོགས་པ་བཞིན་ནོ་ཞེ་ན་རང་གི་ལུས་འདི་ཡང་བརྟག་པར་བྱ་བ་ཉིད་ཡིན་ཏེ། སྐྲ་དང་། སེན་མོ་དང་། བ་སྤུ་དང་། པགས་པ་དང་། ཕྱི་ཤུན་དང་། ཤ་དང་། རྒྱུས་པ་དང་། ཁྲག་དང་། རུས་པ་དང་། རྐང་དང་། མཁལ་མ་དང་། སྙིང་དང་། གློ་བསྲལ་དང་། མཆིན་པ་དང་། མཚེར་པ་དང་། གློ་དང་། རྒྱུ་མ་དང་། བཞག་དང་། ལོང་ཀ་དང་། གཅིན་དང་། ཕྱི་ས་དང་། མཆིལ་མ་དང་། རྔུལ་དང་། ལུད་པ་དང་། མཆི་མ་དང་། རྣག་དང་། མཁྲིས་པ་དང་། མཆིལ་སྣབས་དང་། ཞག་དང་། ཆུ་སེར་དང་། དྲི་མ་དང་། ཀླད་པ་དང་། ཀླད་རྒྱས་དང་། མིག་རྣག་དང་། རྣ་སྤབས་ཞེས་བྱ་བ་ལ་སོགས་པ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གིས་གང་བའི་རྨའི་སྒོ་དགུ་ནས་རྟག་ཏུ་མི་གཙང་བ་ཟག་པ་ཁྲག་དང་ཁུ་བ་མི་གཙང་བའི་ས་བོན་ལས་བྱུང་བ། མི་གཙང་བའི་ཁུ་བས་ཉེ་བར་བསྟན་ཅིང་། ཕྱི་ས་དང་ངན་སྐྱུགས་ཀྱི་དྭངས་མས་གཡོགས་ནས། མངལ་གྱི་ནང་ནས་བྱུང་བའི་ལུས་འདི་ནི་མི་གཙང་བའི་ནང་ན་གནས་པའི་སྲིན་བུ་དང་འདྲ་བར་ཤིན་ཏུ་མི་གཙང་བ་ཡིན་ན་ཤ་ཟོས་པས་མི་གཙང་བ་ལྷག་པ་ཅི་ཞིག་ཏུ་འགྱུར། དེས་ན་འདི་ནི་ཅི་ཡང་མ་ཡིན་ནོ། །གལ་ཏེ་ཡང་སྐྱེ་བོ་བཟང་པོ་རྣམས་ཀྱིས་འདོད་པ་ཡིན་དུ་ཟིན་ཀྱང་ཉ་ལ་སོགས་པའི་ཤ་ནི་བཟའ་བར་མི་བྱ་སྟེ། ཁུ་བ་དང་ཁྲག་ལས་བྱུང་བ་ཡིན་པའི་ཕྱིར། བ་ལང་དང་བོང་བུའི་ཤ་བཞིན་ནོ་ཞེ་ན། འདི་ལ་བརྗོད་པར་བྱ་བ་ནི། ཁུ་བ་ལ་སོགས་ལས་བྱུང་བའི་ཕྱིར། །ཉ་ཤ་སོགས་ནི་སྨད་ཅེ་ན། །མར་དང་འོ་སོགས་རྒྱུ་ཡིན་པས། །འདི་ནི་མ་ངེས་པ་ཉིད་ཡིན། ཁུ་བ་དང་ཁྲག་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་ཅི་བ་ལང་ལ་སོགས་པའི་ཤ་བཞིན་དུ་ཉ་ཤ་ལ་སོགས་པ་ཡང་བཟའ་བར་བྱ་བ་མ་ཡིན་པ་ཞིག་ཡིན་ནམ། འོན་ཏེ་ཁུ་བ་དང་ཁྲག་ལས་བྱུང་བ་ཡིན་པའི་ཕྱིར། མར་དང་འོ་མ་ལ་སོགས་པ་བཞིན་དུ་བཟའ་བར་བྱ་བ་ཉིད་ཡིན་ཞེས་ཐེ་ཚོམ་དུ་འགྱུར་བས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་ཡང་ཟ་བ་པོ་མེད་ན་གསོད་པ་པོ་ཡང་མེད་པར་འགྱུར་བས་དེས་ན་སྲོག་གཅོད་པ་ནི་ཟ་བ་པོ་ཉིད་ཡིན་ཏེ། འཚོ་བར་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཤའི་ཕྱིར་གསོད་དུ་འཇུག་པ་ལྟ་བུའོ་ཞེ་ན། དེ་ལ། ཤ་ཟ་སྲོག་གཅོད་ཉིད་ཡིན་ཏེ། །དེའི་ཕྱིར་རྒྱུ་མཚན་ཕྱིར་ཞེ་ན། །པགས་སོགས་ཐོགས་པས་གཏན་ཚིགས་ནི། །མ་ངེས་པ་ཉིད་ཡིན་པར་འགྱུར། །གང་པགས་པ་ལ་སོགས་པ་ཐོགས་པའི་དཀའ་ཐུབ་མེད་ན་ཤར་བ་ལ་སོགས་པ་གསོད་པར་ཡང་མི་འགྱུར་རོ། །དེས་ན་དེ་ནི་རྒྱུ་མཚན་ཡིན་པའི་ཕྱིར་ཤའི་ཕྱིར་གསོད་པར་འཇུག་པ་པོ་བཞིན་དུ་ཤ་ཟ་བ་སྲོག་གཅོད་པ་ཉིད་ཡིན་པར་འགྱུར་རམ། འོན་ཏེ་དེའི་རྒྱུ་མཚན་ཡིན་པའི་ཕྱིར་པགས་པ་ལ་སོགས་པ་འཆང་བ་བཞིན་དུ་སྲོག་གཅོད་པ་མ་ཡིན་པ་ཉིད་དུ་འགྱུར་ཞེས་བྱ་བས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །རྒྱུ་མཚན་ཙམ་གྱིས་རྟོགས་པར་བྱེད་ན་སྐྱོན་མང་པོ་གཞན་ཡང་ཡོད་པར་ཐལ་བར་འགྱུར་ཏེ། ཇི་ལྟར། འཇལ་དང་སྲང་ལ་གཡོ་བྱེད་དང་། །ཉོ་བར་འདོད་པ་མི་དགེ་མཉམ། །འཚོ་བྱེད་ནོར་ནི་རྙེད་པ་དེའི། །གང་ཡང་སྡིག་པ་དག་ལས་ནི། །སྐྱོན་ནི་གཉིས་ཀྱིས་ལྷག་པར་དུ། །ཉོ་བ་པོ་ལས་འབྱུང་བར་འདོད། །དེ་བཞིན་བུད་མེད་བདག་པོ་བཞིན། །འདོད་པའི་ཁ་ཟས་སྦྱིན་བྱེད་དང་། སྐལ་བ་ལྡན་པའི་བུད་མེད་དང་། །གང་དག་ཆོས་དེ་སྟོན་པ་དང་། །ཚུལ་ཁྲིམས་མེད་ལ་དམོད་པ་དག  སྐྱོན་ཚོགས་འཛོམས་ཕྱིར་ཏི་ཏི་རི། །དགྲ་གསོས་ལས་ཀྱང་ངེས་པར་ནི། །ཆོས་མ་ཡིན་པ་འཐོབ་པར་འགྱུར། །ཀུན་དགའ་ར་བ་ཁྲོན་པ་རྫིང་། །དེ་ནི་ལུས་ཅན་ཤི་གྱུར་ན། །བྱེད་པའི་སྐྱེ་མཆེད་ཡིན་པའི་ཕྱིར། དེ་ལ་སྐྱོན་འདི་ཡོད་པར་འགྱུར། །གསད་བྱ་ཡོད་པས་གསོད་ཡོད་ཀྱི། །གང་ཕྱིར་མེད་ན་མ་ཡིན་ནོ། །དེས་ན་གསད་བྱ་གསོད་པ་གཉིས། །སྡིག་པ་མཉམ་པར་འཐོབ་པར་འགྱུར། །མཐོང་དང་ཐོས་དང་བསྡམས་པ་དང་། །རེག་དང་དྲན་པ་ཉིད་དང་ནི། །ཤ་ལ་བྱས་ནའང་ཆོས་མིན་འབྲེལ། །འདི་ལྟ་བུར་ནི་འགྱུར་བ་ཡིན། །གསལ་བར་བྱེད་པའི་ཉི་མ་དང་། །སྐྱེ་བའི་རྒྱུ་ནི་ཕ་དག་དང་། །སྐྱོང་བར་བྱེད་པའི་མི་བདག་དང་། །དེ་རྣམས་སྡིག་པའི་བྱེད་པོ་ཉིད་། །གོས་བྱེད་པ་ཡི་ལྟར་བྱས་ནས། །ཟས་ཀྱི་བྱ་བའང་མི་རིགས་ཏེ། །གང་ཕྱིར་སྐྱོན་ནི་གཉིས་འབྱུང་བ། །མ་ཟོས་པ་ལ་མ་ཡིན་ཏེ། །ཟོས་ལས་སྲོག་ཆགས་སྐྱེ་འགྱུར་ཞིང་། །དེ་དག་ཐུར་དུ་འབྱུང་བར་འགྱུར། །སྐྱེས་པ་ཉམས་འགྱུར་མ་ཟོས་ན། །མ་སྐྱེས་སྐྱེ་བར་མི་འགྱུར་རོ། །གལ་ཏེ་གཞན་གྱི་རྒྱུ་མཚན་གྱི། །སྐྱོན་དེ་ཁྱོད་ནི་མི་འདོད་ན། །གཞན་གྱིས་བསད་པར་གྱུར་པ་ཡང་། །སྡིག་དེ་སྤྱོད་པ་ག་ལ་འོང་། །གང་ཕྱིར་མི་སྡིག་གནང་མི་སྦྱིན། །དེས་ན་སྡིག་དེ་ཡོད་མ་ཡིན། །དེ་ཕྱིར་ཤ་སོགས་རྗེས་གནང་བ། །སྐྱོན་མེད་པར་ནི་གཟུང་བར་བྱ། །གཞན་ཡང་། ཤ་ཟ་བ་ནི་སྐྱོན་བཅས་མིན། །དེ་ཚེ་སྲོག་ཆགས་གནོད་མིན་ཕྱིར། །མུ་ཏིག་རྨ་བྱའི་སྒྲོ་སོགས་དང་། །འབྲས་དང་ཆུ་ཡི་དགོས་པ་བཞིན། །སྲོག་ཆགས་ཀྱི་ལུས་ལ་སྡུག་བསྔལ་བ་བསྐྱེད་ནས་ཤ་ཟོས་ན་སྐྱོན་དང་བཅས་པར་འགྱུར་གྱི། ཤ་ཟ་བའི་དུས་ན་སྲོག་ཆགས་ཀྱི་ལུས་ཀྱི་ཤ་ལ་སེམས་མེད་པས་སྡུག་བསྔལ་སྐྱེ་བར་མི་འགྱུར་ན་སྡིག་པར་ལྟ་ག་ལ་འགྱུར་ཏེ། །ཇི་ལྟར་ཉ་ཕྱིས་དང་། ཉ་དང་། གླང་པོ་ཆེ་མུ་ཏིག་གི་འབྲས་བུ་རྣམས་དང་། རྨ་བྱའི་སྒྲོ་དང་། གཡག་རྔ་དང་། སོ་དང་། རུས་པ་དང་། པགས་པ་ལ་སོགས་པ་རྣམས་ཉེ་བར་ལོངས་སྤྱོད་པར་བྱེད་པའི་དུས་ན། སྲོག་ཆགས་ལ་སྡུག་བསྔལ་ཅུང་ཞིག་ཀྱང་མེད་པ་དང་། །འབྲས་བུ་དང་། ཆུ་ལ་སོགས་པ་ལོངས་སྦྱོད་པའི་དུས་ན་གང་ལ་ཡང་གནོད་པ་མེད་པ་ལྟར་དེ་བཞིན་དུ་ཤ་ཟ་པར་བྱེད་ཀྱང་དེའི་ཚེ་གནོད་པ་མེད་པས་སྐྱོན་མེད་དེ། སྐྱོན་ཡོད་ན་ནི་ཤི་བའི་རོ་སྲེག་པར་ཡང་སྡིག་པ་ཡོད་པར་འགྱུར་རོ། །གལ་ཏེ་ཡང་འདིར་དེ་ལྟ་ན་ཡང་ཤ་ནི་བཟའ་བར་བྱ་བ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་སྐྱེ་བར་བྱེད་པ་ཉིད་ཡིན་ཏེ། ཤ་ཟོས་ན་ནི་སྟོབས་སྐྱེ་བར་འགྱུར་ལ། སྟོབས་ལས་ནི་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཞེ་ན་དེ་ལ། འདོད་ཆགས་ཀུན་རྟོག་ལས་བྱུང་ཕྱིར། །ཤ་ཟོས་དེ་ཡི་རྒྱུ་མ་ཡིན། །དེ་མ་ཟོས་ལའང་དེ་འབྱུང་སྟེ། རྩྭ་ཟན་བ་ལང་ལ་སོགས་བཞིན། །ཞེས་བརྗོད་པར་བྱ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་རྩ་བར་གྱུར་པ་ལས་འབྱུང་གི་ཤ་ཟོས་པ་ལས་མ་ཡིན་ཏེ། ཇི་ལྟར། ཀུན་རྟོག་ལས་ནི་འདོད་སྐྱེས་པས། །འདོད་པའི་རྩ་བར་ཤེས་གྱིས་ཏེ། །ཁྱེད་ནི་ཀུན་རྟོག་མ་བྱེད་དང་། །དེས་ན་ཁྱོད་ལ་འབྱུང་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུ་སྟེ། ཅི་བ་ལང་དང་། བོང་བུ་ལ་སོགས་པ་རྩྭ་ཟ་བ་དེ་དག་དུས་ཐམས་ཅད་དུ་འདོད་ཆགས་ཀྱི་སེམས་ཀྱིས་གནོད་པར་གྱུར་པ་གང་ཡིན་པ་དེ་དག་ཅི་ཤ་ཟ་བ་ཡིན་ནམ། དེས་ན་མཐའ་གསུམ་དག་པའི་ཤ་ཟོས་ནས། སྐྱོན་དང་ལྡན་པར་འགྱུར་བ་མ་ཡིན་པ་ཉིད་དེ། ཇི་ལྟར། མཐོང་དང་ཐོས་དང་དོགས་པ་ཡིས། །གང་གི་ཆེད་དུ་བྱས་ཤེས་པའི། །ཤ་དེ་དེ་ཡིས་བཟའ་མི་བྱ། །དེ་ལས་གཞན་གང་ཡིན་དེས་བཟའ། །རོ་ཆགས་ཚོལ་དང་གསོད་པ་དང་། །སྙིང་རྗེ་མེད་པའི་བསམ་སྤངས་ནས། །ཤ་ནི་ཟོས་པར་གྱུར་ན་ཡང་། །སྐྱོན་བཅས་མ་ཡིན་ཟས་མཆོག་བཞིན། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། །ཞེས་གསུངས་སོ། །དེ་ལྟར་ན་ཐེག་ཆེན་པའི་ལུགས་ཀྱི་རུང་བ་དང་རུང་བ་མ་ཡིན་པའི་ཤའི་ཁྱད་པར་ནི། ཁ་ཅིག་ལང་གཤེགས་ལས། མཐོང་དང་ཐོས་དང་དོགས་པ་ཡི། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཅེས་གསུངས་པ་འདིའི་ལུགས་ཀྱི་རྣམ་གསུམ་དག་པའི་ཤའི་ངོས་འཛིན་ཡིན་པས་འདུལ་བ་དང་ཁྱད་པར་མེད་དེ། བཟའ་བ་པོ་རང་གི་ཆེད་དུ་བྱས་པར་རང་ལ་མཐོང་ཐོས་དོགས་གསུམ་ཡོད་མེད་ཡིན་ཟེར། ཁ་ཅིག་ནི། འདུལ་བ་ཚིག་ལེའུར་བྱས་པ་ལས། གང་ཕྱིར་ཆེད་དུ་བྱས་པའི་ཤ་མཐོང་ངམ་ཐོས་སམ་དོགས་པ་ནི། །དེ་ནི་བཟའ་བར་བྱ་མིན་པར། །འགྲོ་ཀུན་ཕན་པར་བཞེད་པས་གསུངས། །ཞེས་པ་ལྟར། ཤའི་ཆེད་དུ་མཐོང་ཐོས་དོགས་གསུམ་དང་བྲལ་བའོ། །ཞེས་འདུལ་བའི་ལུགས་ཀྱང་དེ་ལྟར་དུ་བཞེད་དོ། །རང་གི་བསམ་ཚུལ་ནི། འདུལ་བའི་ལུགས་ལ་སྔར་སྨྲས་པ་ལྟར་རང་གི་ཆེད་དུ་བྱས་པ་ལ་མཐོང་ཐོས་དོགས་གསུམ་ཡོད་མེད་ཀྱིས་འབྱེད་དགོས་པར་གསལ་ལ། ཐེག་ཆེན་གྱི་ལུགས་ལ་ནི་བཟའ་བ་ཙམ་གྱི་ཆེད་དུ་བྱས་པའི་ཤ་ཡང་མི་རུང་བ་ཡིན་ཏེ། ལང་གཤེགས་ལས། བློ་གྲོས་ཆེན་པོ། གང་ཉེ་བར་བཟུང་སྟེ། ཉན་ཐོས་རྣམས་ལ་གནང་བར་བྱ་བ། མ་བྱས་པ་དང་། མ་བརྟགས་པ་ཞེས་བྱ་བའི་ཤ་ཡང་རུང་བ་མེད་ན། ཞེས་དང་། རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང་། །མ་བསྐུལ་བ་ཡང་ཡོང་མེད་པས། །དེ་བས་ཤ་ནི་མི་བཟའ་འོ། །ཞེས་དང་། བློ་གྲོས་ཆེན་པོ་བྱེད་དུ་མ་བཅུག་པ་དང་། །མ་བཙལ་བ་དང་། །འདུ་ཤེས་མེད་པ་ཞེས་བྱ་བའི་ཤ་གང་ཡང་མེད་པས་དེའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་དང་། བཅོལ་ཚོལ་འདུ་ཤེས་དེ་མེད་ན། །རྣམ་གསུམ་དག་པའི་ཤ་ཡང་མེད། །རྒྱུ་མེད་ལས་ནི་ཡོད་མིན་པས། །དེ་ཡི་ཕྱིར་ན་བཟའ་མི་བྱ། །ཞེས་ཉན་ཐོས་ལ་རྣམ་གསུམ་དག་པའི་ཤ་ཞེས་ཉེ་བར་བཟུང་སྟེ་གནང་བ་དེའང་བཟའ་བར་མ་བསམ་པ་དང་། གཞན་ལ་མ་བསླངས་པ་དང་། གཞན་ལ་མ་བསྐུལ་བ་མ་ཡིན་ཏེ། ད་ངོས་སུ་དེ་ལྟར་བྱས་པ་མེད་ཀྱང་བརྒྱུད་ནས་སམ་དོན་གྱིས་བྱས་པ་ཡིན་པས་མི་རུང་བའི་ཤ་ཡིན་ཞེས་པ་སྟེ། དེས་ན་སྔར་ཉན་ཐོས་ལ་རུང་བར་གསུངས་པ་དེ་འདིར་མི་རུང་བར་གསུངས་པ་ཡིན་ཞེས་གསུངས་པའི་ཕྱིར་རོ། །ཡང་གནང་བཀག་གི་རིམ་པ་འདི་ལ་སྔོན་གྱི་མཁས་པ་ཁ་ཅིག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤ་བཟའ་མི་རུང་བ་ཡིན་གྱི། ཐེག་དམན་གྱི་རབ་བྱུང་ཙམ་ལ་ནི་རྣམ་གསུམ་དག་པའི་ཤ་བཟའ་མི་རུང་བ་མེད་ཅེས་ཟེར། ཁ་ཅིག་ནི་ཉན་ཐོས་རྣམས་ལའང་སྔར་གནང་བ་ཡིན་གྱི། ཕྱིས་བཀག་པ་ཡིན་པས་བྱང་ཆུབ་སེམས་དཔའ་ཙམ་དུ་མ་ཟད་དེ་རྣམས་ཀྱིས་ཀྱང་ཤ་ཐམས་ཅད་བཟའ་མི་རུང་གསུངས། དེ་ལ་འདུལ་བ་ལས་རྣམ་གསུམ་དག་པའི་ཤ་གནང་བ་ནི་བདེན་དེ། ལུང་སྨན་གྱི་གཞི་ལས། དགེ་སློང་དག་ངས་གནས་གསུམ་གྱིས་རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་གསུམ་གང་ཞེ་ན། ཞེས་སོགས་སྔར་དྲངས་པ་དང་། དགེ་སློང་རྣམས་ཀྱིས་ཤ་བཞེས་པའི་གླེང་གཞི་དུ་མ་འདུག་པའི་ཕྱིར་དང་། རྣམ་གསུམ་དག་པའི་ཤ་བཟའ་མི་རུང་པའི་སྔར་བཅས་དང་རྗེས་བཅས་གང་ཡང་འདུལ་བ་རང་ན་མི་སྣང་བའི་ཕྱིར་དང་། སློབ་དཔོན་ཡོན་ཤཱཀ་རྣམ་གཉིས་དང་ཆོས་བཤེས་སོགས་ཀྱིས་ཀྱང་དེ་ཁོ་ན་ལྟར་གསུངས་པའི་ཕྱིར་རོ། །འོན་ཀྱང་ལང་གཤེགས་དང་མྱང་འདས་ཆེན་པོའི་མདོ་དག་གི་ཚིག་དོན་ཐད་ཀར་བཤད་ན། ཕྱིས་སུ་ཉན་ཐོས་རྣམས་ཀྱིས་ཀྱང་ཤ་ཐམས་ཅད་བཟའ་མི་རུང་བར་བཅས་པར་མངོན་ཏེ། ལང་གཤེགས་ལས། བསྟན་པ་བརྗོད་པ་དེ་དང་དེ་ལ་བསླབ་པའི་གཞི་རིམ་པས་བཅའ་བ་སྐབསས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་གསུམ་བཅས་ནས། །ཞེས་སོགས་དང་། དེ་ལྟར་བློ་གྲོས་ཆེན་པོ། ངས་ཤའི་ཟས་ནི་སུ་ལའང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །ཞེས་དང་། མྱང་འདས་ཆེན་པོ་ལས། རིགས་ཀྱི་བུ་ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་། །ཞེས་དང་། བཀའ་བསྩལབ། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་བསྡམ་པའི་ཕྱིར་དེང་ངས་བོར་རོ། །ཞེས་དང་། ང་ནི་འདུ་ཤེས་གཞན་གྱིས་ད་ཁྱོད་ལ་བསླབ་པའི་གཞི་བཅའ་བར་བྱ་སྟེ། མུ་གསུམ་གྱི་ཤ་ཡང་མི་བཟའ་བར་བསྡམས་སོ། །ཞེས་དང་། ཤའམ། ཉ་ཤའམ། རི་དྭགས་ཀྱི་ཤའམ། རྨིག་པ་སྐབསམ་པོའམ། ཤའི་བག་གཞན་གྱིས་འབགས་པ་རྣམས་ཀྱང་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བསླབ་བཏུས་ལས་གསུངས་པ་ལྟར་འདུལ་བ་ལས་རྣམ་གསུམ་དག་པའི་ཤ་གནང་བ་ནི་དགོས་པའི་དབང་གིས་རེ་ཞིག་དེ་ལྟར་དུ་བསྟན་ནས། མཐར་གྱིས་ཉན་ཐོས་བྱང་སེམས་ཐམས་ཅད་ཀྱིས་ཤ་ཐམས་ཅད་མི་བཟའ་བའི་བསླབ་པའི་རིམ་པ་སྐབསས་ཀྱི་གདང་བུ་བཞིན་དུ་བསྡམས་ཏེ་སྔར་རྣམ་གསུམ་དག་པའི་ཤ་བཟའ་རུང་ཞེས་པ་དེའང་བོར་ནས་ད་ཕྱིན་ཆད་སུས་ཤ་ཟོས་ཀྱང་ངན་སོང་དུ་ལྟུང་བྱེད་ཡིན་ཞེས་གསུངས་པ་ཡིན་པར་སེམས་སོ། །གསུམ་པ་གསང་སྔགས་ལས་ཇི་ལྟར་གསུངས་ཚུལ་ལའང་བཀའ་དང་བསྟན་བཅོས་གཉིས་ལས། དང་པོ་ནི། དུས་འཁོར་རྩ་བའི་རྒྱུད་འགྲེལ་ཆེན་དྲི་མེད་འོད་དུ་དྲངས་པ་ལས། །ལྷ་དང་རང་འཇིགས་ཕ་མེས་དང་། འདོད་གྲུབ་དོན་དང་བཙོང་ཕྱིར་ཡང་། །གདུལ་དཀའ་སྡིག་པ་བྱེད་རྣམས་ཀྱིས། །གནོད་བྱེད་མིན་པའི་སེམས་ཅན་བསད་། །དེ་ཡི་ཤ་དེ་ཉོ་བ་དང་། །ཟ་འདོད་ཁ་ན་མ་ཐོ་བཅས། །མ་བླངས་སྣོད་དུ་ལྷུང་གྱུར་བ། །དེ་ཉིད་ཁ་ན་མ་ཐོ་མེད། །སྲོག་ཆགས་གཅིག་གི་ཤ་དག་ནི། །མང་པོ་རྣམས་ཀྱིས་ཟོས་པ་མཆོག། སྲོག་ཆགས་དུ་མའི་ཤ་དག་ནི། །ཡིད་སྐྱེས་གཅིག་གིས་ཟོས་པ་མིན། །ཞེས་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ཞེས་པ་ལས། །སངས་རྒྱས་པ་ཡིས་ཀུན་ནས་ཤ་མི་བཟའ་ཞིང་བདག་གི་བ་ཡིས་བསྲུང་མི་བྱ། །སྲོག་ཆགས་རྣམས་ལ་སྲོག་ཆགས་འདུ་ཤེས་གསོད་པའི་ཡིད་ཀྱིས་ཉེ་བར་བརྩམས་པས་འདིར་ཉམས་པ། །ཞེས་དང་། དགེ་སློང་སྙིང་རྗེ་མེད་པས་ལྕེ་ལ་ཤ་ཡི་རོ་མྱོང་རོ་ལ་རྗེས་སུ་ཚོལ་བྱེད་ཅིང་། །བདག་ཉིད་གསོད་པ་ལ་སོགས་སྐྱོན་གྱིས་དགེ་སློང་རྣམས་དང་དགེ་ཚུལ་ཡང་ནི་དམྱལ་བར་འགྲོ། །ཞེས་དང་། ཤ་ལ་སོགས་པ་ཟོས་ན་ངེས་པར་ས་ཡི་འོག་ཏུ་ལུས་ཆེན་རྣམས་སུ་སྡུག་བསྔལ་འགྱུར། །ཞེས་གསུངས་སོ། །ནད་པའི་ནད་གསོ་བའི་ཕྱིར་དུ་ཤ་བསྟེན་དགོས་ནའང་བཟའ་བའི་ཕྱིར་དུ་བསད་པ་མ་ཡིན་པའི་ཤ་དག་གལ་ཏེ་ཡོད་ན་དེ་ཉིད་བསྟེན་པར་གསུངས་ཏེ། དེ་ཉིད་ལས། དགེ་སློང་ནད་པ་ལ་ནི་སྨན་པས་ཤ་བསྟན་ན་ཡང་བྱ་ཁྲ་རྣམས་ཀྱིས་བསད་པ་དང་། །ཕ་ཡི་ཆེད་དུ་བསད་དང་མཆོད་སྦྱིན་ཐོག་དང་མེ་དང་ཆུ་དང་མ་ཞུའི་སྐྱོན་གྱིས་ཤི་བ་རྣམས། །སྦྱོར་བ་འདི་རྣམས་མེད་པར་གྱུར་ན་གང་དུ་དེ་ཚེ་བཟའ་བར་བྱ་བ་གསུངས་པ་རྣམས། །དགེ་སློང་རྣམས་ལ་ཤ་གང་དེ་ནི་སྟོབས་བཅུ་ལྡན་པས་ནད་འཇོམས་ཕྱིར་ཡིན་འཆི་བསླུར་མིན། །དཔེ་གཞན་ལས། དགེ་སློང་རྣམས་ལ་ཤ་ནི་གང་དེ་སྟོབས་བཅུ་ལྡན་པས་འཆི་ན་གཞོམ་པ་ལས་ནི་གཞན་པ་མིན། ཞེས་གསུངས་སོ། །མཆན། ཞེས་དང་། ཀུན་བཟང་དགོངས་པ་ཟང་ཐལ་མཁའ་འགྲོའི་ལས་རིམ་གསང་བའི་མན་ངག་ལས། གསང་སྔགས་དམ་རྫས་བླང་བྱའི་རྫས་ཡིན་ཡང༔གཙང་དམེ་སྤང་བླང་མེད་པར་མ་རྟོགས་པར༔ཤ་ཁྲག་ཆང་ལ་བག་མེད་སྤྱོད་པ་སྤང༔བདུད་རྩི་རྣམ་ལྔ་སྨན་གྱི་དྲི་ཙམ་བླང༔ཞེས་དང་། ཤ་ཆང་ཁྲག་ལ་བག་མེད་སྤྱོད་པ་རྣམས༔སྡིག་ཅན་སྐྱེ་བོའི་ཟས་ཏེ་ཆོས་ཀྱི་བདུད༔ཅེས་སོ། །གཉིས་པ་བསྟན་བཅོས་ལས་གསུངས་པ་ནི། ཀུན་བཟང་དགོངས་པ་ཟང་ཐལ་ཞི་ཁྲོ་ལྷུན་གྲུབ་ཀྱི་འཕྲིན་ལས་དགའ་རབ་རྡོ་རྗེས་བཏུས་པའི་ཚོགས་འཁོར་ལས། དང་པོ་ཚོགས་ཀྱི་འཁོར་ལོ་ལ༔རོ་དྲུག་ཚང་བའི་ཟས་བརྒྱ་དང༔ཡོ་བྱད་ཕུན་སུམ་ཚོགས་པ་བཤམས༔དེ་ཡང་མཆོག་ཏུ་བསྔགས་པ་ཤ་དང་ཆང་ཡིན་ཏེ༔ཤ་ནི་ནད་ཡུན་རིང་གིས་ཤི་བ་མ་ཡིན་པ༔མིའམ་གཅན་གཟན་གྱིས་བསད་པ་མ་ཡིན་པ༔གྲི་ཐབས་སྣ་དགུ་དང༔དོམ་ཤ་བླང་བར་མི་བྱའོ༔རང་རྐྱེན་ཚེ་ཟད་ནས་ཤི་བ་ཁོ་ན་བསྔགས་སོ༔དབང་པོ་ཚང་བ་དགོས་སོ༔གྲིར་ཤི་བའི་ཤ་ཁྲག་ནི་གནོད་སྦྱིན་མཆོད་པའི་རྫས་ཡིན་ནོ༔ད་མ་རྫས་སུ་ནི༔རྨིག་ཟླུམ་དང༔མཛེ་ཅན་དང༔ད་མེ་ཤ་དང༔ནད་ངན་པས་ཤི་བའམ༔རྒྱུ་ངན་པ་དངོས་པོ་རུལ་བ་ནི་མཁའ་འགྲོ་མི་མཉེས་པས་དམ་རྫས་སུ་མི་རུང་ངོ༔ཞེས་དང་། འགྲེལ་ཆེན་དྲི་མེད་འོད་ལས། འོ་ན་སྔགས་ཀྱི་ཐེག་པ་འདིར་རྣལ་འབྱོར་པ་རྣམས་ཀྱིས་ཤ་བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་ལ་དེ་ཉིད་ཀྱང་རྟག་ཏུ་སྲོག་བཅད་པ་ལས་འབྱུང་སྟེ་སྲོག་བཅད་པ་མེད་པར་ནི་འགའ་ཞིག་གི་ཚེ་སྲིད་དོ། །གལ་ཏེ་ཟ་བ་པོ་མེད་ན་གསོད་པ་པོ་ཡང་མི་འབྱུང་ངོ་། །དེའི་ཕྱིར་ཟ་བ་པོ་དང་གསོད་པ་པོ་དག་སྲོག་གཅོད་པར་འགྱུར་རོ། །འདིར་ཡང་ཉི་མ་སོ་སོར་སྔགས་པས་དམ་ཚིག་བཞི་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ་ཞེ་ན། དེ་ནི་བདེན་ཏེ་རྒྱུ་གང་གི་ཕྱིར་མཚན་མ་དང་ཁ་ན་མ་ཐོ་བ་དང་བཅས་པས་སྲོག་གཅོད་པར་འགྱུར་བ་རྒྱུ་དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་མཚན་མ་མེད་པ་དང་ཁ་ན་མ་ཐོ་བ་མེད་པ་གོ་ཀུ་ལ་སོགས་པ་བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་ཡུལ་གང་ན་འཇིག་རྟེན་པ་རྣམས་ཀྱིས་གང་བཟའ་བ་མ་ཡིན་པ་དང་གང་བཙོང་བ་མ་ཡིན་པ་གོ་ཀུ་ལ་སོགས་པ་རང་གི་ལས་ཀྱིས་ཤི་བ་དང་གཡུལ་དུ་ལས་ངན་པའམ་རང་གི་སྐྱོན་གྱིས་ཆོམ་རྐུན་ལ་སོགས་པས་བསད་པ་དེ་དག་ཐམས་ཅད་རྣལ་འབྱོར་པས་བཟའ་བར་དེ་བཞིན་གཤེགས་པས་གསུངས་སོ། །རྫས་ཀྱིས་ཉོས་པ་ནི་མ་ཡིན་ཞིང་ཕ་མེས་ལ་སོགས་པ་དང་མཆོད་སྦྱིན་ལ་སོགས་པའི་བྱ་བ་ལ་བསད་པ་ཡང་མ་ཡིན་ཏེ། མཚན་མ་དང་བཅས་པའི་ཤ་བཟའོ་ཞེས་པ་ནི་དེ་བཞིན་གཤེགས་པས་མ་གསུངས་སོ། །ཡང་གང་ཞིག་ཉི་མ་སོ་སོར་དམ་ཚིག་བྱ་བ་དེ་ནི་ཁ་ན་མ་ཐོ་བ་མེད་པའི་གོ་ཀུ་ལ་སོགས་པ་ལྔ་དང་རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་རིལ་བུ་ཉུངས་ཀར་གྱི་ཚད་ཙམ་ཉི་མ་སོ་སོར་དམ་ཚིག་བསྟེན་པའི་དོན་དུ་བྱའོ། །ཞེས་སོ། །དེ་ལ་ཕ་རོལ་པོས། བཟའ་བ་པོ་མེད་ན་གསོད་པ་པོའང་མི་འབྱུང་བས་བཟའ་བ་པོ་དང་གསོད་པ་པོ་གཉིས་ཆར་གྱིས་སྲོག་བཅད་པར་འགྱུར་རོ་ཞེས་པ་ལ། དེ་ནི་བདེན་ཏེ་ཞེས་ལན་བཏབ་ནས། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་བཟའ་བའི་ཆེད་དུ་བསད་པ་རྫས་ཀྱིས་ཉོས་པ་དང་། ཕ་མེས་དང་མཆོད་སྦྱིན་སོགས་ཀྱི་ཆེད་དུ་གསོད་པའི་མཚན་མ་བཏབ་ནས་བསད་པའི་ཤ་རྣམས་མི་བཟའ་ཞིང་། རང་གི་ལས་ཀྱིས་ཤི་བ་སོགས་དང་ཡུལ་གང་དུ་བཟའ་བར་མི་བྱེད་པ་བ་ལང་ལ་སོགས་པའི་ཤ་དག་གམ་ཡང་ན་དམ་རྫས་རིལ་བུ་ཙམ་རྣལ་འབྱོར་པས་བསྟེན་པར་བྱ་ཞེས་གསུངས་པའོ། །གཞན་ཡང་གྲུབ་རྗེ་པད་མ་བདུད་འདུལ་གྱི་ཞལ་ནས། ཤ་ཟོས་སྡུག་བསྔལ་ཡིད་ལ་དྲན་ཙ་ན། །མི་བཟོད་སྙིང་འད་ར་གཟེར་རྒོད་འབར་བ་ནི། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསྟོང་ཉིད་སྙིང་རྗེའི་ངང་ནས་འགྲོ་བ་འདྲེན། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རང་ལ་བྱམས་དང་སྙིང་རྗེ་མ་འབྱོངས་པས། །མ་ཤ་ཟ་ཞིང་གཞན་ལ་རྒྱུ་འབྲས་བཤད་། །དོན་དམ་མ་རྟོགས་ཚིག་གི་ལམ་ལ་འབྱམས། །ནེ་ཙོ་ལྟ་བུའི་བྲག་དཀར་སྤྲང་པོ་བད་ག། འཚོ་བ་དཀའ་ཐུབ་བཅུད་ལེན་འདུག་པའི་སྐབས། །ཉིན་གཅིག་མཁའ་མཉམ་རང་གྲོལ་རིམ་གཉིས་ཀྱི། །ཟུང་འཇུག་སྤྱན་རས་གཟིགས་དབང་བསྒོམ་པའི་ངང་། །རང་ལུས་སོགས་ཀུན་དངོས་པོ་མི་སྣང་ནས། །འོད་ལུས་ཐུགས་རྗེ་ཆེན་པོ་ཇི་ལྟ་བུར། །གྱུར་ནས་མཁའ་ལ་ཡོད་སྣང་འདྲ་ཞིག་བྱུང་། །རང་རིག་འོད་གསལ་ངང་ནས་བལྟས་ཙ་ན། །ངན་སོང་སྡུག་བསྔལ་བསམ་གྱིས་མི་ཁྱབ་མཐོང་། །ཁྱད་པར་ཡང་སོས་སྡུག་བསྔལ་གླིང་བཞི་ཙམ། །མཐོང་བ་དེ་ཡི་བཞི་ཆ་ཙམ་ཞིག་ཏུ། །བར་མཚམས་མེད་པར་ཕོ་མོ་གཅེར་བུ་ཡིས། །བཀང་ནས་མི་རྣམས་རེ་རེའི་རྩ་བ་རུ། །ལས་མཁན་ཤིན་ཏུ་མ་རུངས་མང་པོ་ཡིས། །བྱ་རིགས་རི་དྭགས་གཡུང་དྭགས་གཅན་གཟན་རིགས། །མགོ་བརྙན་མི་འདྲ་ཅན་ནི་མང་པོ་ཡིས། །ལག་ན་མཚོན་ཆ་རྣོན་པོ་རེ་ཐོགས་ནས། །རྒྱུན་དུ་མི་ཤ་དུམ་བུར་བཅད་ཅིང་ཟ། །ཡང་ཡང་བཅད་ནས་ཡང་ཡང་ཤ་རྒྱས་ཤིང་། །ཇི་སྲིད་ལས་མ་ཟད་པར་མི་འཆི་བའི། །བག་ཆགས་འཛད་མེད་དེ་ཡི་རང་བཞིན་འཕེལ། །ཁྱད་པར་དམར་ཆོག་དེད་པའི་ཉེས་པ་འཕགས། །ཀུན་གྱིས་སྐབསད་ངན་འདོན་པ་འུ་རུ་རུ། །རང་སྣང་འཁྲུལ་བས་གཞན་འཁྲུལ་དེ་མཐོང་ནས། །སྡུག་བསྔལ་འདི་ལ་ཕན་ཐབས་ཅི་ཡོད་དམ། །བསམ་ཚེ་སྐད་ཅིག་མདུན་གྱི་ནམ་མཁའ་ནས། །ཐུགས་རྗེ་ཆེན་པོའི་ཞལ་ནས་འདི་སྐད་གསུངས། །ཨེ་མ་ང་དང་ཚེ་རབས་ཡང་ཡང་འབྲེལ་བའི་བུ། །ལེགས་པར་གསོན་དང་བརྩོན་འགྲུས་སྙིང་སྟོབས་ཅན། །བསྐྱེད་རུམ་ལྷ་ལ་བརྟན་པ་ཐོབ་པ་དང་། །ཡོན་ཏན་ཡལ་ག་ཅུང་རེ་རྒྱས་གད་འ་སྟེ། །ཆོས་ཀྱི་རྩ་བ་བྱམས་དང་སྙིང་རྗེ་ཡིན། །ཁྱོད་ལ་བྱམས་དང་སྙིང་རྗེ་མི་གནས་སམ། །སྙིང་རྗེ་འབྱོངས་ན་ཤ་ཟ་ནུས་མི་འོས། །ཤ་ཟོས་སྡུག་བསྔལ་འབྱུང་ལུགས་འདི་ལ་ལྟོས། །རང་བྱས་ལས་ཀྱི་རྣམ་སྨིན་རང་ལ་གྲུབ། །དུས་གསུམ་རྒྱལ་བས་བྱ་ཐབས་ཅི་ཡང་མེད། །ཤ་ཟོས་ཡོན་ཏན་ཀུན་བྲལ་ཉེས་ཚོགས་ལྡན། །བཞི་བརྒྱའི་ནད་དང་སྟོང་ཕྲག་བརྒྱད་ཅུའི་བགེགས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རང་གནས་འབྱུང་། །འབྲེལ་ཚད་དོན་ལྡན་བརྟུལ་ཞུགས་སྤྱོད་པ་དང་། །སྨན་དང་ཐེག་མཆོག་གསང་སྔགས་རྫས་མ་གཏོགས། །ཤ་ཟོས་པ་ལ་ཡོན་ཏན་ཏིལ་ཙམ་མེད། །ཤ་ཟ་ཅན་ནི་བདུད་དང་སྲིན་པོའི་རིགས། །ཡིན་པས་སྡོམ་པ་ཉམས་ཤིང་ཉོན་མོངས་འཕེལ། །གཞན་ཕན་བྱམས་དང་སྙིང་རྗེའི་རྒྱུ་མེད་ཅིང་། །འབྲས་བུ་བྱང་ཆུབ་སྙིང་པོར་སྨིན་པར་དཀའ། །ཤ་ཟོས་ལུས་ལ་ཡེ་ཤེས་ལྷ་མི་འཁོར། །བྱིན་རླབས་དངོས་གྲུབ་རྟེན་འབྲེལ་ཕྲིན་ལས་མེད། །ཤ་ཟོས་ལུས་ལ་གཞན་ཕན་རྫས་མི་འབྱུང་། །ཕལ་ཆེར་ལྷ་ཀླུ་སོགས་ཀྱིས་སྲིན་པོར་མཐོང་། །ཤ་ཟོས་ལུས་ལ་དྲི་ཟ་སྲིན་པོ་བདུད། །གཤིན་རྗེ་མོ་འདྲེ་རྒྱལ་འགོང་དམ་སྲི་འཁོར། །ཤ་ཟོས་འབྲས་བུ་དམྱལ་བར་སྐྱེ་བ་དང་། །བྱ་རིགས་ལྕེ་སྤྱང་སྲིན་པོ་སོགས་ལུས་ལེན། །དེ་བཞིན་ཤ་ཟོས་སྡུག་བསྔལ་དཔག་མེད་ཡོད། །སྤངས་ན་སྔར་བཤད་ཉེས་པ་ཀུན་བྲལ་ནས། །རྟག་ཏུ་མི་མ་ཡིན་གྱིས་སྤྱི་བོར་བཀུར། །གཙང་ལྡན་ཡང་དག་བྲམ་ཟེ་ལྷ་ལུས་མཐོང་། །ཕྱོགས་བཅུའི་སངས་རྒྱས་མ་ལུས་སྲས་འཁོར་བཅས། །བླ་མ་ཡི་དམ་མཁའ་འགྲོ་སྤྲིན་བཞིན་འདུ། །ཁྱད་པར་བྱང་ཆུབ་སེམས་དཔའ་སེམས་མ་འཁོར། །ཤུགས་འབྱུང་བྱམས་དང་སྙིང་རྗེའི་རྒྱུ་བྱེད་ཅིང་། །འབྲས་བུ་བྱང་ཆུབ་སྙིང་པོ་མྱུར་དུ་འཐོབ། །དེ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་འབྱུང་། །ཞེས་གསུངས་ཐམས་ཅད་རང་སྣང་གྱུར་པའི་རྗེས། །རྨི་ལམ་འོད་གསལ་སད་ལྟར་ཞིག་བྱུང་དུས། །བཙན་དུག་ཟོས་བཞིན་ལུས་སེམས་མི་བདེ་ཞིང་། །འཇིགས་སྐྲག་བཟོད་མེད་སྲོག་གཟེར་སྙིང་འད་ར་རོ། །སྔར་གྱི་ཡང་སོས་སྡུག་བསྔལ་དྲན་ཙམ་གྱིས། །བདེ་སྡུག་གཏོང་ལེན་བྱེད་པའི་ཐབས་མ་བྱུང་། །ཤིན་ཏུ་ཡིད་རྨོངས་མཆི་མ་རབ་འཁྲུགས་ཤིང་། །བཟོད་གླགས་མེད་པ་སྙིང་རྗེའི་སེམས་སྐྱེས་ནས། །གཞན་གྱི་སྡུག་བསྔལ་རང་གིས་བླང་བའི་ཆེད། །མ་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །ཤ་ཟོས་ཉེས་སྒྲིབ་མ་ལུས་དག་བྱའི་ཕྱིར། །བདེན་གཉིས་བདེན་པས་དམ་བཅའ་འདི་བརྗོད་དོ། །ཨ་ཧོ། ཐུབ་དབང་ཕྱོགས་དུས་རྒྱལ་བ་སྲས་བཅས་མཁྱེན། །རྒྱུ་འབྲས་གོ་ལོགས་བུ་ལ་ཐུགས་རྗེས་གཟིགས། །དྲིན་ཅན་རྩ་བརྒྱུད་བླ་མའི་ཚོགས་རྣམས་མཁྱེན། །རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །ལྷག་པའི་ལྷ་མཆོག་སྤྱན་རས་གཟིགས་དབང་མཁྱེན། །རྒྱུ་འབྲས་གོ་ལོག་བུ་ལ་ཐུགས་རྗེས་གཟིགས། །བདག་ནི་མ་རིག་སྒྲིབ་གཉིས་དབང་སོང་བས། །མཁའ་མཉམ་ཕ་མའི་རང་བཞིན་ཡིན་ཟེར་ཞིང་། །རང་གིས་ཤ་ཟོས་གཞན་ལ་རྒྱུ་འབྲས་བཤད་། །སྡུག་བསྔལ་འདི་ཙམ་ཆེ་བ་ཡོད་མ་ཤེས། །རྣམ་གསུམ་དག་ཤ་རྒྱལ་བས་གནང་བ་ཡིན། །སྡིག་པ་མི་འོང་ཟེར་བ་ཕལ་ཆེར་ཐོས། །དེ་རྣམས་འབྲེལ་ཚད་དོན་ལྡན་སྐྱེས་མཆོག་ལ། ཉོན་མོངས་སྐྱོན་གྱིས་མ་གོས་པད་མ་ལྟར། །ཟབ་ལམ་གསང་སྔགས་སྤྱོད་པ་ཡིན་ཤས་ཆེ། །བདག་ནི་གཞན་ཕན་བྱམས་དང་སྙིང་རྗེ་དང་། །བསླུ་མེད་རྒྱུ་འབྲས་ཁོ་ན་མ་གཏོགས་པ། །དེ་བས་ཟབ་པའི་གདམས་པ་ཡོད་མ་ཡིན། །ནམ་མཁའི་མཐའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི། །ཤ་ཟོས་ཉེས་སྒྲིབ་མ་ལུས་དག་པའི་ཆེད། །ཕྱིན་ཆད་ཤ་ཟ་ཡོངས་སུ་སྤང་བར་བགྱི། །དམ་བཅའ་དོར་བ་མེད་པའི་ཁས་ལེན་ཡིན། །ས་སྟེང་སེམས་ཅན་མ་ལུས་ཟོས་གྱུར་ཀྱང་། །ངོམས་ཤིང་ཚིམ་པའི་དུས་མེད་ཆེས་ཆེར་ལྟོགས། །ཉིན་མཚན་འགའ་ཡང་བཟའ་རྒྱུ་མ་རྙེད་ན། །སྔོན་ཆད་ཏིལ་ཙམ་ཡིད་ལ་ཟོས་སྣང་མེད། །དེ་བཞིན་ཞེན་ཆགས་ཟ་འདྲེ་བྲལ་རེ་རན། །ཤ་འདིའི་རྒྱུ་ནི་ཅི་ལས་བྱུང་སྙམ་ན། །བདག་འཛིན་ཆགས་པ་ཁོ་ན་ལས་བྱུང་ངོ་། །ཡིད་ལ་དྲན་ཙམ་ངལ་དུབ་སྐྱུག་བྲོ་ཞིང་། །ཤིན་ཏུ་ཞེན་ལོག་འད་མ་རྫབ་མི་གཙང་བའི། །རྫས་ནི་སུམ་ཅུ་རྩ་དྲུག་དང་འབྲེལ་བ། །སྡུག་བསྔལ་ཀུན་གཞིའི་ཕུང་པོ་བག་ཆགས་ལུས། །ཕལ་ཆེར་དུད་འགྲོ་ལས་ངན་རེ་རེ་ཡོད། །ཤ་དེ་གང་ཟོས་ཐར་བའི་དུས་ཀྱང་མེད། །ཤ་ཆང་དངོས་པོ་མ་དག་རྫས་ཡིན་པས། །གང་སྟེར་སྦྱིན་པར་མི་འགྲོ་རྒྱལ་བས་གསུངས། །དེ་ཕྱིར་ཉོན་མོངས་ཟས་ནི་སུ་ཡིས་ཟ། །མི་ལོ་སྟོང་ཕྲག་མང་པོ་ཡི་དྭགས་ཀྱིས། །བཟའ་བཏུང་མི་མཐོང་སྡུག་བསྔལ་མྱང་དགོས་པས། །མི་ཡིས་ཆུ་འཁྱགས་བཏུང་ཡང་ལོངས་སྤྱོད་ཡིན། །ཤ་ཆང་མ་གཏོགས་བཟའ་བཏུང་དུ་མ་ཡོད། །ལོངས་སྤྱོད་དེ་ཡིས་བྱེད་པས་མ་ངོམས་ན། །དྲིན་ལན་ངན་གྱིས་འཇལ་བ་སུ་ཡོད་དམ། །བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས། །མཁའ་མཉམ་འཇིག་རྟེན་བདུན་པ་མ་ལུས་པ། །བདག་གི་ཨ་མར་མ་གྱུར་གཅིག་ཀྱང་མེད། །ནུ་འོ་འཐུང་བ་སྟོང་གསུམ་མཚོ་དང་མཉམ། །ཁ་ཞེ་མེད་དོ་མཆོག་གསུམ་དཔང་པོ་བཞག། སྔོན་ཆད་མ་རིག་བག་ཆགས་དབང་སོང་ནས། །མ་ཤ་གང་ཟོས་འགྱོད་པས་བཤགས་མ་ཤེས། །ད་ནི་སྟོབས་བཞི་ལྡན་པའི་ལྷག་བསམ་གྱིས། །མ་ཆགས་མི་ཆགས་ཆགས་པ་མེད་གསུངས་བཞིན། །ཕྱིན་ཆད་ཟ་སྣང་ཡིད་ལ་ཤར་ཙམ་མེད། །ཟོས་ན་དཀོན་མཆོག་གསུམ་གྱི་བཀའ་ཆད་འོང་། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་རྟག་ཏུ་གཟིགས། །དེ་ཕྱིར་མ་ཤ་ཟོས་ན་སྲིད་གསུམ་དུ། །ད་མ་ཉམས་ང་བས་སྡིག་ཆེན་ཡོད་མ་ཡིན། །གཞན་གནོད་ཆུང་ངུས་སྡོམ་ཉམས་རྒྱལ་བས་གསུངས། །ཤ་ཟོས་སྲོག་གཅོད་ཆ་མཐུན་སྨོས་ཅི་དགོས། །མྱ་ངན་འད་ས་མདོ་ལང་ཀར་གཤེགས་སོགས་ལས། །གང་གིས་ཤ་ཟོས་སྲོག་གཅོད་ཆ་མཐུན་པ། །ཐེག་པ་ཆེ་ཆུང་གང་ལས་བཀག་པ་དང་། །ད་གོས་སུ་བྱང་ཆུབ་སེམས་དཔའ་ལ་མ་གནང་། །བདག་ཅག་སྟོན་པ་སྲེག་པའི་ཕྲུག་གུ་དང་། །གཅན་གཟན་གྱུར་དུས་ཤ་ནི་བཀག་པ་བཞིན། །སྟོན་པའི་རྗེས་འཇུག་རྣམས་ལ་སྨོས་ཅི་དགོས། །དེ་ནི་རྒྱལ་བའི་བཀའ་དང་མཐུན་པ་བཞིན། །འཕགས་བོད་སྐྱེས་མཆོག་མང་པོས་དགག་བྱ་ཡོད། །དེ་ལྟར་ཉེས་པ་བསམ་གྱིས་མི་ཁྱབ་བོ། །སྡིག་དང་མ་འདྲེས་པ་དེ་ཡང་དག་ཆོས། །དེ་ཕྱིར་ཡང་དག་བཀའ་དང་མཐུན་པར་ཤོག །ཅེས། ཤ་ཟོས་ཉེས་དམིགས་དཔག་མེད་མཐོང་ནས་སུ། །དྲན་ཙམ་བཙན་དུག་ཟོས་བཞིན་སྙིང་གཟེར་ནས། །སྤང་ཐབས་རང་གིས་རང་ལ་གད་མས་པ་འདི། །བྲག་དཀར་ནམ་མཁའི་རྫོང་གི་དབེན་ཁྲོད་དུ། །སྤྲང་ཆེན་བདུད་འདུལ་མིང་གིས་བཀོད་པ་ཡི། །དགེ་བའི་འབྲས་བུས་སེམས་ཅན་ཐམས་ཅད་ཀྱི། །ཤ་ཟོས་ཉེས་སྒྲིབ་མ་ལུས་ཀུན་བྱང་ནས། །སངས་རྒྱས་སྟོང་གི་ཞལ་ཡང་མཐོང་བར་ཤོག །ཅེས་དང་། རྗེ་རྒོད་ཚང་སྣ་ཚོགས་རང་གྲོལ་གྱི་ཞལ་ནས། གཉིད་དུ་ཉལ་བའི་རྨི་ལམ་ཉིང་འཁྲུལ་ལ། །སྔར་ནས་ཤི་བའི་རང་གི་གྲྭ་རྒན་རིགས། །གྲོང་ཆོག་མང་དུ་འགྲོ་མཁན་འགའ་རེ་དང་། །གཉེར་བྱེད་ལས་འཛིན་ཤི་བ་འགའ་དང་བཅས། །ལྷན་ཅིག་མི་དགའ་བཞིན་དུ་དབང་མེད་ཕྱིན། །ཤ་གཟན་རུང་ཡིན་ཟེར་བའི་ལུང་པ་ནི། །རི་རོང་དོག་ཅིང་མུན་ནག་འཐིབས་པ་ན། །རབ་བྱུང་ཆ་བྱད་མདོག་ནག་བཞིན་མི་སྡུག །གོས་ཆེན་ལྗང་ནག་ལས་གྲུབ་སྣམ་སྦྱར་གྱོན། །བོངས་ཚད་ཁང་པ་ཉིས་ཐོག་ཙམ་ཡོད་པ། །འཇིགས་སུ་རུང་བ་ཞིག་གི་འཁོར་དུ་ཡང་། །བན་རྒན་ཧམ་ཁྲོག་མི་ཚད་སུམ་འགྱུར་ཙམ། །ཆོས་གོས་གྱོན་ཞིང་ཡིད་དུ་མི་འོང་བའི། །རྣམ་འགྱུར་ཅན་དང་གཞན་ཡང་མི་ནག་ནི། །པགས་གོས་གྱོན་ཞིང་འབྲོག་པའི་རིགས་འདྲ་བ། །ལག་ཏུ་ཞགས་པ་ནག་པོ་འགའ་ཞིག་ཐོགས། །དེ་འདྲའི་དཔོན་གཡོག་མང་པོས་བདག་ལ་བསྐོར། །གཙོ་བོ་དེ་ཡིས་འདི་སྐད་ཟེར་བ་ཐོས། །ཁྱོད་འདིར་དལ་བར་འདུག་པ་རྫོབས་རེ་ཆེ། །བནྡེའི་གཤེད་མར་བནྡེ་བསླེབས་ཡོད་དེ། །ལེགས་ཉེས་འབྱེད་པའི་ཁྲིམས་བདག་ང་ཡིན་ནོ། །དེང་སང་ཁྱེད་ཅག་བླ་མ་མཁན་སློབ་དང་། །དགེ་འདུན་མིང་བཏགས་ཆོས་པའི་གཟུགས་བཟུང་ནས། །ཤི་གསོན་ཀུན་གྱི་སྐྱབས་ཡུལ་བྱེད་མཁན་ཚོ། །ཕ་མར་གྱུར་པའི་སེམས་ཅན་སྲོག་བཅད་པའི། །ཤ་ལ་ལྟོ་ཡི་དྭངས་མ་བྱེད་ནུས་པ། །སྙིང་སྟོབས་འདི་འདྲ་ཆེ་ལུགས་ཨ་ལ་ལ། །གློ་བ་ཁྲག་གིས་བརྒྱངས་པའི་ཞིམ་ཟས་དང་། །མཆིན་པ་འཁྱགས་སུ་བོར་བའི་མཚར་ཟས་དང་། །གསོན་ཁྲག་ཚོད་མར་བྱས་པའི་བཞེས་སྤྲོ་སོགས། །ཁྱེད་ཅག་བཙུན་པ་རྣམས་ཀྱི་ཟ་ལུགས་ལ། །ཤ་ཁྲག་ཟས་ལ་གཅན་གཟན་བས་ཀྱང་ཧམ། །ཆང་རག་འཐུང་ལ་སྦུར་གོག་ལས་ཀྱང་སྲེད། །དཀོར་འཚོལ་བ་ལ་ཡི་དྭགས་ལས་ཀྱང་མུག། ད་དུང་དགེ་སློང་ཡིན་པར་ཁས་ལེན་ནམ། །ལྷུང་བཟེད་ཐོགས་ཤིང་ཤ་ཁྲག་ཟ་ལུགས་དང་། །ཆོས་གོས་ཤམ་ཐབས་ཆང་གིས་སྦང་ལུགས་དང་། འཚོང་ཁེ་ནོར་རྫས་བུད་མེད་འཚོལ་ལུགས་རྣམས། །དཀོན་མཆོག་གསུམ་ལ་ངོ་ཡང་མི་ཚ་འམ། །སྦྱིན་བདག་རྣམས་ཀྱི་དཀོར་ལ་ཟ་དུས་སུ། །ཤ་ཟ་ཆང་འཐུང་བྱེད་པའི་སྐྱིད་པོ་དེ། །ལས་ཀྱི་ཁྲིམས་ར་འདི་ལ་སླེབས་དུས་སུ། །སྐྱིད་སྡུག་ཅི་འདུག་ལྟོས་དང་དཀོར་གཟན་ཚོ། །མ་གི་ཤ་གཟན་ནག་པོའི་བཙོན་ཁང་ན། །ཁྱེད་རང་རྣམས་ཀྱིས་ཤ་ཡི་ཟ་ཚུལ་དང་། །བྱེད་ལུགས་མཐུན་པའི་བཀོད་པ་ཐ་དད་དུ། །ཁྱེད་རང་བཙུན་པ་ཚོ་ལ་བྱེད་ཅིང་ཡོད། །ལ་ལ་གཙབ་ཡོད་ལ་ལ་རྡུང་བཞིན་ཡོད། །ལ་ལ་བཙོ་ཞིང་ལ་ལ་འཁྱགས་ལ་བོར། །ལ་ལ་ཁྲམ་ཉག་ཚྭ་བླུགས་བསྲེགས་ཡོད་དོ། །ཁྱེད་ཀྱང་འགྲོ་རན་ད་ལྟ་དོངས་ཤིག་ཟེར། །བདག་གིས་རྨི་ལམ་ཡིན་པ་དྲན་མ་ཐུབ། །འཇིགས་ཀྱང་འཇིགས་ལ་སྐྱོ་ཡང་རབ་ཏུ་སྐྱོ། །ཞེས་གསུངས་སོ། །དེ་ལྟར་གསར་རྙིང་གི་རྒྱུད་སྡེ་དང་དགོངས་འགྲེལ་འདི་རྣམས་ནི་དགོངས་པ་མཐུན་པར་ཁ་ཟས་ཀྱི་ཆེད་དུ་བསད་པའི་ཤ་ནི་ཤ་བཟའ་འདོད་ཀྱིས་བཟའ་བར་གནང་བ་ལྟ་ཅི། ཚོགས་འཁོར་དང་རྒྱུན་གྱི་དམ་ཚིག་གི་རྫས་སུ་བྱ་བར་ཡང་མ་གནང་ངོ་། །དེས་ན་སྔགས་ལ་ཁ་གཡར་ནས་ཤ་ཆང་བག་མེད་དུ་སྤྱོད་པ་ནི་ངན་སོང་གི་རྒྱུ་ཁོ་ནའོ། །དེ་ལྟ་བས་ན་ཤ་ཁྲག་གི་རོ་ལ་སྲེད་པས་ཤའི་ཁ་ཟས་བག་མེད་དུ་བསྟེན་པ་འདི་ནིརང་གཞན་གཉིས་ཀ་ལ་གནོད་ཚབས་ཤིན་ཏུ་ཆེ་བ་ཞིག་སྟེ། དེ་ཡང་འདི་ལྟར་གལ་ཏེ་སྐྱེ་བ་ཕྱི་མར་དུད་འགྲོ་ལྟ་བུའི་རིགས་སུ་སྐྱེས་ན་སྔར་ཤ་ཟོས་ཟོས་པའི་བག་ཆགས་ཀྱིས་ཤ་ཁྲག་ལ་ཁ་ཟས་སུ་བྱེད་པའི་རིགས་སུ་སྐྱེ་བར་གོར་མ་ཆག་སྟེ། སྟོན་པས་གསུངས་པ་ལ་ནམ་ཡང་བསླུ་བ་མེད་པའི་ཕྱིར་དང་། བྱེད་པ་རྒྱུ་མཐུན་ཀྱི་འབྲས་བུ་འདི་ཤིན་ཏུ་སྟོབས་དང་ལྡན་པ་ཞིག་ཡིན་པའི་ཕྱིར་རོ། །དེ་འདྲའི་གདུག་པའི་སེམས་ཅན་དུ་གྱུར་པ་ན་བླང་དོར་གྱི་གནས་ནི་མི་ཤེས། སྔོན་གོམས་པའི་བག་ཆགས་ནི་མཐུ་བརྟས་པས་སེམས་ཅན་བགྲང་གིས་མི་ལང་པ་ཞིག་བསད་དེ་རང་ཉིད་འོག་ནས་འོག་ཏུ་ངན་སོང་གི་གཏིང་ནས་ནམ་ཡང་མི་ཐར་པ་ཞིག་ངེས་པར་འབྱུང་སྟེ། གདུག་པའི་སེམས་ཅན་རྣམས་སྐྱེས་པའི་དེ་མ་ཐག་པ་ནས་སྲོག་ཆགས་རྣམས་ཁ་ཟས་སུ་བྱེད་པ་མངོན་སུམ་ཡིན་ལ། སེམས་ཅན་འགའ་རེས་ཞག་རེ་ལ་སྲོག་ཆགས་ཁྲི་ཕྲག་མང་པོ་བཟའ་བའང་ཡོད། ད་ལྟ་མི་ཡུལ་ན་དཀར་གསུམ་མངར་གསུམ་གྱི་ཟས་རོ་བཅུད་ཕུན་སུམ་ཚོགས་པ་འདི་ཙམ་ཞིག་ཡོད་བཞིན་དུ་བླང་དོར་མི་བྱེད་ན་དེ་ཚེ་ཅི་བྱར་ཡོད། དེས་ན་འབྲས་བུ་འདི་ནི་ཤིན་ཏུའང་འཇིགས་སུ་རུང་བ་ཞིག་གོ། དེ་ལྟ་ན་སྦྱོར་ལམ་བཟོད་པ་ཐོབ་པ་དག་ངན་སོང་དུ་འགྲོ་མི་དགོས་པ་མ་གཏོགས་སོ་སྐྱེ་ཕལ་བ་རྣམས་ནི་ཤ་བཟའ་བ་འདི་ཉེན་ཚབས་ཤིན་ཏུ་ཆེ་བ་ཞིག་ཏུ་འདུག་སྙམ་དུ་སེམས་སོ། །ཁྱད་པར་དུ་རང་རེའི་ཡུལ་དུ་དགོན་པ་འགའ་རེས་དགེ་འདུན་གྱི་འཚོ་བའི་ཕྱིར་དུ་སེམས་ཅན་མང་པོ་ཆེད་དུ་གསོད་དེ། ཚུལ་འདི་ནི་སོར་བྱང་སྔགས་གསུམ་གྱི་ཉམས་ལེན་མཐའ་དག་གི་རྩ་བ་དང་འགལ་ཞིང་། བསྟན་པ་ལ་རྨ་འབྱིན་པའི་སྤྱོད་ངན་ཡ་ང་བ་ཞིག་སྟེ། འདི་འདྲའི་སྤྱོད་ངན་དག་ལ་བརྟེན་ནས་གསང་སྔགས་ལ་ལོག་པར་ལྟ་བ་དང་ཁ་ཟེར་བ་སྔར་ཡང་མང་དུ་བྱུང་ལ་ད་ལྟའང་ཤིན་ཏུ་མང་པོ་འདུག་གོ། དེའི་ཕྱིར་སྐྱེ་བོ་མང་པོས་ཆོས་སྤང་གི་ལས་ངན་བསགས་ནས་ངན་སོང་དུ་འགྲོ་བའི་སྡིག་རྐྱེན་དུ་འགྱུར། དེས་ན་བྱ་བ་ངན་པ་འདི་ལྟ་བུ་ནི་རང་གཞན་ཐམས་ཅད་ཕུང་དུ་འཇུག་པ་ཡིན་པས་ན་ཆོས་པ་ཡིན་པར་རློམ་པ་དག་གིས་ངེས་པར་དུ་སྤང་བར་བྱ་དགོས་པ་ཡིན་ཏེ། ཤཱཀྱའི་རྗེས་འཇུག་ཏུ་ཁས་འཆེས་ནས་རང་དབང་རང་ལ་ཡོད་བཞིན་དུ་བསམ་བཞིན་སེམས་ཅན་གྱི་སྲོག་ལ་འཚེ་བ་ལས་ལྷག་པའི་སྐྱོན་ཆེ་བ་ཅི་ཞིག་ཡོད་དེ། ཐེག་ཆེན་ཆོས་ཀྱི་རྩ་བ་བྱམས་དང་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མི་མངའ་བའི་འབྲས་རྟགས་སམ་ཡང་ན་འཚེ་བ་ཆོས་སུ་སྨྲ་བའི་རྟུལ་ཞུགས་སྐྱོང་བ་སྟེ། ཆེས་ཡི་མུག་པའི་གནས་སོ། །ད་ལྟ་འཛམ་བུ་གླིང་འདིར་དམྱལ་བ་ས་ཁར་ཐོན་པ་ལྟ་བུའི་བཤས་རྭ་སྣ་ཚོགས་ན་ཉི་མ་རེ་རེ་ཞིང་ཉེས་མེད་ཀྱི་སེམས་ཅན་བགྲང་གིས་མི་ལང་བ་ཞིག་གིས་སྡུག་བསྔལ་བཟོད་གླགས་མེད་པ་དག་མྱངས་ནས་སྲོག་སྐྱེལ་དགོས་པ་འདི་གཞན་གང་གི་ཕྱིར་དུའང་མ་ཡིན་གྱི། རང་རེ་ཤ་ཟ་བ་པོ་རྣམས་ཀྱི་ཆེད་ཁོ་ན་ཡིན་ལ། རང་ཅག་གིས་ཤན་པ་རྣམས་ལ་ཤའི་རིན་མང་པོ་གཞལ་བ་དེའང་དོན་གྱིས་སེམས་ཅན་དེ་རྣམས་ཀྱིས་སྡུག་བསྔལ་དྲག་པོ་དེ་ཉིད་མྱང་བའི་ཆེད་དུ་བྱིན་པ་ཡིན་ཏེ། སྡུག་བསྔལ་དེ་འདྲ་བ་མྱང་དུ་འཇུག་པ་དེ་ནི་འདི་འདྲ་བའི་རིན་འཐོབ་པའི་ཕྱིར་ཡིན་གྱི། ཤན་པ་དང་སེམས་ཅན་དེ་རྣམས་ཀྱི་བར་ན་འཁོན་ཡོད་པའམ་སེམས་ཅན་དེ་རྣམས་ཀྱིས་ཁྲིམས་འགལ་གྱི་ཉེས་པ་བྱས་པས་མ་ཡིན་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་གསོད་པ་པོ་དང་ཤ་བཟའ་བ་པོ་གཉིས་ཆར་ལའང་ཉེས་པ་ཡོད་པར་གསུངས་པ་ཡིན་ཏེ། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས། རྫས་འཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པོ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚེད། །རྫས་ཀྱི་དོན་དུ་སེམས་ཅན་གསོད། །རྫས་སྟེར་མེད་ན་སུས་ཀྱང་མིན། །བྱ་དང་བྱེད་པོ་ཡང་དག་འབྲེལ། །རྟག་ཏུ་སྲོག་ཆགས་གསོད་པ་པོ། །གང་ཚེ་རྫས་ཀྱི་ཉ་ཉོས་པས། །ཁྱིམ་གནས་རྣམས་ལ་སྡིག་མེད་ན། །དེ་བཞིན་གཟུགས་སྐུ་ལ་སོགས་པ། །བྱས་པ་འང་ཇི་ལྟར་བསོད་ནམས་འགྱུར། །མཆོད་རྟེན་བརྩིགས་མཁན་གྱིས་བྱས་དང་། །ཉ་ནི་ཉ་བས་བསད་པ་སྟེ། །མཆོད་རྟེན་ཕྱག་བྱེད་བྱེད་པོ་མིན། །ཉ་ཟོས་གསོད་པ་པོ་ལ་མིན། །གང་ཚེ་ཉ་དེ་ཟོས་པ་ཡི། །སྡིག་པ་ཟ་བ་པོར་མེད་ན། །དེ་ཚེ་མཆོད་རྟེན་མཆོད་པ་ཡི། །བསོད་ནམས་མཆོད་བྱེད་པོ་ལ་མེད། །གསོད་པ་པོ་དང་ཟ་བ་པོ། །གཉིས་པོ་དག་ཀྱང་སོ་སོ་སྟེ། །གསོད་པ་པོ་ནི་ནོར་ལ་སྲེད། །ཟ་བ་པོ་ནི་ཟས་ཀྱི་དོན། །གསོད་པོ་ནོར་ལ་སྲེད་པ་དག  །བསྐལ་པ་འབུམ་དུ་འཚེད་པ་འོ། །ཟ་བོ་ཤ་ལ་སྲེད་པ་དག  །བསྐལ་པ་བྱེ་བར་འཚེད་པ་འོ། །ཉན་ཐོས་ཀྱིས་ནི་ཆེད་དག་ཏུ། །ཉ་བས་ཉ་ནི་བསད་པ་དང་། །བྲམ་ཟེ་ཡི་ནི་ཆེད་དག་ཏུ། །ཆང་མས་ཆང་ནི་བྱས་པ་དང་། །ཁ་ན་མ་ཐོ་མེད་གཞན་མིན། །ཤ་ཟ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་ནས་ངུ་འབོད་འགྲོ་བའོ། །ཞེས་གསུངས་པ་དང་། །ལང་གཤེགས་ལས། གཞན་ཡང་བློ་གྲོས་ཆེན་པོ། དེ་ལ་སྲོག་གཅོད་པ་དག་ནི་ཁེ་འདོད་པའི་ཕྱིར་སྲོག་བཅད་ནས་འཚོང་བར་བྱེད་དོ། །གང་བླུན་པོ་ཤ་ཟ་བ་དེ་དག་ནི་རིན་གྱིས་ཤ་རྣམས་ཉོ་བར་བྱེད་དོ། །ཞེས་པ་ལ་སོགས་པ་གོང་དུ་དྲངས་པ་ལྟར་ཡིན་པའི་ཕྱིར་རོ། །དེ་ལྟར་རང་ཅག་གིས་རིན་བྱིན་ནས་སེམས་ཅན་མང་པོ་གསོད་དུ་བཅུག་སྟེ་ཤ་ཟོས་པའི་དགོས་པ་ནི་ལྕེའི་དབང་པོ་ལ་བྲོ་བ་ཅུང་ཟད་ཙམ་བསྐྱེད་པ་དེར་ཟད་ན། ད་གོས་པ་དེ་ནི་མི་ཡུལ་གྱི་ཟས་གཞན་པ་མང་པོ་དག་གིས་ཀྱང་ངེས་པར་འགྲུབ་པས་ཤ་མ་ཟོས་ཐབས་མེད་ཅི་ཡང་མི་འདུག་མོད། མནོག་ཆུང་གི་དོན་དུ་རང་གཞན་གཉིས་ཀ་ཕུང་བར་བྱེད་པ་འདི་རང་རེ་སོ་སྐྱེ་ཐ་མལ་པ་རྣམས་ཀྱི་ཐོག་མེད་ནས་གོམས་པའི་རང་གཤིས་ཡིན་ནོ། །ཁྱད་པར་དེང་དུས་སྐྱེ་བོ་དག་ལས་འབྲས་ལ་ཡིད་ཆེས་དང་སེམས་ཅན་ལ་སྙིང་བརྩེ་བ་ནི་ཅུང་ཟད་ཀྱང་མེད། འདོད་སྲེད་གཏི་མུག་གིས་ནི་སེམས་རབ་ཏུ་དབྱེན་སྤྱོས་པས་མིག་གིས་མཐོང་ཚད་ཀྱི་དུད་འགྲོ་རྣམས་ཀྱི་ཁྲོད་ན་མི་གསོད་རྒྱུ་དང་མི་བཟའ་རྒྱུ་ཤིན་ཏུ་ཉུང་བར་མ་ཟད་སྲོག་ཆགས་དག་གི་རོ་སྟོད་གསོན་པོར་གནས་བཞིན་དུ་རོ་སྨད་ཚོས་པར་བྱས་ཏེ་བཟའ་བ་སོགས་བློ་ཡུལ་ལས་འདས་པའི་གདོལ་སྤྱོད་སྣ་ཚོགས་བྱེད། མི་རྣམས་ཀྱིས་སྲོག་ཆགས་གཞན་དག་ལ་འབྲུ་དང་ཚོད་མ་སོགས་བཟའ་བཅའ་ཙམ་གྱི་འདུ་ཤེས་ལས་ཅི་ཡང་མེད་དེ། བཟའ་བའི་ཆེད་དུ་སྐྱེད་པར་བྱེད་ཅིང་བཟའ་བའི་ཆེད་དུ་གསོད་པར་བྱེད་། སེམས་ཅན་ཉམ་ཆུང་དེ་རྣམས་ལ་རང་དབང་གི་འཚོ་བ་ཅུང་ཟད་ཀྱང་མེད་པར་གཞན་གྱི་ཁ་ཟས་ཀྱི་ཕྱིར་དུ་སྐྱེ་དགོས་ཤིང་། ཁ་ཟས་ཀྱི་ཕྱིར་དུ་འཚོ་དགོས། ཁ་ཟས་ཀྱི་ཕྱིར་དུ་འཆི་བར་ཡང་བྱ་དགོས་པ་ཡིན་ནོ། །འཚོ་ཚུལ་དང་འཆི་ཚུལ་ནི་ཤིན་ཏུ་ཡ་ང་ཞིང་ཡི་མུག་པ་ཁོ་ན་ཡིན་ཏེ། དེ་ཐམས་ཅད་ཀྱི་རྩ་བ་ནི་མི་རྣམས་ཀྱིས་ཤའི་ཁ་ཟས་བསྟེན་པ་འབའ་ཞིག་ལ་ཐུག་པར་ཤེས་པར་བྱ་ལ། མི་དེ་རྣམས་ཀྱི་ཁྲོད་དུ་རང་ཡང་ཡོད་པ་འདི་གོ་དགོས་སོ། །ཤའི་ཁ་ཟས་སྤངས་པ་དག་ལ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཤའི་ཆེད་དུ་བསད་ཀྱང་ཤའི་བགོ་སྐལ་ཡང་མེད་ལ་སྡིག་པའི་སྐལ་བའང་མེད་དོ། །དེང་སང་སྐྱེལ་འདྲེན་གྱི་མཐུན་རྐྱེན་དར་རྒྱས་སུ་ཕྱིན་པའི་དབང་གིས་འཛམ་གླིང་གི་ཟས་རིགས་རྣམས་ཕན་ཚུན་ཉོ་ཚོང་གིས་ཁྱེར་ཏེ་གང་སར་ཁྱབ་པས་ཤའི་ཁ་ཟས་རྣམ་གྲངས་སྣ་ཚོགས་པ་དང་བྱ་སྒོང་སོགས་ཀྱི་བཟའ་བཅའ་ཡུལ་གཞན་ནས་བྱུང་བ་རྣམས་དབྱིབས་དང་ཁ་དོག་དང་སྣོད་ཀྱི་བཟོ་བཀོད་མཛེས་པར་སྣང་བ་དུ་མ་འདུག་མོད། འདི་དག་ཐམས་ཅད་ཀྱང་བ་ལང་དང་ཕག་དང་བྱ་སོགས་སེམས་ཅན་རྣམས་ལ་ཤིན་ཏུ་མི་འོས་པའི་མནར་གཅོད་དཔེ་མེད་པ་བྱས་ནས་ཁྲག་དང་མཆི་མའི་རྒྱ་མཚོ་བསྐྱིལ་ཏེ་བཟོས་པ་འབའ་ཞིག་ཡིན་པས་ཅི་མི་སྙམ་དུ་རང་དགར་ལོངས་སྤྱོད་པའི་གནས་ནི་གཏན་མ་ཡིན་ནོ། །སྨྲས་པ། སྣ་ཚོགས་འབྱོར་པའི་ལོངས་སྤྱོད་རབ་རྒྱས་ཉམས་དགའ་མི་ཡི་འཇིག་རྟེན་ནས། །དཀར་གསུམ་མངར་གསུམ་གཙང་མའི་ཁ་ཟས་སྟོན་པས་བསྔགས་པ་རྣམ་སྤངས་ཏེ། །ཀླ་ཀློ་སྡིག་པའི་ཁ་ཆུས་རབ་སྦགས་ཤ་ཁྲག་དྲོན་མོར་རྔམ་པའི་འབྲས། །ཤ་གཟན་གདུག་པའི་གཅན་གཟན་ཡིན་ཞེས་སྟོན་པས་གསུངས་ན་ཅིས་མི་འཇིགས། །
དེ་ཕྱིར་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །
གཞན་ལ་འཚེ་བའི་འཚོ་བ་ཡོངས་སྤངས་ཤིང་། །
བྱང་སེམས་བདུད་རྩིའི་རྒྱུན་གྱིས་རྒྱུད་བརླན་ཏེ། །
དུས་ཀུན་འགྲོ་བའི་དོན་ལ་གཞོལ་བར་ཤོག །
 
ཅི་སྟེ་ལས་དང་ཉོན་མོངས་ཤུགས་ཀྱིས་གདུག་འགྲོའི་ཁྲོད་དུ་ཁྱེར་ན་ཡང་། །
སྟོན་པའི་བཀའ་ལུང་ཕྱག་རྒྱའི་རེ་ཁཱ་སེམས་ལ་བཏབ་པ་མངོན་སད་དེ། །
ཤ་ཁྲག་སྤྱོད་ཕྱིར་འགྲོ་ལ་འཚེ་བའི་གདུག་པའི་བསམ་སྤྱོད་རབ་བཏང་ནས། །
སྙིང་རྗེའི་དབང་གིས་སྲོག་གི་འདུ་བྱེད་ཕངས་པ་མེད་པར་འདོར་གྱུར་ཅིག །
 
ལས་སྣང་དུས་རླབས་མཁའ་ལ་འཕྱོ་བ་སྲིད་པའི་རྒྱ་མཚོ་ཡ་ང་བར། །
དཀར་ནག་ལས་འབྲས་དྲི་ཡི་ཤིང་རྟས་ཇི་སྲིད་བསྐྱོད་པ་དེ་སྲིད་དུ། །
སྐྱེ་བོ་རྣམས་ཀྱི་ལུས་དང་སྲོག་ལ་གནོད་མེད་ཞི་བའི་སེམས་ལྡན་ཞིང་། །
མགོན་མེད་འགྲོ་བའི་མགོན་དུ་འགྱུར་བའི་ཡིད་ལ་སྨོན་པ་འགྲུབ་གྱུར་ཅིག །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།