ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་ཀྱི་བསྡུས་དོན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-29 09:14:00 ཀློག་གྲངས།:

  དེ་ལ་འདིར་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་ཞེས་བྱ་བ་ནི་ཕྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ་ནས་ནུབ་ཕྱོགས་ཀྱི་དེང་རབས་མཚན་ཉིད་རིག་པར་འཕེལ་བའི་བྱུང་བ་བརྗོད་པ་ལ་བསྟན་ཅིང་།  དེ་ལ་དུས་ཀྱི་རིམ་པ་བཞི་རུ་དབྱེ་རིགས་ཏེ།  དང་བོ་ནི།  ཕྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ནས་ཕྱི་ལོ་དུས་རབས་ལྔ་བའི་དབར་ཡིན་ལ།  དེར་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ་ཞེས་སུ་འབོད་དོ། །  གཉིས་པ་ནི།  ཕྱི་ལོ་དུས་རབས་ལྔ་བ་ནས་དུས་རབས་བཅོ་ལྔ་བའི་དབར་ཡིན་ལ།  དེར་དུས་རབས་བར་མའི་མཚན་ཉིད་རིག་པ་ཞེས་སུ་འབོད་དོ། །  གསུམ་པ་ནི།  ཕྱི་ལོ་དུས་རབས་བཅོ་ལྔ་བའི་དུས་དཀྱིལ་ནས་དུས་རབས་བཅུ་དགུ་བའི་ལོ་རབས་བཞི་བཅུ་བའི་དབར་ཡིན་ལ།  དེར་ཉེ་རབས་ཀྱི་མཚན་ཉིད་རིག་པ་ཞེས་སུ་འབོད་དོ། །  བཞི་བ་ནི།  ཕྱི་ལོ་དུས་རབས་བཅུ་དགུ་བའི་ལོ་རབས་བཞི་བཅུ་བའི་ཚུན་ཆད་དུ་བྱུང་བ་ལ་བསྟན་ཅིང་།  དེར་དེང་རབས་ཀྱི་མཚན་ཉིད་རིག་པ་ཞེས་སུ་འབོད་དོ། །  དེ་ལ་ཡང་དེང་རབས་ཀྱི་མཚན་ཉིད་རིག་པའི་དབྱེ་མཚམས་གཅོད་ལུགས་ལ་རིག་གཞུང་བའི་སྡེར་བཞེད་པ་སྣ་ཚོགས་སུ་སྣང་ཞིང་།  ཁ་ཅིག་གིས་དུས་རབས་བཅུ་དགུ་བའི་དུས་མཇུག་དང་།  ཁ་ཅིག་གིས་འཛམ་གླིང་འཁྲུག་ཆེན་དང་བོ་དང་ཨུ་རུ་སུའི་ཟླ་བཅུ་བའི་གསར་བརྗེ་ཡི་རྗེས་དང་།  ཁ་ཅིག་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་མཚམས་གཅོད་པ་སོགས་སུའང་བཤད་དོ། ། 


  གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ། 
  དེ་ནི་ཕྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ནས་ཕྱི་ལོ་དུས་རབས་ལྔ་བར་གྷི་རི་སིའི་རང་ཡུལ་དང་།  ས་དབུས་རྒྱ་མཚོའི་འགྲམ་རྒྱུད།  ཁྱད་པར་དུ་གླིང་ཆེན་ཨེ་ཤ་ཡ་ཆུང་ངུའི་ནུབ་ཕྱོགས་དང་།  ཨི་ཐ་ལིའི་ལྷོ་ཕྱོགས་སུ་བྱུང་བའི་མཚན་ཉིད་རིག་པའི་གྲུབ་མཐའ་ལ་བསྟན་པ་དང་།  སྐབས་དེའི་མཚན་ཉིད་རིག་པ་དང་།  ཚན་རིག  ཆོས་ལུགས།  ལྷ་རིག  སྒྱུ་རྩལ་བཅས་ནི་དབྱེར་མེད་གཅིག་ཏུ་ངེས་སོ། །  དེ་ལ་ཡང་མཚན་ཉིད་རིག་པ་མཁན་དག་གིས་རང་འདོད་དུ་འཇིག་རྟེན་གྱི་རང་བཞིན་དང་འཚོ་བའི་དམིགས་ཡུལ་ལ་རྟོག་ཅིང་དཔྱོད་པ ་ལས་སྔར་ལུགས་སུ་བྱས་པའི་ལྟ་བ་ཁུངས་མ་ཅི་རིགས་ཀྱིས་མ་བཅིངས་པའོ། །  དུས་ཕྱིས་ཀྱི་ནུབ་ཕྱོགས་ཀྱི་དངོས་གཙོ་རིང་ལུགས་དང་སེམས་གཙོ་རིང་ལུགས།  རྩོད་སྒྲུབ་རིག་པ་དང་གཟུགས་འདས་རིག་པའི་ལྟ་གྲུབ་སྣ་ཚོགས་ནི་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པའི་ལྟ ་གྲུབ་ལས་བྱུང་ཞིང་འཕེལ་བར་ངེས་སོ། ། 


  དུས་རབས་བར་མའི་མཚན་ཉིད་རིག་པ། 
  དེ་ནི་ཡོ་རོབ་གླིང་གི་ཕྱི་ལོ་དུས་རབས་ལྔ་བ་ནས་དུས་རབས་བཅོ་ལྔ་བའི་ཡེ་ཤུའི་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་གཙོར་བྱས་པའི་མཚན་ཉིད་རིག་པ་ལ་བསྟན་པའོ། །  དེ་ཡང་ཆོས་དཔོན་མཚན་ཉིད་རིག་པ་དང་ཆོས་གྲྭའི་མཚན་ཉིད་རིག་པའི་དུས་སྐབས་ཀྱི་ལྷ་དཔྱད ་རིག་པ་མཁན་དང་མཚན་ཉིད་རིག་པ་མཁན་དག་གིས་འཇིག་རྟེན་བྱེད་པོ་གྷོད་ཡོད་པར་སྒྲུབ་པ་རང་གི་འགན་དུ་བྱེད་དོ། ། དཔེར་ན། མཚན་ཉིད་རིག་པ་མཁན་དག་གིས་དུས་རྒྱུན      ་དུ།  ཁབ་རྩེ་གཅིག་ཏུ་ལྷའི་ཕོ་ཉ་ཅི་ཙམ་སྡོད་ཐུབ་བམ།  གཡའ་ཏང་བསྐྲུན་དུས་ལོ་དུ་དང་རིང་ཚད་ག་ཚོད་ཡོད་དམ། འཇིག་རྟེན་བྱེད་པོས་འདམ་གྱིས་བྱས་པའི་འགྲོ་བ་མིའི་ཕ་མེས་ལ་ལྟེ་ཁུང་ཡོད་དམ།  ལྟ་བུས་མཚོན་པའི་དོན་དེ་རིགས་ལ་བགྲོ་བར་བྱེད་དོ། །  དུས་རབས་བར་མའི་དུས་མཇུག་ཏུ་ཡེ་ཤུའི་ཆོས་ཚོགས་ཉམས་དམས་སུ་ཕྱིན་པ་དང་བསྟུན་ནས་ཆོས་་་གྲྭའི་མཚན་ཉིད་རིག་པའང་རིམ་གྱིས་ཉམས་རྒུད་དུ་གྱུར་ལ། དེས་དུས་རབས་བཅུ་བཞི་བའི་དུས་སྨད་ཀྱི་ཕྱིས་སུ་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་མི་གཙོའི་རིང་ལུགས་ཀྱི་བསམ ་བློའི་རླབས་རྒྱུན་གསར་དུ་དར་བ་ལ་བསམ་བློའི་ཉེར་བསྡོགས་བརྩམས་སོ། ། 


  ཉེ་རབས་ཀྱི་མཚན་ཉིད་རིག་པ། 
  དེ་ནི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ནས་མ་རྩ་རིང་ལུགས་སུ་བརྒལ་བའི་དུས་དང་རང་དབང་མ་རྩ་རིང་ལུགས་དུས་སྐབས་ཀྱི་མཚན་ཉིད་རིག་པ་ལ་བསྟན་ཅིང་།  དེ་ལ་ དུས་ཀྱི་རིམ་པ་གསུམ་དུ་དབྱེ་རིགས་ཏེ།  དང་བོ་ནི།  ཕྱི་ལོ་དུས་རབས་བཅོ་ལྔ་བ་ནས་དུས་རབས་བཅུ་དྲུག་པའི་དུས་རབས་བར་མ་ནས་ཉེ་རབས་སུ་བརྒལ་བའི་དུས་ཡིན་ལ།  དེར་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་མཚན་ཉིད་རིག་པར་འབོད་དོ།།  གཉིས་པ་ནི།  ཕྱི་ལོ་དུས་རབས་བཅུ་བདུན་པ་ནས་དུས་རབས་བཅོ་བརྒྱད་པའི་དུས་མཇུག་གི་ཉེ་རབས་མཚན་ཉིད་རིག་པའི་དུས་རིམ་བར་མ་ཡིན་ལ།  དེར་ཉེ་རབས་ཀྱི་དུས་རིམ་བར་མའི་མཚན་ཉིད་རིག་པར་འབོད་དོ། །  གསུམ་པ་ནི།  ཕྱི་ལོ་དུས་རབས་བཅོ་བརྒྱད་པའི་དུས་མཇུག་གི་ཁན་ཐིའི་མཚན་ཉིད་རིག་པ་ནས་ཉེ་རབས་མཚན་ཉིད་རིག་པའི་དུས་མཇུག་ཏུ་ཞུགས་ལ།  དེར་འཇར་མན་གྱི་གནའ་གཞུང་མཚན་ཉིད་རིག་པར་འབོད་དོ། ། 
 

  དེང་རབས་ཀྱི་མཚན་ཉིད་རིག་པ། 
  དེ་ནི་ཕྱི་ལོ་དུས་རབས་བཅུ་དགུ་བའི་ལོ་རབས་བཞི་བཅུ་བའི་ཚུན་ཆད་དུ་དར་བའི་ཨུ་རུ་སུའི་གསར་བརྗེ་དམངས་གཙོ་རིང་ལུགས་པའི་མཚན་ཉིད་རིག་པ་དང་།  མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ།  དངོས་དཔང་རིང་ལུགས།  འདོད་བློ་ཁོ་ན་སྨྲ་བ།  གཞི་གྲུབ་རིང་ལུགས།  སྒྲིག་གཞི་རིང་ལུགས་ལ་སོགས་པའི་མཚན་ཉིད་རིག་པའི་གྲུབ་མཐའ་དག ་གི་སྤྱི་མིང་ངོ་། །  དེ་ཡང་དུས་རབས་བཅུ་དགུ་བའི་ལོ་རབས་བཞི་བཅུ་བར་སླེབས་པ་ན་ཧེ་ཀེལ་གྱི་གྲུབ་མཐའ་འཐོར་ཅིང་། འཇར་མན་གྱི་གནའ་གཞུང་མཚན་ཉིད་རིག་པའི་སྔར་གྱི་གཟི་མདངས་ཉམས་ཀྱང་ཕྱིས་ཀྱི་མཚན་ཉིད་རིག་པ་མཁན་དག་གིས་འཛིན་པ་དང་སྤྱོད་པ་དང་བཅོས་པ་དང་སྤེལ་བ་བཅས་ཀྱི་ལས་སུ་འཇུག་གིན་མཆིས་སོ། ། 
  ཞེས་ཕྱི་ལོ2014པའི་ཟླ10ཚེས28ཉིན་མཁས་དབང་ཀྲང་ཧྲི་ཡུན(张世英)གྱིས་མཛད་པའི་ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས(《西方哲学史》:图文版/张世英著-北京:中国大百科全书出版社,2014.1)ཞེས་པ་ལས་བསྒྱུར་ཅིང་ལེགས་པར་གོ་སྒྲིག་པའོ། ། 
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།